གཞོན་པའི་སྟོབས། བོད་ཀྱི་ཟློས་གར་རྒྱུད་འཛིན་པ་བསྟན་འཛིན་ཡེ་ཤེས།

རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 04-27


ངོ་སྤྲོད་མདོར་བསྡུས།

བོད་ལྗོངས་ལྷ་ས་ནས་འཚར་ལོངས་བྱུང་བའི་བསྟན་འཛིན་ཡེ་ཤེས་ནི་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་ནས་སློབ་མཐར་ཕྱིན་ཞིང་། ཆུང་དུས་ནས་སྲོལ་རྒྱུན་སྒྲ་སྙན་དཀྲོལ་སྟངས་ལ་སྦྱངས་པ་དཔྱིས་ཕྱིན་པ་བྱས་ཏེ། ལྷ་སའི་ནང་མ་དང་སྟོད་གཞས། གཞིས་ཀ་རྩེ་དང་མངའ་རིས། ཀོང་པོ་སོགས་ས་གནས་ཀྱི་དཀྲོལ་སྟངས་མི་འདྲ་བ་དག་བྱང་ཆུབ་པར་གྱུར། དེ་བཞིན་2016ལོར་བོད་ཀྱི་ཟློས་གར་སྒྱུ་རྩལ་མཁས་ཅན་ཏེ་ཞོལ་པ་ལྷ་མོའི་རྒྱུད་འཛིན་པ་རབས་ལྔ་པ་སྤེན་པ་ཚེ་རིང་དང་སྤེན་པ་གཟིགས་སྣོན་གྱི་མདུན་དུ་ཟློས་གར་གྱི་གྲུབ་མཐའ་སྐྱོར་མོ་ལུང་ལྷ་མོ་འཁྲབ་སྟོན་སྒྱུ་རྩལ་སྦྱངས་པ་བྱས་ཏེ་འཁྲབ་སྟོན་གྱི་ཞོར་དུ་ཞིབ་འཇུག་རྒྱུན་འཁྱོངས་ཐུབ་པས་གཞུང་ལུགས་དང་ལག་ལེན་མཉམ་དུ་ཞོར་པའི་ཨ་ཅེ་ལྷ་མོའི་ན་གཞོན་ཞིབ་འཇུག་པ་ཞིག་ཏུ་གྱུར། 2016ལོར《འགྲོ་བ་བཟང་མོ》རྒྱལ་ཡོངས་སུ་སྐོར་སྐྱོད་འཁྲབ་སྟོན་བྱས་པར་མ་ཟད་སྲོལ་རྒྱུན་གྱི་ཡིག་བརྙན་གསལ་སྟོན་བྱེད་ཐབས་ཐད་གསར་གཏོད་བྱས་ཏེ་རྒྱལ་ཁབ་སྒྱུ་རྩལ་ཞིབ་འཇུག་གླིང་གི་ལས་རིགས་སོ་སོའི་ཆེད་མཁས་པའི་གདེང་འཇོག་བཟང་པོ་ཐོབ། 2018ལོར་རྒྱལ་ཡོངས་ཀྱི་སྐབས་དང་པོའི་བོད་ཀྱི་ཟློས་གར་དཔྱད་བརྗོད་ཀྱི་ཤེས་ལྡན་མི་སྣའི་གསོ་སྦྱོང་འཛིན་གྲྭར་ཞུགས་ཤིང་དཔྱད་བརྗོད་རྩོམ་ཡིག《ཞོལ་པ་ལྷ་མོའི་སྲོལ་རྒྱུན་གྱི་ཨ་ཅེ་ལྷ་མོའི་གར་སྟེགས་ཟློས་གར་ཐད་ཀྱི་ལག་ལེན་གླེང་བ》ལ་རྒྱལ་ཡོངས་བོད་ཀྱི་ཟློས་གར་དཔྱད་བརྗོད་འགྲན་སྡུར་གྱི་བྱ་དགའ་ཨང་གསུམ་པ་ཐོབ།

