དང་པོ། དམ་པ་སྤྱན་འདྲེན་ཞུ་བའི་མཇལ་དར།
ཁོ་བོས་སྔོན་ཆད་ནས《གསང་ཆེན་བསྟན་པའི་མངའ་བདག་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་ཀྱི་བྱུང་བ་བརྗོད་པ་པདྨ་དཀར་པོའི་དོ་ཤལ》ཞེས་པའི་གདན་རབས་ལོ་རྒྱུས་ཤིག་ལ་མཇལ་མྱོང་ཡོད། སྐབས་དེར་དེབ་དེའི་རྩོམ་པ་པོ་གང་ཡིན་སོགས་ལ་དོ་སྣང་ཆེན་པོ་མ་བྱས་རུང་།དེའི་སྒྲིག་གཞི་ཚགས་དམ་ཞིང་སྔ་ཕྱིའི་གོ་རིམ་ལྡན་ལ་ཚིག་སྦྱོར་སྙན་པར་མ་ཟད། གོ་སྐོན་བློ་འགུག་གི་ནུས་པ་ལྡན་པ་སོགས་མདོར་ན་ཐུན་མིན་གྱི་ཁྱད་ཆོས་དུ་མ་ཞིག་མངའ་བས་ངའི་སེམས་སུ་ཡལ་ཐབས་བྲལ་བའི་བག་ཆགས་ཟབ་མོ་ཞིག་བཞག་བྱུང་། དེ་ནས་ད་ཐེངས་སི་ཁྲོན་མི་རིགས་སློབ་ཆེན་གྱི་དགེ་རྒན་ཆེན་མོ་མུ་པོ་ལགས་ལ་བཅར་འདྲི་ཞུ་བའི་གོ་སྐབས་ཤིག་རག་ཅིང་། འབྲེལ་ཡོད་ཡིག་ཆ་ནས་ཁོང་གི་ངོ་སྤྲོད་ལ་མཇལ་བར་མ་ཟད། སྐད་འཕྲིན་བརྒྱུད་ནས་ཐད་ཀར་ཁོང་ལ་འབྲེལ་བ་བྱས་ཏེ། ཁོང་གི་རྔུལ་ཆུའི་ཐིགས་པར་བརྒྱུས་པའི་མཛད་པའི་ཕྲིན་ལས་གསལ་བའི་རིན་པོ་ཆེའི་རྡོག་པོ་རེ་རེར་རྒྱུས་ལོན་རགས་རིམ་ཙམ་བྱས་མཐར། ཁོང་ནི་གུས་པས་ལྟ་མྱངས་པའི་གདན་རབས་ལོ་རྒྱུས་དེའི་རྩོམ་པ་པོ་ཡིན་པས། ཁོང་དང་དངོས་སུ་མཇལ་མ་མྱོང་རུང་སྔར་ནས་བསྟེན་མྱངས་པའི་དགེ་རྒན་ཞིག་ཡིན་པ་ལྟ་བུའི་ཚོར་སྣང་ཟབ་མོ་ཞིག་སྐྱེས།
ཁམས་པའི་བརྙན་འཕྲིན་ཁང་2017ལོའི་རྒྱ་བོད་སྐད་གཉིས་འགྲན་ཚོགས་ཀྱི་མཇུག་འགྲན་ཐོག་བཅར་འདྲིར་གདན་ཞུ་གནང་བ།
ཁོང་ལ་མུ་མཐུད་དུ་རྒྱུས་ལོན་བྱེད་སྐབས། རང་ཉིད་ལེ་ལོ་དང་སྒྱིད་ལུག་གི་བྲན་དུ་གྱུར་ནས་དཔེ་ཀློག་གང་ལེགས་ཤིག་བྱས་མེད་རྐྱེན་དམ་པ་ཁོང་ལ་རྒྱུས་མངའ་དེ་ཙམ་མེད་པ་མ་གཏོགས། ཁོང་གིས་གདན་རབས་ལོ་རྒྱུས་ཙམ་མ་ཟད། ད་དུང་བོད་ཀྱི་བཅུ་ཕྲག་རིག་པའི་ཁོངས་སུ་གཏོགས་པའི་དཔེ་དེབ་དང་དཔྱད་རྩོམ་དུ་མ་སྤེལ་བར་མ་ཟད། ཁ་ཚ་དགོས་གཏུགས་སུ་གྱུར་པའི་ཕྱི་ཕྱོགས་ཕུལ་བྱུང་རིག་ཚན་ཁག་ཅིག་བོད་ཡིག་ཏུ་བསྒྱུར་ནས་བོད་ཀྱི་དེང་རབས་རིག་གནས་ལ་ཁ་གསབ་བྱས་པ་དང་། སྐལ་ལྡན་སློབ་བུ་གང་མང་ཞིག་བསྐྱངས་ནས་རིག་གནས་འཕེལ་རྒྱས་ཐད་བྱས་རྗེས་གཞལ་ཐབས་བྲལ་བ་བཞག་འདུག །ཆུ་ཕྲན་རྟག་ཏུ་ཀུ་ཅོ་ཆེ། །རྒྱ་མཚོས་ཀུ་ཅོ་ག་ལ་སྒྲོགས། །ཞེས་པའི་དཔེ་ལྟར། ཆུ་ཕྲན་གྱི་བརྟུལ་ཞུགས་འཛིན་ཞིང་རང་ཉིད་མཁས་པ་རློམ་པའི་སྐྱེ་བོ་ཡན་གར་བ་དང་མི་འདྲ་བར། ཁོང་ནི་གཤིས་རྒྱུད་འཇམ་ལ། བརྟན་ཞིང་བརླིང་བར་མ་ཟད། ཁེངས་སྐྱུང་དང་དཀྱེལ་ཡངས་ཤིང་། རིག་གནས་ཀྱི་མཛོད་འཛིན་པའི་རྒྱ་མཚོ་ལྟ་བུའི་ཚོར་སྣང་ཞིག་དབང་མེད་དུ་བྱིན་བྱུང་།
