ནུས་པ་ཆེན་པོ་འདོན་ཐུབ་པ་དང་ལས་འགན་ལྗིད་པོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་བར་བརྩོན་དགོས།
ཞི་ཅིན་ཕིང། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-05
ད་ལོ་ནི་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་བའི་དུས་ཡིན་ཞིང་། ཏང་ཡོངས་ཀྱིས་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་སྤེལ་བཞིན་ཡོད་པ་དང་། ཚང་མ་ཀྲུང་དབྱང་ཏང་གི་སློབ་གྲྭར་སློབ་སྦྱོང་བྱེད་པར་བཀོད་སྒྲིག་བྱས་ཡོད། ཅུང་རྒྱུད་རིམ་ལྡན་པའི་ཏང་གཤིས་སློབ་གསོ་དང་རིགས་པའི་གཞུང་ལུགས་ཀྱི་གསོ་སྦྱོང་དང་ལེན་བྱ་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ་བ་ཞིག་རེད། གཞོན་དར་འཛིན་གྲྭ་རེ་རེའི་འགོ་ཚུགས་མཛད་སྒོའི་ཐོག་ངས་གཏམ་བཤད་རེ་བྱེད་དགོས་དོན་ནི་གཙོ་བོ་ཚང་མར་སྙིང་གཏམ་རེ་གླེང་རྒྱུ་དང་། ཚང་མར་བླང་བྱ་ཕྲན་བུ་རེ་འདོན་རྒྱུ་དེ་ཡིན།
དང་པོ། དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་བྱེད་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ངས་ཏང་ཡོན་དང་ལས་བྱེད་པས་ངེས་པར་དུ་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་དགོས་ཞེས་ནན་བཤད་ཡང་ཡང་བྱེད་ཀྱི་ཡོད། ངས་གནད་དོན་འདི་ནན་བཤད་ཡང་ཡང་བྱེད་དགོས་དོན་ནི་དུས་སྐབས་ཤིག་རིང་ནོར་འཁྲུལ་གྱི་བསམ་བློ་དང་མགོ་རྨོངས་པའི་འདུ་ཤེས་སྣ་ཚོགས་ཀྱི་ཤུགས་རྐྱེན་ཐེབས་པའི་དབང་གིས་ཏང་ཡོན་དང་ལས་བྱེད་པ་མང་པོ་ཞིག་གིས་གུང་ཁྲན་ཏང་མིའི་ཕུགས་བསམ་དང་དད་སེམས་དོར་ནས་ཁེ་ཕན་ཁོ་ན་གཉེར་བ་ལས་ཕུགས་བསམ་ལ་དོ་སྣང་མི་བྱེད་པ་དང་། སྒེར་དོན་ཁོ་ན་གཉེར་བ་ལས་དད་མོས་ལ་དོ་སྣང་མི་བྱེད་པའི་རྐྱེན་གྱིས་ཡིན།
ཀྲུང་གོའི་གུང་ཁྲན་ཏང་ནི་དབུ་བརྙེས་ནས་ལོ་ངོ་བརྒྱ་འཁོར་རིང་ཐོག་མཐའ་བར་གསུམ་དུ་བླ་ན་མེད་པའི་ཕུགས་བསམ་དང་ཡིད་ཆེས་བརྟན་པོ་ཡོད་པའི་ཏང་ཞིག་ཡིན། ཕུགས་བསམ་དང་དད་སེམས་དེ་ནི་མར་ཁེ་སིའི་རིང་ལུགས་ཀྱི་དད་སེམས་དང་། གུང་ཁྲན་རིང་ལུགས་ཀྱི་རྒྱང་རིང་ཕུགས་བསམ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཐུན་མོང་ཕུགས་བསམ་བཅས་ཡིན། ཕུགས་བསམ་དང་དད་སེམས་ནི་ཀྲུང་གོའི་གུང་ཁྲན་ཏང་མིའི་བསམ་པའི་ཀ་རྟེན་དང་ཆབ་སྲིད་ཀྱི་བླ་སྲོག་ཡིན་ལ། ཏང་གི་མཐུན་སྒྲིལ་གཅིག་གྱུར་རྒྱུན་འཁྱོངས་བྱེད་པའི་བསམ་བློའི་རྨང་གཞི་ཡང་ཡིན། ངས་ཐོག་མཐའ་བར་གསུམ་དུ་ནན་བཤད་བྱས་དོན། ང་ཚོའི་ཏང་གི་ཕུགས་བསམ་དང་དད་སེམས་ཐད་རབ་བེ་རིབ་བེ་དང་ཚམ་མེ་ཚོམ་མེ་བྱེད་མི་རུང་བར་དར་ཆ་གསལ་སྒྲེང་དང་བདེན་ཡོད་ཞུམ་མེད་བྱེད་དགོས། ནམ་ཞིག་གུང་ཁྲན་ཏང་གིས་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་དོར་ཚེ། སྲིད་ཏང་གཞན་དག་དང་ངོ་བོའི་ཐོག་ཁྱད་པར་མེད་པས། བསམ་པའི་སྒུལ་ཤུགས་དང་བསམ་པའི་འབྲེལ་ཐག་མེད་པར་འགྱུར་སྲིད་པ་དང་། ཕམ་ཁའི་ལས་དབང་ལས་ལྡོག་ཐབས་བྲལ། དེར་བརྟེན། ཕུགས་བསམ་དང་དད་སེམས་ནི་གུང་ཁྲན་ཏང་མིའི་བསམ་པའི་ཐོག་གི་“ཀལ་”ཡིན་པས། གལ་ཏེ་གུང་ཁྲན་ཏང་མིར་ཕུགས་བསམ་དང་དད་སེམས་མེད་ན། བསམ་པའི་ཐོག་“ཀལ་མི་འདང་བ་”དང་། “རུས་སོབ་ནད་”ཕོག་སྲིད་པས། ཆབ་སྲིད་ཐོག་ངོ་བོ་འགྱུར་བ་དང་། དཔལ་འབྱོར་ཐོག་འདོད་རྔམ་ཆེ་བ། ཀུན་སྤྱོད་ཐོག་སྒྱིད་ལུག་ཏུ་འགྱུར་བ། འཚོ་བའི་ཐོག་རུལ་སུངས་སུ་འགྱུར་བ་བཅས་ཡོང་ངེས་རེད་ཅེས་ངས་ཡང་ཡང་ནན་བཤད་བྱས་ཡོད།
