ལྷ་སར་གསའ་ཡི་གཟུགས་བརྙན་པར་ལེན་ཐུབ་འདུག

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་དྲ་བ། སྤེལ་དུས། 04-29


     ཚེས་27ཉིན་གསར་འགོད་པས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་སྲིད་གཞུང་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཉེ་ཆར་པེ་ཅིང་སློབ་ཆེན་སྐྱེ་དངོས་རིག་པའི་དགེ་རྒན་ཆེན་མོ་དང་། རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་གསར་གཏོད་པ་ལུའི་ཀྲི་ཡིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པས། ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་གནས་ནང་དགོན་གྱི་རྒྱབ་རི་ནས་གསའ་ཡི་དམར་ཕྱིའི་གཟུགས་བརྙན་ཟིན་ཐོ་འགོད་ཐུབ་པ་བྱུང་། 
     དམར་ཕྱིའི་པར་ཆས་ཀྱི་ལྟ་ཞིབ་ཚད་ལེན་འདྲ་པར་ལས་མངོན་པར། ད་ལོའི་ཟླ་གསུམ་པར་རི་ཟུར་དུ་བཞག་པའི་དམར་ཕྱིའི་པར་ཆས་ཤིག་གི་མདུན་དུ་གསའ་ཞིག་སླེབས་ཤིང་། སྣ་ཡིས་དེར་བསྟུད་མར་རག་པ་མ་ཟད། པར་ཆས་ཀྱི་མདུན་དུ་དབུགས་རིང་འབྱིན་པ་རེད། 

འདི་ནི་བརྙན་དུ་ཕབ་པའི་གསའ་ཡི་གཟུགས་བརྙན་རེད། 


     གསའ་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཤིག་ཡིན་ཞིང་། རྒྱུན་དུ་གངས་ཐིག་གི་ཉེ་འགྲམ་དང་གངས་ཁྲོད་དུ་གནས་ཡོད་པ་རེད། རི་ཁུལ་གྱི་སྣོད་བཅུད་མ་ལག་གི་སྲོག་ཆགས་གཙོ་བོ་དང་རྩེར་སོན་གྱི་ཤ་གཟན་སྲོག་ཆགས་ཤིག་ཡིན་པའི་ངོས་ནས། གསའ་ནི་སྣོད་བཅུད་མ་ལག་ཆ་ཚང་རང་བཞིན་གྱི་མཚོན་རྟགས་གལ་ཆེན་ཞིག་རེད། ཞིབ་འཇུག་བྱས་པ་ལས་མངོན་པར། ཀྲུང་གོར་གསའ་འཚོ་སྡོད་བྱེད་ས་དང་གསའ་ཡི་ཁྱུ་ཚོགས་60%ཡོད་པ་དེས་གོ་ལ་ཧྲིལ་པོའི་གསའ་ཞིབ་འཇུག་དང་སྲུང་སྐྱོང་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད།
     ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཀྱི་ལྟ་ཞིབ་ཚད་ལེན་ནང་ཟིན་འགོད་བྱས་པའི་གསའ་ཡི་གནས་ས་དེ། ལྷ་ས་གྲོང་ཁྱེར་གྱི་ལྟེ་གནས་དང་ཐད་ཀར་བར་ཐག་སྤྱི་ལེ་50ཡང་ཟིན་གྱི་མེད། ཞིབ་འཇུག་བྱས་པ་ལས་མངོན་པར། ལྷ་སའི་ཉེ་འཁོར་གྱི་རི་ཁུལ་མང་པོ་ཞིག་ནི་གསའ་ཡི་མི་མངོན་པའི་ཁྱབ་ཁུལ་གལ་ཆེན་ཞིག་ཡིན་སྲིད་ལ། གསའ་སྲུང་སྐྱོང་དང་སླར་གསོ་བྱེད་པའི་མི་མངོན་པའི་སྟོབས་ཤུགས་ཧ་ཅང་ཆེན་པོ་ལྡན་ཡོད་པས། སླད་ཕྱིན་ཞིབ་འཇུག་དང་སྲུང་སྐྱོང་རྒྱུན་མཐུད་བྱེད་དགོས་ཀྱི་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1