ཝང་ཞའོ་ཧུའེ་ལིའང་ཧྲན་ཁུལ་ཏུ་ཕེབས་ཏེ་རྟོག་ཞིབ་གནང་བར་མ་ཟད་ལས་ཀའི་བཞུགས་མོལ་ཚོགས་འདུ་འཚོགས་ནས།

རྣམ་དཀར་ལྷ་མོས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


རྒྱུན་མཐུད་ངང་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་གྲོང་གསེབ་ཁྱོན་ཡོངས་ནས་ དར་རྒྱས་གཏོང་བར་སྐུལ་འདེད་ནན་མོ་བྱས་ཏེེ། དབུལ་གྲོལ་གྲུབ་འབྲས་སྔར་ལས་སྲ་བརྟན་དང་གྲོང་གསེབ་དར་ རྒྱས་སྔར་ལས་མཛེས་པ། མང་ཚོགས་འཚོ་བ་སྔར་ལས་བདེ་སྐྱིད་ཡོང་བར་བྱེད་དགོས་ཞེས་ནན་གསུང་གནང་།

སྤྱི་ཟླ་4པའི་ཚེས་26ཉིན་ནས་ཚེས་27ཉིན་བར། སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་ཞའོ་ཧུའེ་ལིའང་ཧྲན་ཁུལ་དུ་ཕེབས་ནས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་བསྐྱེད་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བ་སོགས་ཀྱི་ལས་ཀར་རྟོག་ཞིབ་གནང་། འདི་ནི་ཁོང་གིས་སི་ཁྲོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའི་འགན་བཞེས་རྗེས། གྲོང་ཁྱེར་དང་ཁུལ་ལ་རྟོག་ཞིབ་ཏུ་ཕེབས་པའི་ས་ཚིགས་ཐོག་མ་ཡིན།

ཟླ་བ་4པའི་ལིའང་ཧྲན་ཆེན་མོ་རུ། རྩི་ཤིང་གཡུ་ལོ་རྒྱས་ཤིང་སྐྱེས་སྟོབས་ཀྱི་གསོན་ཤུགས་འབར་བ་རེད། ཝང་ཞའོ་ཧུའེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་2018ལོའི་དཔྱིད་གསར་སྔོན་དུ་ལིའང་ཧྲན་དབྱིས་རིགས་ས་ཁུལ་དུ་རྟོག་ཞིབ་གནང་སར་ཕེབས་པའི་ཞབས་རྗེས་འགྲིམས་ནས། ཀྲའོ་ཅོ་རྫོང་ཆུ་གསུམ་མདོ་ཡུལ་ཤོག་ཆུ་གསུམ་ཡུལ་ཚོ་དང་། བཅིངས་འགྲོལ་ཡུལ་ཤོག་ཧའོ་ཕུའུ་གྲོང་སྡེར་ཟབ་ཞུགས་བྱས་ནས། དབུལ་གྲོལ་སྔོན་གྱི་གྲོང་སྡེའི་གནས་རྙིང་ནས་དབུལ་གྲོལ་རྗེས་ཀྱི་གྲོང་གསར་འདུས་སྡོད་ཁུལ་དུ་ ཡུལ་དངོས་ནས་ཁུལ་དང་རྫོང་གི་རིམ་པ་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་སྙིང་དོན་ལག་བསྟར་བྱེད་པའི་གནས་ཚུལ་ལ་རྒྱུས་ལོན་གནང། ཝང་ཞའོ་ཧུའེ་ཡིས། དབུལ་གྲོལ་འགག་སྒྲོལ་ནི་ང་ཚོའི་ཏང་གིས་ཐོག་མའི་དམ་བཅའ་དང་འགན་འཁྲི་ལག་ལེན་བསྟར་བའི་རླབས་ཆེན་ལག་ལེན་ཞིག་ཡིན་པར་མ་ཟད། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རླབས་ཆེ་བའི་དབུལ་གྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། མུ་མཐུད་དུ་འབད་བརྩོན་བྱས་ནས། མི་དམངས་མང་ཚོགས་ཀྱིས་བདེ་སྐྱིད་འཚོ་བར་བཅངས་པའི་རེ་བ་བསྐོང་དགོས་ཞེས་གསུངས།