ཏང་ཡོན་ལས་བྱེད་པའི་ངོས་ནས་བཤད་ན། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པའམ་ཡང་ན་ཀླད་པའི་ནང་མི་སྒེར་གྱི་ཁེ་འདོད་ཀྱིས་ཁེངས་ཡོད་མེད་ནི་མི་གང་དེའི་བསམ་བློའི་གོ་རྟོགས་དང་བྱ་སྤྱོད་ཐག་གཅོད་བྱེད་ཀྱི་ཡོད། ཏང་ཡོན་ལས་བྱེད་པར་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ན། ད་གཟོད་ཉམས་སད་སྣ་ཚོགས་ཐེག་ཐུབ་པ་དང་། གོམ་ཁ་བརྟན་པོས་རྒྱང་རིང་དུ་སྐྱོད་ཐུབ། ཕུགས་བསམ་དང་དད་སེམས་མེད་པའམ་ཡང་ན་ཕུགས་བསམ་དང་དད་སེམས་བརྟན་པོ་མེད་ན། རླུང་གསེད་དང་རླབས་གཤགས་ཐེག་མི་ཐུབ་པ་དང་། འགག་རྩའི་དུས་སུ་སྒེར་སེམས་སྣ་ཚོགས་སྐྱེས་ཤིང་ཐ་ན་དམག་རྒྱག་ཁར་བྲོས་འགྲོ་གི་རེད། འཚོ་བ་དངོས་ཀྱི་ནང་དུ་ཏང་ཡོན་དང་ལས་བྱེད་པ་འགའ་ཞིག་གི་བསམ་བློ་སྟོང་པ་དང་། བློ་སྟོབས་ཉམས་པ། རྒྱུ་ནོར་གྱི་བྲན་དུ་གྱུར་ཅིང་། གསེར་དངུལ་གོང་དུ་བཀུར་བ་དང་། ཁེ་གྲགས་མཆོག་ཏུ་བརྩི་བ། ལོངས་སྤྱོད་བླ་མེད་དུ་འཛིན་པ་བཅས་ལ་དད་མོས་བྱེད་ཅིང་། མི་ཉུང་ཤས་ཤིག་གིས་ཏང་དང་མི་དམངས་ཀྱིས་སྤྲད་པའི་དབང་ཆ་དེ་སྒེར་ཕན་སྒྲུབ་པའི་བྱ་ཐབས་སུ་བརྩིས་ཏེ། རུལ་སུངས་ཀྱི་གཡང་གཟར་དུ་ལྷུང་། དེ་ནི་མཐར་གཏུགས་ནས་བཤད་ན་ཕུགས་བསམ་དང་དད་སེམས་ལ་གཡོ་འགུལ་ཐེབས་པ་ལས་བྱུང་བ་རེད།
ངས་རྒྱུན་དུ་གུང་ཁྲན་ཏང་མིའི་“ནང་སེམས་རིག་པ་”སྦྱོང་བརྡར་བྱ་དགོས་ཞེས་བཤད་པ་དང་། སློབ་སྦྱོང་བསམ་བློ་བེད་སྤྱོད་གསུམ་མཉམ་སྦྲེལ་དང་། ཤེས་རྟོགས་ཡིད་ཆེས་ཉམས་ལེན་གསུམ་གཅིག་གྱུར་བྱ་རྒྱུ་རྒྱུན་འཁྱོངས་བྱེད་དགོས་ཞེས་པའི་དམིགས་ཡུལ་གལ་ཆེན་ཞིག་ནི་ཏང་ཡོན་ལས་བྱེད་པས་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཏང་གཤིས་ཤུགས་ཆེ་རུ་གཏོང་བའི་བླང་བྱ་བཏོན་པ་དེ་རེད། ཕུགས་བསམ་དང་དད་སེམས་བརྟན་པོ་ཆགས་པ་བྱ་རྒྱུ་དེ་བྱེད་ཐེངས་གཅིག་ལ་འགྲུབ་པ་ཞིག་མིན་ལ་དཀའ་བ་སྤྱོད་ཐེངས་གཅིག་ལ་གཏན་བདེ་ཐོབ་པ་ཞིག་ཀྱང་མིན། རང་ཉིད་ཀྱིས་བློ་བརྟན་འགྱུར་མེད་བྱེད་འདོད་པ་ཙམ་ཡང་མ་ཡིན་པར་འཐབ་རྩོད་ཀྱི་ལག་ལེན་ནང་རྒྱུན་ཆད་མེད་པར་འབད་འབུངས་དང་ཚོད་བགམ་ཐེག་ཐུབ་པ་བྱེད་དགོས་པ་མ་ཟད། ཚོད་བགམ་དེ་རིགས་ནི་དུས་ཡུན་རིང་པོ་ཞིག་ཡིན་པ་དང་དཀའ་སྡུག་ཆེ་བ་ཞིག་ཀྱང་ཡིན་པས་མཐར་གཏུགས་ན་མི་ཚེ་ཧྲིལ་པོར་ཐེག་དགོས་པ་རེད། གྲངས་ལས་འདས་པའི་གསར་བརྗེའི་སྔོན་གཤེགས་དཔའ་བོ་རྣམས་གསར་བརྗེའི་ལམ་དུ་བསྐྱོད་པ་དང་། ཐོག་མར་ཁོ་ཚོས་རྒྱལ་ཁབ་དང་མི་དམངས་སྐྱོབ་ཆེད་བདེན་དོན་འཚོལ་ཞིབ་ཟམ་མི་འཆད་པར་བྱས་ནས་མཐར་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་བདམས་པ་རེད། ཉེ་ཆར་བསྟན་པའི་མུ་འབྲེལ་བརྙན་འཕྲིན་ཟློས་གར་《གོ་རྟོགས་སད་པའི་ལོ་ཟླ་》ཞེས་པ་དེས་ང་ཚོའི་ཏང་གི་སྔ་དུས་ཀྱི་འགོ་ཁྲིད་པ་རྣམས་གསོན་ཉམས་ལྡན་པའི་ངང་མཚོན་པར་བྱས་ཡོད་ཅིང་། ཆར་རླུང་དྲག་པོ་རྡོ་བ་ལྟར་འབབ་པའི་འཐབ་རྩོད་ཀྱི་གནས་བབ་དང་། རྣམ་པ་སྣ་ཚོགས་པའི་རིང་ལུགས་ལ་ཁ་གཏད་དེ། མཇུག་མཐར་བློ་བརྟན་འགྱུར་མེད་ཀྱིས་མར་ཁེ་སིའི་རིང་ལུགས་དང་གུང་ཁྲན་རིང་ལུགས་བདམས་ཡོད། ཚང་མས་ཕལ་ཆེར་བལྟས་ཡོད་ཚོད་རེད། ལི་ཏ་ཀྲའོ་ཡིས་“མི་ཚེའི་དམིགས་ཡུལ་ནི་རང་ཉིད་ཀྱི་ཚེ་སྲོག་འཕེལ་རྒྱས་གཏོང་ཆེད་ཡིན་མོད། འོན་ཀྱང་འཕེལ་རྒྱས་ཀྱི་ཆེད་དུ་ངེས་པར་དུ་ཚེ་སྲོག་བློས་གཏོང་དགོས་པའི་དུས་ཀྱང་ཡོད། བླ་ན་མེད་པའི་འཚོ་བ་ནི་རྟག་ཏུ་བརྗིད་ཉམས་ཆེ་བའི་ངང་རང་སྲོག་བློས་གཏོང་བའི་ཁྲོད་མཐོང་ཐུབ་”ཅེས་གསུངས་པ་རེད། ལི་ཏ་ཀྲའོ་ཡིས་ལག་དམར་དང་བཤན་གྲིའི་མདུན་དུ་དྲང་བདེན་གྱི་དོན་དུ་དཔའ་ངར་ཞུམ་མེད་ཀྱིས་རང་སྲོག་བློས་བཏང་བ་དང་། ཁོང་གི་ཕུགས་བསམ་དང་དད་སེམས་ནི་འགྲན་ཟླ་བྲལ་བ་ཞིག་ཡིན་པ་ལག་ལེན་གྱི་ཐོག་ནས་ར་འཕྲོད་བྱུང་བ་རེད། ཏང་གི་ལོ་བརྒྱའི་ལོ་རྒྱུས་ནས་བལྟས་ན། ཏང་ཡོན་ཁྲི་སྟོང་མང་པོས་ཁྲག་མེ་དང་འཆི་གསོན་གྱི་ཉམས་སད་ཐེག་པ་དང