གཉིས་པ། དམ་པའི་ངག་ནས་བརྡོལ་བའི་བདུད་རྩི།
གསར་འགོད་པ། རྒན་ལགས། སྐུ་ཁམས་བཟང་། ང་ནི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་བཟང་པོ་ཡིན། རྒན་ཁྱེད་ཀྱིས་མི་ལོ་དུ་མའི་རིང་མི་རིགས་སློབ་གསོའི་ལས་དོན་བསྒྲུབས་ཤིང་། རིག་གཞུང་ཞིབ་འཇུག་དང་ཕ་ཡུལ་འཛུགས་སྐྲུན་གྱི་རྐང་འཛིན་པ་མང་པོ་གཅིག་རྗེས་གཉིས་མཐུད་དུ་གསོ་སྐྱོང་བྱས་ནས་མཛད་རྗེས་ཆེན་པོ་བཞག་འདུག །དེ་བས་ངས་དེའི་ཐད་ནས་རྒྱུས་ལོན་ཉུང་ཙམ་བྱ་འདོད་པས། ཁྱེད་ཀྱིས་འོ་བརྒྱལ་མཛད་རོགས་ཞུ།
དགེ་རྒན་མུ་པོ། གསར་འགོད་པ། ཁམས་བཟང་། ལགས་སོ། །རང་གིས་ཤེས་ཚོད་ཀྱིས་ལན་འབུལ་ཆོག །
གསར་འགོད་པ། ཁྱེད་ཉིད་ཀྱི་སློབ་སྦྱོང་གི་གོ་རིམ་རགས་བསྡུས་ཤིག་གསུང་རོགས།
དགེ་རྒན་མུ་པོ། ང་རང་ཆུང་དུས་སུ་ཕ་ཡུལ་ནས་སློབ་གྲྭ་ཆུང་འབྲིང་འགྲིམས་རྗེས། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་རུ་ཞུགས་ནས་ལོ་ངོ་བཞིའི་རིང་བོད་ཀྱི་སྐད་ཡིག་དང་རྒྱ་ཡིག །རྩིས་རིག་སོགས་ལ་སློབ་སྦྱོང་བྱས་པ་ཡིན། དེ་ནས་སྤྱི་ལོ་1986ལོར་སློབ་མཐར་ཕྱིན་རྗེས་དར་མདོ་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ལ་ལས་བགོས་བྱས་ལ། དེ་ནས་ད་ལྟའི་བར་དགེ་རྒན་གྱི་ལས་འགན་ཁུར་བ་ཡིན། དགེ་རྒན་གྱི་ལས་དོན་སྒྲུབ་མ་ཐག་གོ་སྐབས་བཟང་པོ་ཞིག་རག་ནས་ནུབ་བྱང་མི་རིགས་སློབ་ཆེན་དུ་ལོ་གཉིས་ལ་སློབ་སྦྱོང་བྱས་རྗེས། སྤྱི་ལོ་1992ལོར་ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོའི་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། བགྲང་བྱ་གསུམ་གྱི་རིང་དགེ་བའི་བཤེས་གཉེན་གསེར་རིའི་ཕྲེང་བ་ལྟ་བུ་མང་པོར་བསྟེན་ནས་བོད་ཀྱི་རིག་གནས་ཁག་གཙོར་བྱས་པའི་རིག་གཞུང་གང་མང་ཞིག་ལ་སློབ་སྦྱོང་དང་ཞིབ་འཇུག་བྱས། དེ་ནས་སློབ་མཐར་ཕྱིན་རྗེས་ཕྱིར་སློབ་གྲྭ་འདི་ག་རུ་འོང་ནས་མུ་མཐུད་དུ་དགེ་རྒན་གྱི་ལས་དོན་བསྒྲུབས་པ་ཡིན།
གསར་འགོད་པ། བོད་ནས་འཚར་ལོངས་བྱུང་བའི་སློབ་མ་ཞིག་ལ་མཚོན་ན། ལོ་རབས་གོང་མའི་ནང་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཡོན་གནས་བཞེས་མཁན་ཤིན་ཏུ་ཉུང་ཉུང་རེད། ཁྱེད་ཀྱིས་ཡོན་གནས་དེ་བཞེས་ཐུབ་པའི་རྒྱུ་མཚན་གང་ཡིན།