2018ལོ་ནས་2019ལོའི་བར་རམས་འབྱམས་པའི་མཐར་ཕྱིན་དཔྱད་རྩོམ《ལྷ་སའི་ཞོལ་པ་ལྷ་མོའི་ལོ་རྒྱུས་དང་ད་ལྟའི་གནས་བབ་ཞིབ་འཇུག》ཅེས་པ་བྲིས་ཤིང་། 2019ལོར་སྲོལ་རྒྱུན་ཟློས་གར《སྣང་ས་འོད་འབུམ》བཅོས་བསྒྲིགས་བྱས་པར་མ་ཟད། རྒྱལ་ཡོངས་གཞི་རིམ་ཚོགས་པ་རུ་འཁྲབ་སྟོན་བྱས་ཏེ་དགའ་བསུ་རྒྱ་ཆེར་ཐོབ། ཡང་ལོ་དེར་རྒྱལ་ཡོངས་གནའ་དཔེ་ཁྱབ་བཤེར་མཐུན་ཚོགས་བོད་ལྗོངས་སུ་སྐྱོད་པའི་བྱེད་སྒོར་ཞུགས་ཏེ་བཀྲ་ཤིས་ལྷུན་པོ་དགོན་དང་ཞྭ་ལུ་དགོན་དུ་ཟླ་ཕྱེད་རིང་གི་གནའ་དཔེ་ཁྱབ་བཤེར་ལས་ཀར་ཞུགས་པ་དང་། དེ་བཞིན་ཁོང་ཉིད་ཀྱིས་ད་ལྟ་སྒྲ་སྙན་དཀྲོལ་ལེན་སྐོར་སློབ་ཁྲིད་བྱེད་ཞོར། སྲོལ་རྒྱུན་སྒྲ་སྙན་དང་བོད་ཀྱི་ཟློས་གར་སྐོར་གྱི་ཞིབ་འཇུག་དང་དར་སྤེལ་གྱི་ལས་ཀ་ལ་གཞོལ་བ་དང་། ཟློས་གར་གྱི་བརྗོད་དོན་མཉམ་སྤྱོད་ཚོགས་འདུ་སྤེལ་ཏེ། དམངས་ཁྲོད་ངག་རྒྱུན་དང་ཡིག་ཐོག་ཟིན་བཀོད། དེ་མིན་རང་ཉིད་ཀྱི་ཡུལ་དངོས་རྟོག་ཞིབ་ཀྱི་ཉམས་མྱོང་བཅས་ཕྱོགས་བསྡུས་སྒོས་ཨ་ཅེ་ལྷ་མོ་སྒྱུ་རྩལ་གྱི་རིག་གནས་ཁྱབ་སྤེལ་བྱེད་བཞིན་མཆིས།

བཅར་འདྲིའི་ལེའུ།

གསར་འགོད་པ། ཁྱེད་རང་ལ་སྲོལ་རྒྱུན་ཟློས་གར་རིག་གནས་ཀྱི་བག་ཆགས་ཐོག་མར་འཇོག་མཁན་སུ་ཡིན་ལགས།