་། ཏང་ཡོན་གྲངས་མེད་ཀྱིས་ཕུགས་བསམ་དང་དད་མོས་ཀྱི་ཆེད་དུ་རྩ་ཆེའི་ཚེ་སྲོག་སྐྱེས་སུ་ཕུལ་ཡོད་མོད། དཀའ་ཚེགས་ཆེ་བའི་ཆ་རྐྱེན་དང་གདུག་རྩུབ་ཆེ་བའི་འཐབ་རྩོད་ནང་མི་མི་ཉུང་བ་ཞིག་ལ་གཡོ་འགུལ་ཐེབས་པ་མ་ཟད་ཐ་ན་རང་ཉིད་ཀྱི་ཕུགས་བསམ་དང་དད་སེམས་ལ་རྒྱབ་འགལ་ཀྱང་བྱས་ཡོད། ཏང་གི་ཚོགས་ཆེན་དང་པོའི་ཐོག་ཞུགས་པའི་མི་13གྱི་ཁྲོད་དུ། ཝང་ཅིན་མེ་དང་། ལི་ཧན་ཅུན། ཏེང་ཨེན་མིང་། ཧོ་ཧྲུའུ་ཧེང་། ཁྲེན་ཐན་ཆིའུ་བཅས་མི་5ཡིས་རང་སྲོག་བློས་བཏང་བ་དང་། མི་འགའ་ཞིག་ཏང་དང་ཁ་བྲལ་ཞིང་། ཁྲེན་ཀུང་པོ་དང་། ཀྲོའུ་ཧྥོ་ཧའེ། ཀྲང་གོ་ཐའོ་བཅས་མི་3ལ་རྒྱ་ཤོར་ནས་ཏང་ལ་རྒྱབ་གཏོད་བྱས། རྦ་རླབས་ཆེན་པོས་བྱེ་མ་བཙགས་པ་ནི་ལོ་རྒྱུས་ཀྱི་ཆོས་ཉིད་ཡིན། དེ་ཡང་ལུའུ་ཞུན་གྱིས་“མཐར་ཐུག་གི་དམིགས་ཡུལ་མི་འདྲ་བའི་དབང་གིས་མདུན་དུ་སྐྱོད་སྐབས་སུ་དུས་དང་རྣམ་པ་ཀུན་ཏུ་དམག་ཁོངས་ནས་ཕྱིར་ལོག་པའི་མི་དང་། བྲོས་བྱོལ་བྱེད་པའི་མི། ཨ་ཐང་ཆད་པའི་མི། ངོ་ལོག་བྱེད་པའི་མི་བཅས་ཡོད་སྲིད་མོད། འོན་ཀྱང་དེ་ལྟར་བྱས་ཚེ་ཕྱིས་སུ་དཔུང་སྡེ་དེ་ཉིད་དེ་ཙམ་གྱིས་དྭངས་གཙང་དང་ཧྲག་ཤོས་ཤིག་ཏུ་འགྱུར་གྱི་ཡོད་”ཅེས་གསུངས་པ་ལྟར་རེད། ན་གཞོན་ལས་བྱེད་པས་ཡིད་ལ་བརྟན་པོར་ངེས་དགོས་པ་ཞིག་ནི།ཕུགས་བསམ་དང་དད་སེམས་བརྟན་པོ་ཡོང་བར་བྱ་རྒྱུ་ནི་ཚེ་གང་པོའི་ཞིབ་འཇུག་བྱ་གཞི་ཞིག་ཡིན་པས། རྒྱུན་དུ་སྦྱོང་བརྡར་བྱེད་དགོས་པ་དང་། ཚེ་གང་པོར་ཡིད་ཆེས་དང་ཚེ་གང་པོར་སྲུང་སྐྱོབ་བྱེད་དགོས། བློ་གཅིག་སེམས་གཅིག་མི་བྱེད་པ་དང་། ལས་མཐའ་མ་འཁྱོལ་བ། ཐ་ན་ཐོག་མའི་བསམ་འདུན་ལ་རྒྱབ་གཏོད་སོགས་བྱས་ན་གནད་དོན་ཆེན་པོ་འབྱུང་ངེས་རེད།
ཕུགས་བསམ་དང་དད་སེམས་བརྟན་པོ་དང་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུ་གཉིས་བར་འབྲེལ་བ་དམ་ཟབ་ཡོད། ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་ཚེ་གཞི་ནས་ཏང་ལ་བློ་དཀར་སེམས་དཀར་བྱེད་ཐུབ་ཅིང་། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་ནི་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པའི་འགྲེལ་བཤད་ཡག་ཤོས་ཤིག་རེད། བརྩམས་སྒྲུང་《ཧུང་ཡན་》ཞེས་པའི་ནང་ལིའུ་སི་དབྱང་གི་མ་དཔེ་ལིའུ་གོ་ཀྲི་ནི་སི་ཁྲོན་གྱི་འབྱོར་ཕྱུག་ལྡན་པའི་ཁྱིམ་ཚང་ཞིག་ཏུ་སྐྱེས། ངོ་ལོག་པས་བསླུ་ནས་བཙོན་དུ་བཅུག་པ་རེད། མྱུལ་མས་ཁོ་ལ་རྩ་འཛུགས་ཡར་སྤྲོད་དང་། ཚགས་པར་ཐོག་བཀོད་ནས་ཏང་ལས་ཕྱིར་བུད་ན་ལམ་སང་གློད་འགྲོལ་གཏོང་ཐུབ་ཅེས་ཁ་ཏ་བྱས། མགོ་སྒུར་བའི་ཁ་ཏ་དེ་འདྲ་ལ། ཁོང་གིས་ཚིག་ཐག་རྦད་བཅད་ཀྱིས་ལན་བཏབ་སྟེ། ང་ཤི་ནའང་ཏང་ཡོད་པས་གསོན་པ་དང་གཉིས་སུ་མེད། ངས་རྩ་འཛུགས་བསླུས་ཚེ། གསོན་པོར་བསྡད་ཀྱང་དོན་སྙིང་ཅི་ཞིག་ཡོད་དམ། བློ་མཐུན་ཁྲེན་དབྱིས་“གསར་བརྗེ་ལ་བློ་བརྟན་འགྱུར་མེད་གཙོ་བོ་ཡིན་པ་”དེ་ཚེ་གང་གི་གདམས་ངག་དུ་བརྩིས། ཁོས་ནན་ཁྲང་འོས་ལངས་ཀྱི་རྗེས་མ་ཆོད་མོད། རྗེས་སུ་དཀའ་ངལ་མང་པོ་ཁྱད་དུ་བསད་དེ་འོས་ལངས་རུ་ཁག་རྙེད། ཐེན་ཞིན་ཞུས་ལ་སླེབས་སྐབས་སུ་རུ་དཔུང་ལ་མི་800ལས་ལྷག་མེད་པ་དང་། ཁོས་བློ་མཐུན་ཀྲུའུ་ཏེ་ལ་རོགས་བྱས་ཏེ་དམག་དཔུང་མཉམ་དུ་བསྡུས་པར་མ་ཟད། ཚང་མར་“རྒྱལ་ཁའི་ངང་འཕེལ་རྒྱས་བྱུང་བའི་གནས་ཚུལ་འོག་ཏུ་དཔའ་བོ་བྱེད་རྒྱུ་ནི་ལས་སླ་མོ་ཞིག་ཡིན། ཕམ་ཁའི་ངང་ཕྱིར་བྱོལ་བྱེད་པའི་གནས་ཚུལ་འོག་ཏུ་དཔའ་བོ་བྱེད་རྒྱུ་ཧ་ཅང་དཀའ་ཁག་ཆེ། ཕམ་ཁ་བརྒྱུད་མྱོང་བའི་དཔའ་བོ་ནི་དཔའ་བོ་ངོ་མ་རེད། ང་ཚོས་ཕམ་ཁའི་སྐབས་ཀྱི་དཔའ་བོ་བྱེད་དགོས་”ཞེས་གསུངས། ཏང་ལ་བློ་དཀར་སེམས་དཀར་བྱེད་པ་ནི་ཁོང་ལྟ་བུ་ཡིན་དགོས། བདེ་བླག་གམ་འགོག་རྐྱེན་གང་ལ་འཕྲད་ཀྱང་། བློ་བརྟན་འགྱུར་མེད་ཀྱིས་ཏང་གི་རྗེས་སུ་འབྲངས་པ་དང་འཆི་དགོས་ཀྱང་འགྱོད་པ་སྤུ་ཙམ་མེད།