དགེ་རྒན་མུ་པོ། གཅིག་ནས་སྤྱིར་བཏང་བཤད་ན་འབྲིང་རིམ་ཆེད་སྦྱོང་སློབ་གྲྭ་སྟེ་ཞིང་ཆེན་བོད་ཡིག་སློབ་གྲྭ་འདོན་དུས་སུ་དགེ་རྒན་རྣམ་པས་ཐུགས་ཁུར་ཟབ་བཞེས་གནང་ནས་བོད་རང་གི་རིག་གནས་ཀྱི་རྐང་འདྲ་པོ་ཅུང་བརྟན་པོ་ཚུགས་སོང་།ངས་བོད་ཀྱི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་མཐའ་དག་མཐིལ་ཕྱིན་པ་ཞིག་ཤེས་ཡོད་ཟེར་བ་མིན་ཡང་། དགེ་བའི་བཤེས་གཉེན་བཀའ་དྲིན་ཅན་རྣམ་པའི་སྨོན་ལམ་དང་ཐུགས་ཁུར་ལས་བྱུང་བ་རེད། གཉིས་ནས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ་མི་རིགས་རང་གི་སྐད་ཡིག་སྦྱོང་ཆོག་པ་དང་སྤྱོད་ཆོག་པའི་ཇུས་བཟང་བསྒྲགས་ཤིང་ལག་བསྟར་བྱས་པས། དེ་ལ་བརྟེན་ནས་རབ་འབྱམས་པའི་ཞིབ་འཇུག་སློབ་མར་རྒྱུགས་འཕྲོད་ཅིང་། གཙུག་ལག་རིག་པའི་ཐེམ་སྐས་སུ་འཛེག་པའི་གོ་སྐབས་ཤིན་ཏུ་བཟང་པོ་དེ་ཐོབ་པ་རེད། གསུམ་ནས་རང་ཉིད་ཆུང་དུས་ནས་སློབ་སྦྱོང་ལ་མོས་པ་ཆེ་ཞིང་། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་ཐད་ལྟོ་སྐྱ་གོས་ཧྲུལ་དང་འབད་པ་ཆུ་བོའི་རྒྱུན་ལྟར་བསྐྱངས་པས་དེས་ཡིན་ནམ་སྙམ།
གསར་འགོད་པ། ཁྱེད་ལ་མཚོན་ན། ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་གི་བུ་ཕྲུག་ནས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོར་གྱུར་ཏེ། མི་ཚེ་ལ་འགྱུར་བ་ཆེན་པོ་བྱུང་ཡོད་པ་རེད། དེའི་ཐད་ཁྱེད་ལ་སེམས་ཚོར་ག་འདྲ་འདུག །
དགེ་རྒན་མུ་པོ། གཅིག་ནས་ང་རང་སློབ་གྲྭར་འགྲིམས་པའི་སྐབས་དེར་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཏེ། སློབ་གསོ་དར་སྤེལ་དང་ཁྲིམས་དང་སྒྲིག་ལམ་ཇེ་ལེགས་སུ་བཏང་། གཉིས་ནས་སྐབས་དེར་སློབ་གྲྭའི་འགོ་ཁྲིད་རྣམ་པས་ན་གཞོན་དགེ་རྒན་རྣམས་ཀྱིས་མུ་མཐུད་དུ་སློབ་གྲྭ་འགྲིམས་ནས་རང་གི་ཡོན་ཚད་མཐོར་འདེགས་གཏོང་བར་རྒྱབ་སྐྱོར་དང་སྐུལ་མ་གནང་བ་རེད། གསུམ་ནས་རང་ཉིད་ལ་རིག་གནས་ཀྱི་རྨང་གཞི་ཅུང་ཡག་པོ་ཡོད་པའི་ཐོག་རྟག་གུས་བརྩོན་པ་གྲོགས་སུ་བསྟེན་པ་ཡིན། དེ་དག་རྣམས་ནི་ང་རང་ཞིང་པའི་ཁྱིམ་ཚང་དཀྱུས་མ་ཞིག་ནས་སློབ་གྲྭ་ཆེན་མོའི་སློབ་དཔོན་ཆེན་མོར་གྱུར་ཏེ། མི་ཚེ་ལ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་འཕོ་འགྱུར་བྱུང་བའི་སྒུལ་ཤུགས་དང་རྒྱུ་རྐྱེན་ཡིན་ནམ་སྙམ།