རྟོག་ཞིབ་བྱས་རིང། ཝང་ཞའོ་ཧུའེ་ད་དུང་ཞི་ཁྲང་གྲོང་ཁྱེར་ཆུང་ཧེ་བརླན་ས་དང་དེང་རབས་ཞིང་ལས་རྒུན་འབྲུམ་ར་བ། ལུའུ་ཧྲན་ཧྥེང་ཞྭ་ཁུའུ་ཡི་ལ་མགོ་སོགས་ལ་ཕེབས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ཨན་ཉིང་གྲོག་རོང་གི་དེང་རབས་ཞིང་ལས་འཕེལ་རྒྱས། མེ་འགོག་མེ་གསོད་སྒྲིག་ཆས་འཛུགས་སྐྲུན་སོགས་ཀྱི་ལས་ཀར་རྒྱུས་ལོན་གནང་།

སྤྱི་ཚེས་27ཉིན་གྱི་ཕྱི་དྲོར། ཝང་ཞའོ་ཧུའེ་ཡིས་ཞི་ཁྲང་དུ་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་ནས། ལིའང་ཧྲན་གྱི་ཁུལ་དང་རྫོང་གི་རིམ་པ་ཁག་གིས་ལོ་འདི་དག་རིང་གི་ལས་ཀར་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་བཟང་པོ་གནང་། ཁོང་གིས་ལིའང་ཧྲན་དབྱིས་རིགས་ས་ཁུལ་གྱི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པས། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བའི་ལས་འགན་ཧ་ཅང་དཀའ་ཚེགས་ཆེ། སྔར་ཡོད་ཀྱི་རྨང་གཞིའི་ཐོག་སྙིང་སྟོབས་ཆེར་སྐྱེད་དང་དོན་དངོས་སྒྲུབ་བཞིན་དུས་རབས་དང་མི་དམངས། ལོ་རྒྱུས་བཅས་ལ་ངོ་གནོང་མི་དགོས་པའི་བྱས་རྗེས་གསར་པ་འཇོག་དགོས་ཞེས་གསུངས།

ཝང་ཞའོ་ཧུའེ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པར་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། རླབས་ཆེ་བའི་དབུལ་གྲོལ་འགག་སྒྲོལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། གནད་དོན་ཁྲིད་ཕྱོགས་དང་དམིགས་འབེན་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱེད་པ། མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་གཏོང་བ་དང་། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་གཏོང་བར་བརྟེན་ནས། དབུལ་གྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྔར་བས་སྲ་ཞིང་བརྟན་པ་དང་། གྲོང་གསེབ་འཕེལ་རྒྱས་སྔར་བས་ལེགས་པོར་འགྲོ་བ། མང་ཚོགས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་ལྡན་པར་འབད་བརྩོན་བྱེད་དགོས་ཞེས་ནན་གསུང་གནང་བ་རེད།

ཝང་ཞའོ་ཧུའེ་ཡིས་ད་དུང་བདེ་འཇགས་ནི་འཕེལ་རྒྱས་ཀྱི་སྔོན་འགྲོ་ཡིན་པས། ངེས་པར་དུ་ནམ་ཡང་གནོད་འགོག་གནོད་འཕྲིའི་ལས་ཀ་དམ་འཛིན་བྱེད་དགོས། མུ་མཐུད་དུ་ནགས་ཚལ་དང་རྩྭ་ཐང་གི་མེ་འགོག་མེ་གསོད་ཀྱི་ཆེད་དོན་དག་ཐེར་གྲུབ་འབྲས་རྒྱ་བསྐྱེད་དང་སྲ་བརྟན་གཏོང་བ། ཐོག་མཐའ་བར་གསུམ་དུ་རིམས་འགོག་ནན་མོ་བྱས་ཏེ། བདེ་འཇགས་འཛུགས་སྐྲུན་ལས་དོན་ཟབ་སྤེལ་དང་། ཉེན་མེད་ཐོན་སྐྱེད་ལས་ཀ་དམ་འཛིན་བྱས་ནས། སྤྱི་ཚོགས་ཁྱོན་ཡོངས་འཆམ་མཐུན་བརྟན་བརླིང་ཡོང་བར་ཁག་ཐེག་བྱེད་དགོས། ཞོད་དུས་ལ་སླེབས་ཉེ་བས། སྔོན་ནས་ཞོད་འགོག་ལས་ཀར་གྲ་སྒྲིག་ཡག་པོ་བྱེད་པ་དང་།
ཉེན་མེད་ངང་ཞོད་འགོག་ཐུབ་པར་བྱེད་དགོས་ཞེས་ནན་གྱིས་གསུངས། །

 

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1