ཏང་ཡོན་ལས་བྱེད་པས་ཏང་ལ་བློ་དཀར་སེམས་དཀར་ཡིན་མིན་ཞིབ་བཤེར་བྱེད་སྐབས། གསར་བརྗེའི་ལོ་རབས་སུ་ཏང་དང་མི་དམངས་ཀྱི་བྱ་གཞག་གི་ཆེད་དུ་གདོང་མཆོང་དཔུང་གཏོར་དང་རང་སྲོག་བློས་གཏོང་ཐུབ་མིན་ལ་བལྟ་དགོས་པ་དང་། ཞི་བདེའི་དུས་སྐབས་སུའང་ཞིབ་བཤེར་གྱི་ཚད་གཞི་གསལ་པོ་ཡོད་དགོས། དཔེར་ན། ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་ཐུབ་མིན། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཀྱི་ཐོག་ནས་རང་རྟོགས་ངང་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་མཐུན་ཡོང་ཐུབ་མིན། ཏང་གི་རིགས་པའི་གཞུང་ལུགས་དང་། ལམ་ཕྱོགས། བྱེད་ཕྱོགས། སྲིད་ཇུས་བཅས་བློ་ཐག་ཆོད་པོས་ལག་ལེན་མཐར་ཕྱིན་བསྟར་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་ཇི་མ་ཇི་བཞིན་དོན་ཐོག་ཏུ་འཁྱོལ་ཐུབ་མིན། ཏང་གི་ཆབ་སྲིད་སྒྲིག་ཁྲིམས་དང་ཆབ་སྲིད་སྒྲིག་ལམ་ནན་སྲུང་བྱས་ཏེ། ཆབ་སྲིད་ཐད་ཀྱི་བསམ་ཤེས་ཅན་དང་མི་དྲང་མོ་བྱེད་ཐུབ་མིན། ཏང་དང་མི་དམངས་ཀྱི་བྱ་གཞག་ཐམས་ཅད་ལས་བླ་ལྷག་ཏུ་འཛིན་པ་རྒྱུན་འཁྱོངས་བྱེད་ཐུབ་མིན་དང་། རྩ་འཛུགས་ཀྱི་ཆོད་དོན་རང་རྟོགས་ཀྱིས་ལག་བསྟར་བྱེད་ཐུབ་མིན། རྩ་འཛུགས་ཀྱི་བཀོད་སྒྲིག་དང་ལེན་བྱེད་ཐུབ་མིན་སོགས་ཚང་མ་ནི་ཏང་ལ་བློ་དཀར་སེམས་དཀར་ཡིན་མིན་ལ་ཐད་ཀར་ཞིབ་བཤེར་བྱེད་པའི་ཚད་གཞི་ཡིན། དུས་ཡུན་རིང་པོའི་ནང་ང་ཚོའི་ཏང་ལ་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་ཞིག་ཡོད་པ་དེ་ནི་ཏང་གིས་གང་བྱེད་དེ་སྒྲུབ་དང་། ཏང་གིས་གང་དུ་མངགས་ན་དེ་གར་འགྲོ་བ། གང་དུ་བྱ་གཞག་ཡོད་ན་དེ་གར་ཁྱིམ་གཞིས་ཡོད་པ། ཚིག་ལོག་མེད་པ་དང་འཁང་ར་སྤུ་ཙམ་མེད་པ་ཡིན། དེ་རིང་ང་ཚོས་སྔར་བཞིན་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་དང་སྤྱོད་ཚུལ་བཟང་པོ་འདི་དར་སྤེལ་ཤུགས་ཆེན་གཏོང་དགོས། ད་ལྟ་ལས་བྱེད་པ་ལ་ལ་ཞིག་“པེ་ཧྲང་ཀོང་”ཁོ་ནར་འདུག་འདོད་པ་ལས་“ཞིན་ཞི་ལན་”ལ་འགྲོ་འདོད་མེད། སྤྱོད་ཚུལ་དེ་ལ་ཕུགས་བསམ་དང་དད་སེམས་བརྟན་པོ་ཡོད་པ་དང་ཏང་ལ་བློ་དཀར་སེམས་དཀར་བྱས་པ་རེད་ཅེས་བརྗོད་མི་རུང་། རྩ་འཛུགས་ཀྱིས་ན་གཞོན་ལས་བྱེད་པར་དཀའ་ཚེགས་ཆེ་བའི་ས་མཐའི་ཁུལ་དུ་ལས་ཀ་བཀོད་སྒྲིག་བྱེད་པ་ནི་དེ་ལ་ཡིད་ཆེས་བྱས་པ་ཡིན་ལ་དེ་བས་ཀྱང་གསོ་སྐྱོང་བྱས་པ་ཡིན་པས། ན་གཞོན་ལས་བྱེད་པས་གཟི་བརྗིད་འདོད་ནས་གཞན་གྱི་སྔོན་ལ་བརྩོན་ལེན་བྱེད་དགོས་པ་ལས་ཡང་བར་དགའ་ཞིང་ལྗིད་པར་སྐྲག་པ་དང་། ལེགས་འདེམས་ཞན་དོར་བྱེད་པ། ཐོབ་ཤོར་ལ་སྐྲག་པ། རིན་གོང་གཏམ་པ་བཅས་བྱེད་མི་རུང་། ཏང་གི་རྩ་འཛུགས་ཀྱིས་བཀོད་སྒྲིག་བྱས་པའི་ལས་ཀའི་མདུན་དུ་ཚམ་མེ་ཚོམ་མེ་བྱེད་པ་དང་བསམ་རྒྱུ་དྲན་རྒྱུ་མང་བའི་ལས་བྱེད་པ་དེ་རིགས་ནི་བློས་འཁེལ་བའི་ངང་བེད་སྤྱོད་བྱེད་མི་རུང་། འགག་རྩའི་དུས་སུ་སླེབས་སྐབས་གནད་དོན་འབྱུང་ངེས་ཡིན། དཀའ་ཚེགས་ཆེ་བའི་སྦྱོང་བརྡར་བྱས་ཚེ་གྲུབ་འབྲས་ཐོབ་པ་དང་། གྲི་རྡོ་ལ་བརྡར་དགོས་པ་དང་མི་ལས་ཀའི་ཁྲོད་སྦྱོང་བརྡར་བྱེད་དགོས། ཆར་རླུང་མི་ཐེག་པ་དང་མཐོང་རྒྱ་ཆུང་བ་དག་གིས་ནི་མི་ཆེན་པོ་ཞིག་འཁྱོངས་དཀའ་བ་ཡིན།