བསྟན་འཛིན་ཡེ་ཤེས། མ་གཞི་ངའི་སྤོ་ལགས་དང་རྨོ་ལགས། གཞན་ཕ་མ་གཉིས་དང་བཅས་པ་སྒྱུ་རྩལ་ལས་དོན་པ་ཡིན་པ་དང་། སྤོ་ལགས་དང་རྨོ་ལགས་ནི་རང་ས་གནས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་ལ་བྱང་ཆུབ་ཅིང་ཕ་མ་གཉིས་དེང་རབས་རྒྱལ་སྤྱི་ཅན་གྱི་སྒྱུ་རྩལ་ལ་མཁས་པས། ཁོར་ཡུག་དེ་འདྲའི་འོག་ཏུ་ང་རང་ཆུང་དུས་ནས་དེའི་ཐད་ལ་རྒྱུས་མངའ་ལེན་པའི་མཐུན་རྐྱེན་བསྐྲུན་པ་རེད། ང་རང་ཆུང་དུས་སྒྱུ་རྩལ་ལ་གོ་བ་ལེན་སྟངས་ཅི་འདྲ་རེད་ཟེར་ན་སྒྱུ་རྩལ་ཟེར་བ་དེ་མཉམ་སྒྲོག་རོལ་དབྱངས་དང་སྒྲ་སྙན། དེ་མིན་བོད་ཀྱི་ཟློས་གར་བཅས་རེད་འདོད། ལྷག་པར་དུ་སྤོ་ལགས་ཀྱིས་ང་ལ་ཤུགས་རྐྱེན་ཆེན་པོ་ཐེབས་བྱུང་།

གསར་འགོད་པ། ཁྱེད་རང་གིས་དུས་ནམ་ཞིག་ལ་སྒྲ་སྙན་དང་བོད་ཀྱི་ཟློས་གར་ལ་སློབ་སྦྱོང་གི་འགོ་ཚུགས་པ་ཡིན་ལགས།

བསྟན་འཛིན་ཡེ་ཤེས། ང་རང་དམའ་འབྲིང་གི་སྐབས་སུ་ཁ་སྤུ་དཀར་པོ་ཅན་གྱི་བགྲེས་སོང་ཞིག་གིས་ཁོ་བོར་སང་ཉིན་ནས་སྒྲ་སྙན་སྦྱོངས་ཤིག་ཅེས་པའི་རྨི་ལམ་ངོ་མཚར་ཅན་ཞིག་རྨིས་བྱུང་། ཕྱི་ཉིན་ང་རང་དགའ་སྤྲོ་ཆེན་པོ་རྒྱས་ཏེ་སྤོ་ལགས་ཀྱི་མདུན་དུ་སྒྲ་སྙན་སྦྱང་འདོད་པའི་འདུན་པ་བཏོན་པ་དང་།
དུས་དེ་ནས་བཟུང་སྒྲ་སྙན་དང་འབྲེལ་བ་དམ་ཟབ་བཙུགས་ཡོད་ཅིང་། སྒྲ་སྙན་སྦྱངས་པ་ནས་བཟུང་ང་རང་སྤོ་ལགས་དང་ལྷག་པར་དུ་བོད་ཀྱི་ཟློས་གར་དང་བྲལ་ཐབས་མེད་པའི་འབྲེལ་བ་ཟབ་མོ་ཆགས་ཡོད། དྲན་ཤེས་སུ་སྐབས་དེར་སྤོ་ལགས་ཀྱི་སློབ་སྟོན་འོག་ངས་གཟའ་འཁོར་གཅིག་གི་ནང་དུ་སྒྲ་ཆ་ཚང་དཀྲོལ་ཤེས་སོང་།

གསར་འགོད་པ། ཁྱེད་རང་ཞོལ་པ་ལྷ་མོ་དང་འཕྲད་པའི་གཏམ་རྒྱུད་སྐོར་མདོར་བསྡུས་ཤིག་གླེང་རོགས་ལགས།