གསར་འགོད་པ། ཁྱེད་རང་དགེ་རྒན་གྱི་ལས་གནས་ལ་ཞུགས་དགོས་པའི་རྒྱུ་མཚན་གང་ཡིན།
དགེ་རྒན་མུ་པོ། སྤྱིར་བཏང་ཡིན་ན་དང་ཐོག་ལས་གནས་ལ་ཞུགས་སྐབས། ལས་རིགས་གདམ་གསེས་ཐད་དམིགས་ཡུལ་གསལ་པོ་ཅི་ཡང་མེད། སྐབས་དེར་སློབ་མཐར་ཕྱིན་དུས་དེང་སང་ནང་བཞིན་ལས་ཀ་འཚོལ་མི་དགོས་པར་ཐད་ཀར་ལས་བགོས་བྱེད་བཞིན་ཡོད་གཤིས། ང་དང་སློབ་གྲོགས་བཞི་མཉམ་དུ་སློབ་གྲྭ་འདི་གར་ལས་བགོས་བྱས་བྱུང་། དེ་ལྟར་སྟེས་དབང་ཞིག་གིས་དགེ་རྒན་གྱི་ལས་གནས་ལ་ཞུགས་ཤིང་། རིམ་བཞིན་ལས་གནས་འདི་ལ་རྒྱུས་ལོན་བྱུང་སྟེ། རང་ཉིད་ཀྱིས་ཅུང་ཟད་ཤེས་པ་རྣམས་སྒྲོ་སྐུར་དང་སྦས་གསང་སྤངས་ནས་བུམ་པ་གང་བྱོའི་ཚུལ་དུ་སློབ་མ་རྣམས་ལ་བསླབ་ཚེ། ཆེ་ཕྱོགས་ནས་བཤད་ན་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཐུབ་པ་དང་། ཆུང་ཕྱོགས་ནས་བཤད་ན་སློབ་མ་མི་སྒེར་ལ་སློབ་གསོ་ཡག་པོ་ཐེབས་ཏེ་མི་སྣ་འཇོན་ཐང་ཅན་ཞིག་གྱུར་ནས། སློབ་མ་རང་ཉིད་དང་དེའི་ཁྱིམ་ཚང་དང་འབྲེལ་བའི་ཞིང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་ཇེ་ལེགས་དང་སྤུས་ཀ་ཇེ་བཟང་ལ་གཏོང་ཐུབ་པས། དགེ་རྒན་གྱི་ལས་དོན་ནི་སྔོན་ནས་བསོད་ནམས་རྒྱ་ཆེན་པོ་བསགས་པའི་གྲུབ་འབྲས་ལས་བྱུང་བར་འདོད་དེ། ནམ་ཡང་དཀའ་ཁག་གི་མདུན་དུ་དཔའ་མི་ཞུམ་ཞིང་། ལེ་ལོ་དང་སྒྱིད་ལུག་གི་དབང་གིས་གཞན་ལ་སེམས་མ་གཡེང་པར་དགེ་རྒན་ཚད་ལྡན་ཞིག་གི་ལམ་དུ་འབད་པ་ལྷུར་ལེན་བྱས་དང་བྱེད་མུས་སུ་ཡོད།
གསར་འགོད་པ། ཁྱེད་ཀྱིས་དགེ་རྒན་མཛད་ནས་ལོ་ག་ཚོད་འགོར་ཡོད། དེའི་བརྒྱུད་རིམ་རགས་བསྡུས་ཤིག་གསུང་རོགས།
དགེ་རྒན་མུ་པོ། ད་བར་དགེ་རྒན་བྱས་ནས་མི་ལོ་36རེད་འདུག །དགེ་རྒན་ཞིག་ལ་ཆ་མཚོན་ན། སློབ་མའི་ཤེས་ཡོན་དང་སློབ་སྦྱོང་གི་ཆུ་ཚད་ལ་དོ་སྣང་བྱེད་དགོས་པར་མ་ཟད། སློབ་མའི་སེམས་ཁམས་ལའང་རྒྱུས་ལོན་བྱ་རྒྱུ་གལ་ཆེན་པོ་ཡིན་པས། ངས་ཐོག་མཐའ་བར་གསུམ་དུ་དེའི་ཕྱོགས་ལ་འབད་པ་ལྷོད་མེད་བྱས། ད་བར་སློབ་གྲྭ་འདི་རུ་བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག་དང་བརྡ་སྤྲོད་རིག་པ་སོགས་སློབ་ཚན་གང་མང་ཁྲིད་ཡོད། གཙོ་བོ་རང་གིས་གཞུང་གང་དང་གང་ཁྲིད་ན། དེ་ལ་ངེས་པར་དུ་འཆར་གཞི་ཡང་དག་པ་ཞིག་འཇོག་དགོས་རྒྱུ་དེ་ཤིན་ཏུ་ནས་ཀྱང་གལ་ཆེན་རེད་འདུག་སྙམ།