གཉིས་པ། དོན་དངོས་ལ་གཙིགས་ཆེན་དང་དངོས་ཐོག་བདེན་འཚོལ་བྱེད་དགོས། བྱ་བ་གང་བྱེད་ཀྱང་དོན་དངོས་གཞིར་འཛིན་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ནི་ང་ཚོས་གནད་དོན་ལ་བསམ་བློ་གཏོང་བ་དང་། ཇུས་ཐག་གཅོད་པ། བྱ་བ་སྒྲུབ་པ་བཅས་ཀྱི་གཞི་འཛིན་ས་དང་རྐང་པ་འཛུགས་ས་ཡིན། བློ་མཐུན་མའོ་ཙེ་ཏུང་གིས་སྔ་ས་ནས་“གནས་ཚུལ་དངོས་ལ་གཞིགས་ནས་ལས་ཀའི་བྱེད་ཕྱོགས་གཏན་འཁེལ་བྱ་རྒྱུ་དེ་ནི་གུང་ཁྲན་ཏང་ཡོན་ཚང་མས་ངེས་པར་དུ་སེམས་ལ་བརྟན་པོར་ངེས་དགོས་པའི་ཆེས་གཞི་རྩར་གྱུར་པའི་ལས་ཀ་བྱེད་སྟངས་ཤིག་ཡིན་ཞེས་བསྟན། ང་ཚོར་ནོར་འཁྲུལ་བྱུང་བ་དེ་ནི་ང་ཚོས་སྐབས་དེའི་ས་གནས་དེ་གའི་གནས་ཚུལ་དངོས་མ་ལྟོས་པར་རང་སྣང་གང་ཤར་གྱིས་རང་གི་ལས་ཀའི་བྱེད་ཕྱོགས་གཏན་འབེབས་བྱས་པའི་རྐྱེན་གྱིས་རེད་”ཅེས་གསུངས་ཡོད། བློ་མཐུན་མའོ་ཙེ་ཏུང་གི་གསུང་ལ་དམིགས་འབེན་གསལ་པོ་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པའི་རྗེས་སུ་ངས་“བློ་སྦྱོང་ནན་པོ་དང་། དབང་ཚོད་ནན་པོ། རང་གཅུན་ནན་པོ་བཅས་བྱེད་དགོས་ལ། ལས་ཀ་དྲང་པོ་དང་། ལས་འབྱེད་དྲང་པོ། མི་དྲང་པོ་བཅས་བྱེད་དགོས་”ཞེས་གསལ་པོར་བཏོན་པ་མ་ཟད། ཏང་ཡོངས་སུ་ཆེད་དོན་སློབ་གསོ་ཡང་སྤེལ་ཡོད་དོན་ནི་དམིགས་ཡུལ་དེར་ཐུག་ཡོད། ཏང་ཀྲུང་དབྱང་གིས་བླང་བྱ་མང་པོ་བཏོན་ཡོད། དེ་དག་ཚང་མ་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ལག་ལེན་མཐར་ཕྱིན་དང་དོན་འཁྱོལ་ལེགས་པོ་བྱེད་དགོས།
དོན་དངོས་དང་བསྟུན་རྒྱུ་རྒྱུན་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་ནི་དོན་དངོས་ལ་ཟབ་འཇུག་དང་དོན་དངོས་ཤེས་རྟོགས་བྱ་རྒྱུ་དེ་ཡིན་ཞིང་། དེ་ལྟར་བྱས་ཚེ་གཞི་ནས་དངོས་ཐོག་བདེན་འཚོལ་བྱེད་ཐུབ། དེ་དང་འདྲ་བར་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་བཟུང་ན་གཞི་ནས་དོན་དངོས་ལ་ཟབ་འཇུག་དང་དོན་དངོས་ཤེས་རྟོགས་བྱེད་པར་མཐོང་ཆེན་བྱེད་ཐུབ། དོན་དངོས་ལ་རྒྱུས་ལོན་བྱ་དགོས་ན། བརྟག་དཔྱད་ཞིབ་འཇུག་གི་གཞི་རྩའི་ནུས་རྩལ་ཁོང་དུ་ཆུད་པར་བྱེད་དགོས། ད་ལྟ་ཕྱོགས་གང་ཅིའི་ཐད་ནས་བརྟག་དཔྱད་ཞིབ་འཇུག་ལ་མཐོང་ཆེན་བྱེད་ཀྱི་ཡོད་མོད། འོན་ཀྱང་ད་དུང་འབད་བརྩོན་སྔར་ལས་ཆེ་བ་བྱེད་དགོས། གནད་འགག་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་དངོས་གཉེར་བྱས་ཏེ་ཕྱི་ཚུལ་ཙམ་དུ་ལུས་པར་སྔོན་འགོག་བྱེད་དགོས། མིག་གཤམ་འོག་ལ་ལྟ་བ་དང་གོམ་སྟབས་འོག་རིམ་ལ་ཕྱོགས་ཏེ་རྒྱུན་དུ་སེམས་རྣལ་དུ་ཕབ་ནས་འཐབ་ཕྱོགས་དང་པོར་ཟབ་འཇུག་བྱེད་པ་དང་། ཐག་རིང་ཐུང་ཚང་མར་འགྲོ་དགོས་ལ། ལེགས་ཆ་དང་ཞན་ཆ་ཚང་མར་ལྟ་དགོས། ལས་བྱེད་པ་དང་མང་ཚོགས་ཀྱི་བསྔགས་བརྗོད་དང་སྐྱོན་བརྗོད་ཚང་མར་ཉན་ནས་གནས་ཚུལ་ངོ་མ་མཐིལ་རྟོགས་ཐུབ་པ་བྱེད་དགོས། ད་ལྟ་འཕྲིན་གཏོང་དར་རྒྱས་ཆེན་པོ་བྱུང་ཡོད་དེ། ཁ་པར་རྒྱག་པ་དང་། སྐད་འཕྲིན་བསྐུར་བ། རྒྱུ་ཆ་ལྟ་བ་བཅས་བྱས་ནས་གནས་ཚུལ་མང་པོ་ཤེས་ཀྱི་ཡོད་མོད། འོན་ཀྱང་དེ་དག་ལ་རིམ་པ་གཅིག་གིས་ཆོད་ཡོད་པས། ཡུལ་དངོས་ལ་བསྐྱོད་ནས་ལྟ་བ་དང་། དངོས་སུ་ཉན་པ། ཐད་ཀར་འདྲི་བ། “མི་མང་གཏམ་མང་”གིས་བགྲོ་གླེང་བྱེད་པ་སོགས་ལྟར་ངོ་མ་དང་གསོན་ཉམས་ལྡན་པ་ཞིག་མ་ཡིན། སྔོན་ཆད་རྒྱུན་དུ་སྤྱོད་པའི་“དངོས་སྡོད་བརྟག་ཞིབ་”དང་“བྱིའུ་ལ་གཤགས་དཔྱད་་་”བྱེད་པའི་བརྟག་དཔྱད་ཞིབ་འཇུག་བྱེད་སྟངས་ནི་སྔར་བཞིན་སྤྱོད་གོ་ཆོད་པ་ཞིག་རེད། ད་ལྟ་ང་ཚོས་ཚོད་ལྟ་བྱེད་ས་སྣ་ཚོགས་བཙུགས་ཡོད་ཅིང་། དེ་དག་ལེགས་འགྲུབ་བྱུང་རྗེས་རིམ་བཞིན་ཁྱབ་སྤེལ་གཏོང་བ་ནི་“བྱིའུ་གཤགས་དཔྱད་་”བྱེད་པའི་ཐབས་ཤེས་རེད། “རང་ལུས་”གཞི་རིམ་དུ་འཇུག་དགོས་ལ། “སེམས་པ་”ཡང་གཞི་རིམ་དུ་འཇུག་དགོས། སྐད་ཆ་དྲང་པོ་ཤོད་པ་དང་། གནས་ཚུལ་དངོས་ལ་རྟོག་ཞིབ་བྱེད་པ། གནད་དོན་ལ་ཞིབ་འཇུག་ངོ་མ་བྱེད་པ། གནད་དོན་ངོ་མ་ལ་ཞིབ་འཇུག་བྱེད་པ་བཅས་དགོས། ངོམ་སྟོན་ཙམ་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་པ་དང་། ཕྱི་ཚུལ་ཙམ་གྱི་བརྟག་དཔྱད་ཞིབ་འཇུག་བྱེད་པ། ཐུག་ཙམ་རེག་ཙམ་གྱི་བརྟག་དཔྱད་ཞིབ་འཇུག་བཅས་དེ་བས་ཀྱང་བྱེད་མི་རུང་བ་དང་། “དངོས་ཐོག་བདེན་འཚོལ་གྱི་བསམ་པ་མེད་ཅིང་། གཞན་བློ་འགུག་པའི་ཚུལ་འཆོས་ཀྱི་བསམ་པ་ཡོད་པ་”ནི་མི་རུང་ངོ་། ། དེ་ནི་ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཚབས་ཆེན་ཞིག་རེད། དབྱེ་ཞིབ་དང་བསམ་གཞིགས་གཏིང་ཟབ་བྱེད་པའི་ཐད་འབད་པ་བྱས་ཏེ། སྙིགས་དོར་བཅུད་ལེན་དང་རྫུན་དོར་བདེན་འཛིན་བྱེད་ཅིང། འདི་ནས་དེ་ཤེས་པ་དང་ཕྱི་ནས་ནང་རྟོགས་པ་བྱས་ཏེ། བྱ་དངོས་ཀྱི་ངོ་བོ་དང་ཆོས་ཉིད་རྙེད་པ་དང་། གནད་དོན་ཐག་གཅོད་བྱེད་ཐབས་རྙེད་པར་བྱེད་དགོས། སྤེལ་རེས་དང་། ཞིབ་བསྡུར། བསྐྱར་ཟློས་བཅས་ཀྱི་བྱ་ཐབས་ཡག་པོར་སྤྱོད་ཅིང་། མི་ཉུང་ཤས་ཚུད་པའི་ཕྱོགས་སོ་སོའི་བསམ་འཆར་དང་ངོ་རྒོལ་གྱི་བསམ་འཆར་ཉན་རྒྱུར་མཐོང་ཆེན་བྱས་ཏེ། ལངས་གཟུགས་ངང་དབྱེ་ཞིབ་དང་བསམ་བློ་ཡང་ཡང་བཏང་རྗེས་ལག་བསྟར་བྱེད་དགོས་པ་ལས་རང་ཤེད་ཚ་པོ་དང་ང་རྒྱལ་ཁེངས་དྲེགས་ལ་བཀག་འགོག་བྱེད་དགོས། ཕྱོགས་གཉིས་ཉན་ན་རིག་པ་གསལ་ཞིང་། ཕྱོགས་ལྷུང་བྱུང་ན་མུན་པ་འཐིབས་ངེས། སྐད་ཆ་མི་འདྲ་བ་ཐོས་པ་ནི་དོན་ངན་མིན། “དགག་སྒྲུབ་”ཐེངས་མང་བྱེད་པའི་བརྒྱུད་རིམ་བརྒྱུད་ན། གཞི་ནས་བསམ་གཞིགས་དང་ཇུས་ཐག་བཅད་པ་དོན་དངོས་དང་བསྟུན་ཐུབ།
ངས་དབུལ་སྐྱོར་གནད་འཕིགས་ཀྱི་འཐབ་ཇུས་བཏོན་པ་ནི་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་པའི་རྨང་གཞིའི་ཐོག་བཏོན་པ་ཡིན། དབུལ་སྒྲོལ་ནི་དབུལ་ཕོངས་མང་ཚོགས་ཀྱི་རེ་བ་ནན་པོ་ཡིན་ལ། གསར་བརྗེ་པ་རྒན་རབས་ཚོའི་ཡུན་རིང་གི་བསམ་འདུན་ཡང་ཡིན། གལ་ཏེ་དབུལ་སྒྲོལ་ལས་དོན་ཡག་པོ་བསྒྲུབ་མ་ཐུབ་ཚེ་ང་ཚོས་དབུལ་པོའི་ས་ཁུལ་གྱི་མི་སེར་ལ་ངོ་གནོང་དགོས་པ་མ་ཟད། གསར་བརྗེ་མཁས་ཅན་རྒན་རབས་ལ་ཡང་ངོ་གནོང་དགོས་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་གྲོལ་ནས་ཡུན་རིང་མ་སོང་བར། ང་ཧོ་པེ་ཧྥུ་ཕིང་རྫོང་དུ་དབུལ་ཐར་ལས་ཀར་རྟོག་ཞིབ་བྱེད་པར་ཕྱིན་པ་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་རང་ཡུག་གཅིག་ཏུ་འབྲེལ་བའི་དབུལ་ཕོངས་ས་ཁུལ་14ལ་བསྐྱོད་ཅིང་། ལོ་རེ་བཞིན་དང་རྟག་པར་འགྲོ་གི་ཡོད། དབུལ་ཕོངས་དུད་ཁྱིམ་ལ་ཐད་ཀར་ཕྱིན་ནས་དབུལ་ཕོངས་དངོས་ལ་བལྟས་ཤིང་། དབུལ་ཕོངས་དངོས་ལ་རོགས་རམ་བྱས། དབུལ་ཕོངས་ས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་བསམ་འཆར་ལ་ཐད་ཀར་ཉན་པ་དང་། དབུལ་སྐྱོར་བསམ་ཕྱོགས་དང་དབུལ་སྐྱོར་བྱེད་ཐབས་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ཞིང་། ལས་ཀར་སྐུལ་སྤེལ་ཟམ་མི་འཆད་པར་བཏང་བ་དང་། བརྩེ་སེམས་བཅངས་ནས་དམ་འཛིན་བྱས་ལ། ལག་ལེན་གྱི་དམ་འཛིན་ཡིད་ལ་བཟུང་ནས་དམ་འཛིན་བྱས་ཏེ། མཐར་ཏང་ཡོངས་དང་རྒྱལ་ཡོངས་ཀྱི་ཐུན་མོང་འབད་བརྩོན་འོག་དབུལ་ཐར་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཐོབ་པ་དང་། དབུལ་ཕོངས་ས་ཁུལ་གྱི་རྒྱ་ཆེའི་མང་ཚོགས་རྣམས་དགའ་སྤྲོ་སྐྱེ་བཞིན་ཡོད་ལ། འདས་ཟིན་པའི་གསར་བརྗེ་པ་རྒན་རབས་རྣམས་ལའང་སེམས་གསོ་ཐེབས་ངེས་རེད།