བསྟན་འཛིན་ཡེ་ཤེས། སྤྱིར་ཞོལ་པ་ལྷ་མོ་ནི་བོད་ལྗོངས་སུ་མིང་གྲགས་ཆེ་བའི་ཟློས་གར་ཚོགས་པ་ཤིག་ཡིན་ཏེ། དུས་རབས་སྔོན་མའི་ལོ་རབས་དྲུག་ཅུ་པར་ཐོག་མར་བཙུགས་པ་དང་། དེའི་གྲུབ་མཐའི་སྐོར་ནས་དགར་ན་སྐྱོར་མོ་ལུང་གི་ལྷ་མོར་གཏོགས། ད་ལྟའི་བར་མི་རབས་ལྔ་ལ་རྒྱུད་འཛིན་གནང་འདུག །
དེ་བཞིན་ང་རང་ཀྲུང་དབྱང་མི་རིགས་སློབ་ཆེན་དུ་སློབ་སྦྱོང་བྱེད་སྐབས་ཐོག་མར་ཟློས་གར་ཚོགས་པ་དེ་དང་འབྲེལ་བ་བཙུགས་པ་དང་། ཡང་རྒྱུ་རྐྱེན་མང་པོའི་དབང་གིས་དྲ་ལམ་ནས་སློབ་སྦྱོང་ལོ་གཉིས་རིང་རྒྱུན་འཁྱོངས་མི་བྱེད་ཀ་མེད་བྱུང་། སློབ་མཐར་ཕྱིན་རྗེས་དང་བླངས་པ་དང་སློབ་མ་ཞིག་གི་ཆ་ནས་ཞོལ་པ་ལྷ་མོ་ཟློས་གར་ཚོགས་པར་ཞུགས་པ་དང་། རྗེས་སུ་ཟློས་གར་ལ་དགའ་མོས་དང་ཚོགས་པ་དེར་བརྩེ་བ་ཟབ་མོ་ཆགས་པས་བསམ་བློ་ཞིབ་མོ་བཏང་མཐར་དངོས་སུ་ཚོགས་པ་དེའི་ནང་དུ་ཞུགས་པ་ཡིན།

གསར་འགོད་པ། ཁྱེད་རང་ཤེས་ཡོན་པ་ཞིག་ཡིན་པའི་ཆ་ནས་བོད་ཀྱི་ཟློས་གར་དེ་རང་གི་མི་ཚེའི་བྱ་གཞག་གཙོ་བོར་འཛིན་དགོས་པའི་རྒྱུ་མཚན་ཅི་ཡིན། དཀའ་ཁག་ཅི་འདྲ་འདུག་ལགས།

བསྟན་འཛིན་ཡེ་ཤེས། གཅིག་ནི་རང་གི་དགའ་ཕྱོགས་ཡིན་པ་དང་། ཡང་གཙོ་བོ་ཞིག་ནི་ང་རང་ཆུང་དུས་ནས་ཟློས་གར་རིག་གནས་ལ་བརྗོད་མི་ཤེས་པའི་བརྩེ་བ་ཟབ་མོ་ཞིག་ཆགས་ཡོད། དེ་བཞིན་ངའི་བསམ་པར་གལ་སྲིད་བྱ་བ་འདི་གདམ་ག་བྱས་ཚེ་རང་ཉིད་ལ་དགའ་མོས་ཡོད་པས་རྒྱུན་འཁྱོངས་བྱེད་ཐུབ་པ་འདོད། མ་གཞི་ང་ཚོ་ཟློས་གར་ཚོགས་པའི་གླ་ཕོགས་དེ་ཉུང་ཉུང་རེད། དེ་ང་གཅིག་པུ་ཙམ་མ་ཡིན་པར་ཁོངས་མི་ཡོངས་ཀྱི་དཀའ་ཁག་རེད། རེད་དེ་ཚང་མས་ཟློས་གར་ལ་བརྩེ་བ་ཟབ་མོ་ཞིག་བཅངས་ཡོད་པས་དཀའ་ཁག་དེ་གང་ཐུབ་ཀྱིས་སེལ་ཐུབ་པར་བྱེད་བཞིན་ཡོད། འདིའང་ང་རང་ལ་མཚོན་ན་སྤོབས་པ་ཞིག་རེད་སྙམ།

གསར་འགོད་པ། 2020ལོར་ཁྱེད་རང་གིས《ཨ་ཅེ་ལྷ་མོ་འཚོལ་སྙེག》ཅེས་པའི་འཆད་ཁྲིད་ཅིག་སྤེལ་བ་ལ་དགའ་བསུ་ཆེན་པོ་ཐོབ་འདུག །འཆད་ཁྲིད་དེའི་དམིགས་ཡུལ་དང་ཁྱད་ཆོས་ཅི་འདྲ་ཡིན་ལགས།