གསར་འགོད་པ། ཁྱེད་ཀྱིས་དུས་རྒྱུན་དཔེ་ཀློག་ཇི་ལྟར་བྱེད་ཀྱི་ཡོད། དཔེ་ཀློག་གི་ཉམས་མྱོང་ཉུང་བསྡུས་ཤིག་གསུང་རོགས།
དགེ་རྒན་མུ་པོ། ང་ལ་དཔེ་ཀློག་གི་ཉམས་མྱོང་གཞན་དང་མི་འདྲ་གང་ཡང་བཤད་རྒྱུ་མེད་ཀྱང་།གཙོ་བོ་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་གསུངས་པ་ནང་ལྟར། དཔེ་ཆ་གང་དང་གང་ཞིག་བཀླགས་ཀྱང་། མགོ་ནས་མཇུག་བར་དུ་ཆད་ལུས་མེད་ཅིང་ཡང་དག་པ་ཞིག་བཀླགས་ན། དེ་ལ་གོ་རྟོགས་རྒྱ་ཆེན་པོ་འདུག །གཞན་ཡང་། དཔེ་ཆ་ཀློག་སྐབས་རང་གི་ཁམས་དང་མོས་པ། ལས་རིགས་སོགས་དང་བསྟུན་ན་དེ་བས་ལེགས་ཤིང་། དཔེ་ཀློག་གི་གོ་རྟོགས་དང་བློ་བསྐྱེད་སྔར་ལས་ཆེ་བར་སེམས།
གསར་འགོད་པ། ཁྱེད་རང་སློབ་གྲྭ་འགྲིམ་སྐབས་དང་དེང་དུས་ཀྱི་སློབ་གྲྭའི་སློབ་གསོའི་བར་ལ་འགྱུར་བ་ག་འདྲ་འདུག །
དགེ་རྒན་མུ་པོ། ང་རང་དང་ཐོག་སློབ་གྲྭར་འགྲིམ་སྐབས། སློབ་དེབ་ཐབས་ཆག་ཙམ་ལས་སློབ་ཕྱིའི་ཟུར་ལྟའི་དཔེ་དེབ་ཧ་ལམ་མེད་ཅིང་། དཔེ་ཀློག་གི་འདུན་པ་སྐོམ་པ་ཆུ་འདོད་ལྟར་སྐྱེས་རུང་ཅི་བྱ་གཏོལ་བྲལ་དུ་གྱུར་ཡོད། དེང་སང་ཟུར་ལྟའི་དཔེ་དེབ་སྟེ། དཔེར་ན་སློབ་ཁྲིད་ཀྱི་ཁྲིད་ཐབས་ཡིན་ན་འདྲ། འཁྲིད་བྱའི་ནང་དོན་ཡིན་ནའང་འདྲ། གཞན་ཡང་སློབ་གྲྭའི་ཆ་རྐྱེན་དང་། དགེ་རྒན་དང་སློབ་མའི་ཆུ་ཚད་སོགས་ཀྱི་ཐད་ལ་སྔོན་དང་མི་འདྲ་བའི་ཡར་རྒྱས་ཆེན་པོ་ཕྱིན་འདུག །
གསར་འགོད་པ། དེང་རབས་བོད་ཀྱི་སློབ་ཆེན་སློབ་མ་ཞིག་ལ་མ་མཐའ་ཡང་ཚང་དགོས་པའི་ཆ་རྐྱེན་དང་ཕྲག་ཏུ་བབས་པའི་འགན་འཁྲི་གང་དག་ཡོད་པར་སྙམ།
དགེ་རྒན་མུ་པོ། བོད་སྐད་ཡིག་གི་ཆེད་སྦྱོང་སློབ་མའི་ཕྱོགས་ནས་བཤད་ན། སུམ་རྟགས་དག་གསུམ་དང་སྙན་ངག་ལ་སོགས་པ་ནི་རིག་གནས་ཅི་དང་གང་སྦྱོང་རུང་རྨང་གཞི་རེད་ལ། དེ་དག་ཁོག་ཏུ་ཡང་དག་པར་ཆུད་དགོས་རྒྱུ་ནི་སྨོས་མ་དགོས། དེའི་འཕྲོ་རང་ཉིད་ལ་དམིགས་ཡུལ་རྒྱ་ཆེན་པོ་ཞིག་ཡོད་དགོས་ཏེ། མ་འོངས་པར་རྒྱལ་ཁབ་དང་མི་རིགས་ལ་ཞབས་ཞུ་གང་བསྒྲུབ་ཐུབ་པ་དང་རང་ཉིད་མི་སྣ་འཇོན་ཐང་ཅན་ཞིག་འགྱུར་བ་ལ་ཇི་ལྟར་འབད་དགོས་པའི་ཐད་མནོ་བསམ་བཏང་ནས། རང་གིས་རིག་གནས་དང་ཡོན་ཏན་གང་ཡིན་རུང་ཡང་དག་སྦྱོང་དགོས། མཐོ་རིམ་སློབ་གསོ་མྱོང་བའི་ཤེས་ལྡན་མི་སྣ་ཞིག་ཡིན་དུས། རྒྱལ་ཁབ་དང་མི་རིགས་ཀྱི་མ་འོངས་འཕེལ་རྒྱས་ལ་འགན་ཁུར་ཞིང་། རང་ཉིད་ཤེས་ལྡན་མི་སྣ་ཞིག་ཡིན་པའི་འདུ་ཤེས་དང་བློ་སྤོབས་ཡོད་དགོས།