དོན་དངོས་ལ་གཞི་འཛུགས་པ་དང་དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱ་རྒྱུ་ནི་བསམ་བློ་གཏོང་སྟངས་ཐད་ཀྱི་གནད་དོན་ཙམ་མ་ཟད་ཏང་གཤིས་ཤུགས་ཆེ་ཆུང་གི་གནད་དོན་ཡང་རེད། མིག་སྔའི་ལས་བྱེད་པའི་དཔུང་སྡེའི་དོན་དངོས་ལ་བལྟས་ན། དངོས་ཐོག་བདེན་འཚོལ་རྒྱུན་འཁྱོངས་བྱེད་པར་ངེས་པར་དུ་ཐག་གཅོད་བྱེད་དགོས་པ་ནི་ཏང་གཤིས་ཀྱི་གནད་དོན་རེད། ངའི་ཨ་ཕས་“ང་ཚོའི་ཏང་གིས་ཏང་གཤིས་ལ་དང་དོད་བྱེད་ཀྱི་ཡོད། ངས་བལྟས་ན་དངོས་ཐོག་བདེན་འཚོལ་ནི་ཏང་གཤིས་ཆེ་ཤོས་དེ་ཡིན་”ཞེས་བཤད་མྱོང་། 1943ལོར་ཡན་ཨན་དུ་ལས་བྱེད་པར་ཞིབ་བཤེར་བྱེད་པའི་ལས་འགུལ་འགོ་ཚུགས། སྐབས་དེར་གོ་མིན་ཏང་ལོག་སྤྱོད་སྟོབས་ཤུགས་ཀྱིས་གསར་བརྗེའི་གནས་གཞིའི་ས་ཁུལ་ལ་འཛེམ་བག་མེད་པར་སིམ་འཛུལ་དང་གཏོར་བཤིག་བྱེད་པའི་གནས་ཚུལ་འོག ལས་བྱེད་པའི་དཔུང་སྡེར་ཞིབ་བཤེར་ནན་ཏན་བྱ་རྒྱུ་ནི་རྦད་དེ་དགོས་ངེས་ཤིག་ཡིན་མོད། འོན་ཀྱང་ལས་ཀ་དངོས་ཀྱི་ནང་དུ་དགྲ་བོའི་གནས་ཚུལ་ལ་ཚོད་དཔག་བྱེད་ཐལ་ཆེ་བ་སྤྱི་དང་། ལྷག་པར་དུ་ལས་ཀ་འདི་དངོས་སུ་འགན་འཁུར་མཁན་ཁང་ཧྲེང་གིས་གཡོན་ཐལ་ཆེ་བའི་བྱེད་སྟངས་སྤེལ་བ་དང་། “བཙན་ཤུགས་ཀྱི་ངོས་ལེན་ཞུ་འབུལ་”ཤུགས་ཆེན་བྱས་པས། ལས་བྱེད་པར་ཞིབ་བཤེར་བྱེད་པའི་ལས་ཀར་ནོར་འཛོལ་ཚབས་ཆེན་བྱུང་ནས་མ་ཉེས་ཁག་གཡོགས་ཀྱི་གྱོད་གཞི་དང་། གྱོད་གཞི་རྫུན་མ། གྱོད་གཞི་ནོར་འཁྲུལ་ཅན་བཅས་འབོར་ཆེན་བྱུང་བ་རེད། སྐབས་དེར་ངའི་ཨ་ཕ་ནི་སུའེ་ཏེ་ས་གནས་ཏང་ཨུའི་ཧྲུའུ་ཅི་ཡིན། སུའེ་ཏེ་དགེ་འོས་སློབ་གྲྭ་ནས་སློབ་མ་མི་ཉུང་བ་ཞིག་གིས་ལུས་ཆད་བཅད་ནས་ངོས་ལེན་ཞུ་རུ་འཇུག་པ་མ་བཟོད་པར་“ངོས་ལེན་རྫུན་མ་”བྱས་ཚུལ་ཤེས་རྗེས་སེམས་པ་ཧ་ཅང་སྐྱོ་བར་གྱུར། ཞིབ་བཤེར་བྱ་བའི་ཁྲོད་ཀྱི་“རྒྱ་སྐྱེད་པའི་”ནོར་འཁྲུལ་མི་ཡོང་བའི་ཕྱིར་ཁོང་གིས་གཏིང་ཟབ་པའི་སྒོ་ནས་བསམ་བློའི་ངོས་འཛིན་གྱི་གནད་དོན་དང་ཆབ་སྲིད་ལངས་ཕྱོགས་ཀྱི་གནད་དོན་དབྱེ་འབྱེད་བྱས། ད་དུང་ཏང་ཀྲུང་དབྱང་དང་ནུབ་བྱང་ཅུས་ལ་འབྲེལ་ཡོད་གནས་ཚུལ་ཇི་མ་ཇི་བཞིན་དུ་ཡར་ཞུ་བྱས་ཏེ། ཏང་ཀྲུང་དབྱང་ལ་“བཙན་ཤུགས་ཀྱི་ངོས་ལེན་ཞུ་འབུལ་”མཚམས་འཇོག་ཏུ་འཇུག་པ་དང་“གཡོན་”ལྷུང་གི་ནོར་འཁྲུལ་དུས་ཐོག་ཏུ་བཀག་འགོག་བྱེད་དགོས་པའི་གྲོས་གཞི་བཏོན། སྐབས་དེའི་གནས་ཚུལ་འོག འདི་ལྟར་བྱས་ན་ཆབ་སྲིད་ཀྱི་ཉེན་ཁ་ཧ་ཅང་ཆེན་པོ་འཁུར་དགོས་མོད། འོན་ཀྱང་ངའི་ཨ་ཕས་ཉེན་ཁ་དེ་འཁུར་འདོད་བྱེད་དོན་ནི་ཁོང་གིས་ཏང་ལ་བློ་དཀར་སེམས་དཀར་བྱེད་ན་རྫུན་གཏམ་བཤད་མི་རུང་སྙམ། རྫོང་ཨུ་ཧྲུའུ་ཅིའི་མིག་དཔེ་བཟང་པོ་ཀུའུ་ཝུན་ཁྲང་ཡང་དངོས་ཐོག་བདེན་འཚོལ་བྱེད་མཁན་གྱི་དཔེ་མཚོན་ཞིག་ཡིན། ཏུང་ཧྲན་རྫོང་ནི་1950ལོའི་ཟླ་5པར་བཅིངས་འགྲོལ་ཐོབ་པ་དང་། གོ་མིན་ཏང་ཐའེ་ཝན་ནས་ཕྱིར་འཐེན་མ་བྱས་གོང་ཏུང་ཧྲན་ནས་སྨྱོ་ཧམ་ཆེན་པོས་སྐྱེས་པ་རྣམས་བཟུང་ནས་དམག་མི་ཁ་གསབ་བྱས་པ་རེད། དུད་ཚང་ཁྲི་1ལྷག་མ་གཏོགས་མེད་པའི་ཏུང་ཧྲན་ལ་ན་གཞོན་དང་དར་མ་4700ལྷག་འཛིན་བཟུང་ཐེབས་ཡོད། བཅིངས་འགྲོལ་གཏོང་སྐབས་དམག་མི་རྒན་གྲས་ཀྱི་ནང་མི་“དགྲ་དམག་གི་ནང་མིར་”གཏན་འཁེལ་བྱས་ཡོད། སྐབས་དེར་ཏུང་ཧྲན་རྫོང་ཁུལ་དང་པོའི་བཟོ་ཨུའི་ཧྲུའུ་ཅི་ཡིན་པའི་ཀུའུ་ཝུན་ཁྲང་གིས། དམག་མི་དེ་རྣམས་གོ་མིན་ཏང་གིས་བཙན་ཁྲིད་བྱས་སོང་བ་རེད། ཁོ་ཚོའི་ཁྱིམ་མི་ནི་གནོད་འཚེ་ཕོག་མཁན་ཡིན་པས། “དགྲ་དམག་གི་ནང་མི་”ནས་“གནོད་ཐེབས་དམག་མིའི་ནང་མིར་”བསྒྱུར་དགོས་པའི་གྲོས་འགོ་བཏོན་པ་དང་། ཕྱིས་སུ་གོང་རིམ་གྱིས་གྲོས་གཞི་འདི་དང་དུ་བླངས་པར་མ་ཟད། ཁྱིམ་མི་དེ་ཚོར་ཆབ་སྲིད་ཐོག་མཐོང་ཆུང་མི་བྱེད་པ་དང་། དཔལ་འབྱོར་ཐོག་འདྲ་མཉམ་གྱི་སྤྱོད་ཚུལ་འཛིན་པ། འཚོ་བའི་ཐད་དཀའ་ངལ་མཁན་ལ་སྐྱོབ་གསོ་བྱ་རྒྱུ་དང་། རྟེན་མེད་ཁེར་ལུས་རྒན་རྒོན་རྣམས་གྲོང་གསེབ་ནས་ལྟ་སྐྱོང་བྱ་རྒྱུའི་གྲོས་ཐག་བཅད་པ་རེད། 1953ལོའི་ཟླ་7པར། གོ་མིན་ཏང་གི་དམག་དཔུང་མི་ཁྲི་1ལྷག་གིས་ཏུང་ཧྲན་ལ་འཇབ་རྒོལ་བྱས། འོན་ཀྱང་ང་ཚོའི་གླིང་ཕྲན་སྲུང་བའི་དམག་དཔུང་ལ་མི་སྟོང་ཙམ་ལས་མེད་པ་དང་། ཕྱོགས་གཉིས་ཀྱི་དམག་ཤུགས་ལ་ཧེ་བག་ཆེ་མོད། འོན་ཀྱང་ཏུང་ཧྲན་དམག་དམངས་ཀུན་སེམས་གཅིག་ཏུ་བསྒྲིལ་ནས་མཇུག་མཐར་སྲུང་སྐྱོབ་དམག་འཁྲུག་ལ་རྒྱལ་ཁ་ཐོབ་པ་རེད། “གནོད་ཐེབས་དམག་མིའི་ནང་མིས་“གོ་མིན་ཏང་གིས་ང་ཚོའི་གཉེན་ཉེ་བཟུང་རྗེས་གུང་ཁྲན་ཏང་གིས་ང་ཚོ་གཉེན་ཉེར་བརྩིས་ནས་གསོ་གི་ཡོད། ང་འདྲེ་རུ་གྱུར་ཀྱང་གུང་ཁྲན་ཏང་གི་ཆེད་དུ་གླིང་ཕྲན་སྲུང་འདོད་ཡོད་”ཅེས་བཤད། དམངས་སེམས་ཐོབ་དགོས་ན་དངོས་ཐོག་བདེན་འཚོལ་ལ་བརྟེན་དགོས།