བསྟན་འཛིན་ཡེ་ཤེས། གོང་དུ་གླེང་བ་ནང་བཞིན་ང་རང་གིས་རིག་གནས་འདི་རྒྱུད་འཛིན་དར་སྤེལ་བཏང་ནས་ལྷག་པར་དུ་གཞོན་རབས་པ་རྣམས་ལ་ཤེས་སུ་འཇུག་པ་དང་དེར་དགའ་མོས་བྱུང་ཐུབ་པའི་རེ་བ་ཡོད། དེང་རབས་ཀྱི་ན་གཞོན་རྣམས་ལ་མཚོན་ན་བོད་ཀྱི་ཟློས་གར་ལ་རྒྱུས་ལོན་ཆེན་པོ་མེད་སྟབས་དེའི་ཐད་ནས་དོ་སྣང་མེད་པ་རེད་འདུག །རྒྱུ་མཚན་དེ་འདྲ་ཞིག་གིས་རྐྱེན་ང་ཚོས་འཆད་ཁྲིད་དེ་བཀོད་སྒྲིག་བྱས་པ་དང་། འཆད་ཁྲིད་ཀྱི་རྣམ་པའང་འཁྲབ་སྟོན་དང་གཞུང་ལུགས་ཀྱི་འགྲེལ་བ་སོགས་གཞི་གཅིག་ཏུ་འདུས་པས་གསར་གཏོད་ཆེན་པོ་ཞིག་ཡིན་འདོད་ལ་དགའ་བསུའང་ཆེན་པོ་ཐོབ་བྱུང་།

གསར་འགོད་པ། ཉེ་སྔོན་ཁྱེད་ཀྱིས་རྒྱལ་ཡོངས་རང་བཞིན་གྱི་རོལ་དབྱངས་འགྲན་སྡུར་ཞིག་གི་ཐོག་ནས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་འདུག །འགྲན་སྡུར་དེ་ལྟ་བུར་ཞུགས་པའི་ཐོག་མའི་ཀུན་སློང་ངམ་དེ་བཞིན་ཁྱེད་རང་ལ་བློ་སྐྱེད་ཅི་འདྲ་འདུག་ལགས།

བསྟན་འཛིན་ཡེ་ཤེས། གོ་སྐབས་འདི་ང་རང་ལ་མཚོན་ན་དེ་སྔོན་བསམ་མ་མྱོང་བའམ་བསམ་མ་ཕོད་པ་ཞིག་རེད། ཐ་ན་ཕྱིར་བྱོལ་གྱི་བསམ་བློའང་བྱུང་མོད། ཡིན་ཡང་ཁྱིམ་མི་དང་གྲོགས་པོའི་སྐུལ་སློང་འོག་འགྲན་སྡུར་དེར་ཞུགས་པ་ཡིན། ཟླ་ངོ་དྲུག་རིང་གི་འགྲན་སྡུར་ལས་ང་ལ་སྤོབས་པ་བསྐྱེད་དེ། སྒྲ་སྙན་དཀྲོལ་སྟངས་ལ་གསར་གཏོད་ཆོག་པའི་བློ་རྒྱ་བསྐྱེད་བྱུང་།

དེ་ཡང་བསྟན་འཛིན་ཡེ་ཤེས་ལགས་ཀྱིས་བཤད་པ་ནང་བཞིན། ཁོང་ཚོས་དུས་རབས་དང་བསྟུན་པའི་ཁ་ཕྱོགས་དང་ཐབས་ལམ་གསར་པ་ཞིག་གི་རྣམ་པས་བོད་ཀྱི་ཟློས་གར་རིག་གནས་དེ་མ་ཉམས་གོང་འཕེལ་དུ་བཏང་དང་གཏོང་བཞིན་པ་གདོན་མི་ཟའོ། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1