སྤྱིར་བཏང་ཡིན་ན་དེང་སང་སློབ་མ་རྣམས་སྔོན་དང་བསྡུར་ན་ཡོན་ཏན་ཆེན་པོ་འདུག་ལ། སློབ་ཆེན་ལ་སླེབས་དུས་ད་དུང་མུ་མཐུད་དུ་འབད་པ་བྱ་དགོས་འདུག །གཞན་ཡང་། ངེས་པར་དུ་གནའ་བོའི་ལོ་རྒྱུས་དང་སྔོན་བྱོན་མཁས་པའི་རྣམ་ཐར་སོགས་མཇལ་ནས། སྔོན་བྱོན་དམ་པའི་རྗེས་སུ་འབྲངས་ཏེ། ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་ཅི་ནུས་བྱེད་དགོས། སློབ་སྦྱོང་ཐད་དུ་དཔེར་ན་རྗེ་བཙུན་མི་ལ་རས་པ་ལྟ་བུའི་བརྩོན་པ་དང་སྙིང་རུས་ལ་སློབ་སྦྱོང་བྱེད་དགོས་ཤིང་། མདོར་ན་སྔོན་བྱོན་མཁས་པ་རྣམས་མིག་དཔེ་རུ་འཛིན་ནས་རང་མི་རིགས་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་བྱེད་དགོས་པར་མ་ཟད། སྤུན་ཟླ་མི་རིགས་གཞན་དག་གི་རིག་གནས་ཀྱི་ལེགས་ཆ་རྣམས་བཅུད་དུ་བླངས་ནས་ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་སྤེལ་ལ་རང་ནུས་ཅི་ལྕོགས་ཀྱིས་ནུས་པ་ཕྱུང་དགོས་པར་འདོད།
གསར་འགོད་པ། བོད་ཀྱི་དགེ་རྒན་ཞིག་ལ་མ་མཐའ་ཡང་ཚང་དགོས་པའི་ཆ་རྐྱེན་ག་འདྲ་ཡོད།
དགེ་རྒན་མུ་པོ། དགེ་རྒན་ཞིག་ཡིན་ན་ངེས་པར་དུ་ལྷག་བསམ་རྣམ་པར་དག་པ་ཞིག་ཡོད་དགོས་ཏེ། སློབ་མ་རྣམས་ལ་རང་གི་བུ་རྒྱུད་ལྟ་བུའི་བརྩེ་འདང་བཅངས་ནས་སློབ་གསོ་སྤྲོད་རྒྱུ་ཤིན་ཏུ་གལ་ཆེ། དེ་ཡང་ཐོག་མར་ཡོན་ཏན་ཀུན་ལྡན་བྱ་ཞེས་པ་ལྟར་དགེ་རྒན་ཞིག་ལ་མཚོན་ན་འཁྲིད་བྱའི་སློབ་ཚན་ནམ་གཞུང་ལུགས་དེ་མཐིལ་ཕྱིན་པ་རྟོགས་ཤིང་།
སློབ་ཁྲིད་མ་བྱས་སྔོན་གྱི་གྲ་སྒྲིག་དང་དངོས་གཞིའི་སྐབས་ཀྱི་སློབ་ཁྲིད་བྱེད་སྟངས་སོགས་སུ་ལེ་ལོ་དང་རྣམ་གཡེང་གི་རྒྱ་རུ་མ་ཚུད་པར་འགན་འཁྲི་གང་ལེགས་འཁུར་དགོས།
གསར་འགོད་པ། བོད་འབྲེལ་ས་ཁུལ་གྱི་སློབ་གསོའི་གནས་བབ་ཐད་རགས་ཙམ་གསུང་རོགས།
དགེ་རྒན་མུ་པོ། རང་རེའི་རྒྱལ་ཁབ་ཀྱིས་བཅོས་བསྒྱུར་སྒོ་འབྱེད་བྱས་ཚུན་དང་ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་དར་རྒྱས་ཆེན་པོ་ཕྱིན་ཞིང་། མི་རིགས་སོ་སོའི་སློབ་གསོའི་ལས་དོན་དབྱར་མཚོ་ལྟར་རྒྱས་ཡོད། ང་ཚོས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སློབ་གསོའི་ཁ་ཕྱོགས་ནང་བཞིན་མུ་མཐུད་དུ་འབད་བརྩོན་ལྷོད་མེད་བྱས་ན། མ་འོངས་པའི་མདུན་ལྗོངས་ནི་མཐའ་ཡས་པའི་རྒྱ་མཚོ་ལས་ཡངས་ཤིང་གཡུར་ཟའི་གྲུབ་འབྲས་མུ་མཐུད་དུ་སྨིན་པར་ཡིད་ཆེས་བརྟན་པོ་ཡོད།
གསར་འགོད་པ། ཁྱེད་ཀྱིས་ཚན་རིག་སྐོར་གྱི་དཔེ་དེབ་གང་མང་ཞིག་བོད་ཡིག་ཏུ་བསྒྱུར་སྐད་འདུག །དེ་བས་ཚན་རིག་སྐོར་གྱི་དཔེ་དེབ་བོད་ཡིག་ཏུ་བསྒྱུར་དུས་དོ་སྣང་བྱ་ཡུལ་དང་ལོ་ཙཱ་བ་ལ་ཚང་དགོས་པའི་ཆ་རྐྱེན་གང་འདྲ་ཡོད། ཁྱེད་ཀྱི་ཉམས་མྱོང་དང་སྦྲགས་ནས་རགས་ཙམ་གསུང་རོགས།དགེ་རྒན་མུ་པོ། ངས་གཙོ་བོ་ཚན་རིག་པའི་ལོ་རྒྱུས་དང་འབྲེལ་བའི་ཡིག་ཆ་ཁག་ཅིག་བསྒྱུར་བ་ཡིན། དེའི་ནང་ཚན་རིག་གི་བརྡ་ཆད་སྐོར་མང་པོ་ཞིག་མེད་པས། དེའི་ཐད་ཁ་ཚོན་ཆོད་པ་ཞིག་བཤད་ཐུབ་བཞིན་མི་འདུག །མ་གཞི་ཡི་གེ་གང་དང་གང་ཞིག་བསྒྱུར་རུང་། མ་ཡིག་གི་ནང་དོན་ཡང་དག་པ་རྟོགས་རྒྱུ་ཤིན་ཏུ་གལ་ཆེ་བར་མ་ཟད། བུ་ཡིག་གི་བརྡ་སྤྲོད་པའི་ལུགས་དང་ཡོངས་སུ་མཐུན་དགོས། དཔེར་ན་སྔོན་བྱོན་མཁས་པ་རྣམས་ཀྱིས《སྐྱེས་རབས་སོ་བཞི》དང《དཔག་བསམ་འཁྲི་ཤིང》སོགས་བསྒྱུར་སྐབས་མ་ཡིག་གི་ནང་དོན་ཇི་བཞིན་དུ་བསྒྱུར་ཅིང་།རང་མི་རིགས་ཀྱི་སེམས་ཁམས་དང་བརྡ་སྤྲོད་པའི་ལུགས་དང་མཐུན་པ་མཛད་པ་ལྟ་བུའོ། །
གསར་འགོད་པ། མ་འོངས་པར་རིག་གཞུང་ཞིབ་འཇུག་དང་སློབ་མ་གསོ་སྐྱོང་ཐད་འཆར་གཞི་ག་འདྲ་ཡོད།
དགེ་རྒན་མུ་པོ། ད་ལོ་ང་རང་ཕོ་ལོ་ང་དགུ་ཡིན། ད་དུང་མུ་མཐུད་དུ་རང་གི་རྒྱུད་ལ་ཡོད་པའི་ཡོན་ཏན་ཕྲན་བུ་ཙམ་དང་མི་ཚེ་གཅིག་ལ་བསགས་པའི་ཉམས་མྱོང་རྣམས་འཆར་ཀའི་ཉི་མ་ལྟ་བུའི་ན་གཞོན་ཚོ་ལ་བསླབས་ནས་ཁོ་ཚོ་ལ་ཕན་ཅུང་ཙམ་རེ་ཐོགས་ན་བསམ་པའི་སྐུལ་སློང་རྣམ་པར་དག་པ་ཞིག་ཡོད། གཞན་ཡང་། བོད་ཀྱི་ས་གནས་རིག་གནས་དང་འཛམ་གླིང་གེ་སར་རྒྱལ་པོའི་རིག་གནས་སོགས་འཚོལ་བསྡུ་དང་ཞིབ་འཇུག །ཕྱོགས་བསྡུས་སོགས་ཀྱི་ལས་དོན་ལ་འཇུག་རྒྱུའི་འདུན་པ་ཡོད།
གསུམ་པ། དམ་པའི་མཛད་ཕྲིན་གསལ་བའི་མེ་ལོང་།
དགེ་རྒན་ཆེན་མོ་མུ་པོ་ནི་སྤྱི་ལོ་1965ལོར་མདོ་ཁམས་གསེར་རྟའིི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་རྒྱུད་དུ་སྐྱེས་ཤིང་། སློབ་གྲྭ་ཆུང་འབྲིང་བརྒྱུད་དེ་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭ་ནས་སྤྱི་ལོ་1986ལོར་སློབ་མཐར་ཕྱིན་ཅིང་། དེ་ནས་དར་མདོ་མི་རིགས་དགེ་འོས་ཆེད་སྦྱོང་སློབ་གྲྭར་ཕེབས་ཏེ་དགེ་རྒན་གྱི་ལས་ལ་ཞུགས། སྤྱི་ལོ་1995ལོར་ནུབ་བྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་ཡོན་གནས་བཞེས། སྔ་གཞུག་ཏུ་དཀར་མཛེས་ཁུལ་དང་། སི་ཁྲོན་ཞིང་ཆེན་རིམ་པའི་ཕུལ་བྱུང་དགེ་རྒན། རྒྱལ་ཡོངས་ཀྱི་དགེ་རྒན་བཟང་པོའི་དཔེ་མཚོན་བཅས་ཀྱི་མཚན་སྙན་བཞེས། སྤྱི་ལོ་2013ལོར་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་གདན་ཞུས་དགེ་རྒན་ཆེན་མོ་དང་། སྤྱི་ལོ་2016ལོ་དང་2017ལོར་ཁམས་པའི་བརྙན་འཕྲིན་ཁང་ནས་རྒྱ་བོད་སྐད་གཉིས་སྐར་ཆེན་འགྲན་ཚོགས་ཀྱི་སྤྱི་བསྡོམས་འགྲན་འདེམ་སྐབས་ཀྱི་ཆེད་མཁས་མི་སྣར་གདན་ཞུ་བྱས།
སྤྱི་ལོ་2013ལོ་ནས་སི་ཁྲོན་མི་རིགས་སློབ་གྲྭ་ཆེན་མོའི་བོད་རིག་པའི་སློབ་གླིང་གི་གླིང་གཙོའི་འགན་བཞེས་པ་དང་འབྲེལ་དོ་དམ་དང་དགེ་རྒན་མཛད་པའི་ལས་ཞོར་དུ་སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གི་ལས་ལ་ཞུགས་ཏེ། སྔ་གཞུག་ཏུ《དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་ཆོས་གླིང་གི་གདན་རབས་ཀྱི་བྱུང་བ་བརྗོད་པ་པད་མ་དཀར་པོའི་དོ་ཤལ》སོགས་ཆེད་དེབ་གླེགས་བམ་བཞི་དང་། བོད་ཀྱི་བརྡ་སྤྲོད་རིག་པའི་རྨང་གཞིའི་སློབ་དེབ《པད་དཀར་ཕྲེང་མཛེས》སོགས་མཉམ་རྩོམ་གླེགས་བམ་བཞི། 《བོད་ཀྱི་དུས་རབས་རིམ་བྱུང་གི་རྩོམ་ཡིག》སོགས་གཙོ་སྒྲིག་གི་གླེགས་བམ་དྲུག 《ལྷ་རྩེ་སྐྱབས་མགོན་གྱི་གསུང་འབུམ》སོགས་དག་སྒྲིག་གི་གླེགས་བམ་བརྒྱད། 《ཚན་རིག་པའི་བྱུང་བ་བརྗོད་པ》ཞེས་པའི་སྒྱུར་རྩོམ་གླེགས་བམ་གཉིས་བཅས་པར་དུ་བསྐྲུན། རིག་གཞུང་ཞིབ་འཇུག་གི་དཔྱད་རྩོམ་ཉི་ཤུ་ལྷག་རྒྱལ་ནང་གི་རིག་གཞུང་དུས་དེབ་ཁག་ཏུ་བཀོད། གཞན་ཡང་སྔ་གཞུག་ཏུ《དཔལ་ཡུལ་དགོན་པའི་ལོ་རྒྱུས་དང་ད་ལྟའི་གནས་བབ》སོགས་ཞིང་ཆེན་དང་། ས་གནས་རིམ་པའི་ལས་གཞི་ལྔ་གཙོ་སྐྱོང་མཛད་ཅིང་། རྒྱལ་ཁབ་སློབ་གསོ་པུའུ་དང་ཞིང་ཆེན་སློབ་གསོ་ཐིང་། སློབ་གྲྭ་རིམ་པའི་ལས་གཞིའི་རྣམ་གྲངས་བཞིའི་ཞིབ་འཇུག་གི་ལས་ལ་ཞུགས་པ་དང་། ཞིང་ཆེན་རིམ་པའི་སློབ་གསོ་བསྒྱུར་བཅོས་ཀྱི་རྣམ་གྲངས་གཉིས་གཙོ་སྐྱོང་མཛད་པས། དེ་དག་ལ་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ལྷན་སོགས་རིམ་པ་སོ་སོའི་ཚན་རིག་ཞིབ་འཇུག་གི་གྲུབ་འབྲས་དང་སློབ་ཁྲིད་གྲུབ་འབྲས་ཀྱི་གཟེངས་རྟགས་དུ་མ་ཐོབ་བོ། །