ལས་བྱེད་པས་དངོས་ཐོག་བདེན་འཚོལ་བྱེད་མིན་ཕྱོགས་མང་པོའི་ཐད་ནས་བལྟས་ཆོག། ཆེས་རྩ་བར་གྱུར་པ་ནི་སྐད་ཆ་བདེན་པ་ཤོད་མིན་དང་། སྐད་ཆ་དྲང་པོ་ཤོད་མིན། བྱ་བ་དངོས་སྒྲུབ་མིན་དང་ཕན་འབྲས་དངོས་ཐོན་མིན་བཅས་ལ་བལྟ་དགོས། རླུང་ཕྱོགས་ལ་བལྟས་ནས་གྲུ་གཏོང་མཁན་དང་། བྱ་བ་སྒྲུབ་སྐབས་མགོ་བདེ་གླགས་འཚོལ་བྱེད་མཁན། འགལ་བ་གཡོ་འགེབས་དང་ཞི་བདེ་ཡིན་ཁུལ་བྱེད་མཁན་གྱི་མི་དེ་ཚོ་དང་། ཕྱི་ཚུལ་ཙམ་གཉེར་བ་ལས་དངོས་དོན་མི་སྒྲུབ་མཁན་གྱི་མི་དེ་ཚོ། རྒྱས་སྤྲོས་ཆེན་པོར་དགའ་བ་དང་། འཕྲལ་ཕན་འཕྲལ་གཉེར་བྱེད་མཁན་གྱི་མི་དེ་ཚོ་བཅས་ཚང་མ་ནི་དངོས་གཙོའི་རིང་ལུགས་པ་ངོ་མ་མིན་ཞིང་། ཁོ་ཚོ་སྒེར་སེམས་སྣ་ཚོགས་ཀྱིས་བསླད་ཡོད། ན་གཞོན་ལས་བྱེད་པས་ཏང་གཤིས་ལ་བརྟེན་ནས་མི་གཞི་ཆགས་པ་དང་ལས་ཀ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྐད་ཆ་དྲང་པོ་ཤོད་པ་དང་། དོན་དངོས་སྒྲུབ་པ། མི་དྲང་པོ་བྱེད་པ་བཅས་ནི་ཏང་གཤིས་བློ་སྦྱོང་དང་སྦྱོང་བརྡར་བྱེད་པའི་ནང་དོན་གལ་ཆེན་ཞིག་ཏུ་བརྩི་བ་དང་། བདེན་དོན་རྒྱུན་འཁྱོངས་བྱེད་ཕོད་པ་དང་། རང་ཚུགས་ངང་བསམ་གཞིག་བྱེད་མཁས་པ། བདེན་འཚོལ་དངོས་གཉེར་རྒྱུན་འཁྱོངས་བཅས་བྱེད་དགོས། དེ་འདྲ་བྱས་ན་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཕན་ཐོགས་ཡོད་ལ། མི་སྒེར་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཡང་ཕན་ཐོགས་ཡོད། མི་དྲང་པོ་བྱེད་པ་ནི་བླུན་རྨོངས་མིན་ལ། ལས་ཀ་ཏན་ཏིག་བྱས་ན་གྱོང་གུན་མི་རག ཏང་ལ་བློ་དཀར་སེམས་དཀར་མི་བྱེད་པ་དང་མི་དྲང་པོ་མ་བྱས་ཚེ་མགོ་བདེ་སྐབས་འཚོལ་གྱི་བསམ་པ་སྐྱེ་སྲིད་པ་དང་། འབྲེལ་བ་འཛུགས་པ། ལྐོག་ལམ་དུ་འགྲོ་བ། དབང་དངུལ་བརྗེ་འཚོང་སོགས་ཀྱི་མགོ་བདེ་ཁེ་གཉེར་གྱི་བྱེད་སྟངས་དེ་རིགས་སྤེལ་སྲིད་པས། མཐར་ལེགས་ཆ་དེ་ནོར་འཁྲུལ་གྱི་རྒྱུ་རུ་འགྱུར་རྒྱུ་རེད།
གསུམ་པ། འགན་འཁུར་ཕོད་པ་དང་བྱས་རྗེས་འཇོག་མཁས་པོ་བྱེད་དགོས། ལས་ཀ་ལས་པ་དང་ལས་འགན་འཁུར་རྒྱུ་ནི་ལས་བྱེད་པའི་འགན་འཁྲི་ཡིན་ལ་རིན་ཐང་གནས་སའང་ཡིན། ཏང་གིས་ལས་བྱེད་པ་རྣམས་ལས་གནས་སོ་སོར་འཇོག་དོན་ནི་ཚང་མས་ལས་དོན་སྒྲུབ་འགན་འཁུར་དགོས་པ་ལས་དཔོན་པོ་བྱས་ནས་བདེ་སྐྱིད་རོལ་རྒྱུ་དེ་མིན། སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་ཐད་ལས་ཀ་མང་པོ་དེ་འདྲ་ཡོད་པས། ལས་ཀ་ཡག་པོ་སྒྲུབ་པར་ཚང་མས་འགན་འཁྲི་འཁུར་དགོས། གལ་ཏེ་འགན་མི་འཁུར་བ་དང་། ལས་དོན་མི་སྒྲུབ་ཅིང་། ལག་ལེན་བསྟར་ཤུགས་དང་འཐབ་འཛིང་བྱེད་ནུས་མེད་པ་ཡིན་ན། དམག་འཁྲུག་ནང་ཕམ་ངེས་རེད།
ལས་འགན་འཁུར་ཕོད་པ་བྱེད་དགོས་ན། དམ་པ་དོན་གཉེར་དང་དཀའ་སྤྱད་འབད་བརྩོན་བྱེད་དགོས་པ་ལས་ལག་ལེན་མེད་པའི་གཞུང་ལུགས་ཙམ་དང་སྦྱོང་བརྡར་མེད་པའི་སྟོང་བཤད་ཙམ་གཏན་ནས་བྱེད་མི་རུང་། ངས་ཅིན་གཉིས་ཀྱི་ཤེས་རམས་པས་དོན་གཉེར་མེད་པའི་སྟོང་བཤད་ཀྱི་གཏམ་རྒྱུད་ཐེངས་མང་བཤད་མྱོང་། ཝང་ཡན་ནི་དེའི་ཁྲོད་ཀྱི་མཚོན་བྱེད་མི་སྣ་ཞིག་ཡིན་ཏེ། གཏམ་ཁ་ལྕེ་གཞན་གྱིས་དོ་ཟླ་བྲལ་བ་ཞིག་ཡིན། ཅིན་ནུབ་མའི་དུས་མཇུག་ཏུ། ཅེ་རིགས་ཀྱི་འགོ་གཙོ་ཧྲི་ལེ་ཡིས་དམག་དྲངས་ནས་ལུའོ་དབྱང་ལ་ཚུར་རྒོལ་བྱས་པ་དང་། ཐའེ་ཝེ་ཝང་ཡན་དམག་དཔུང་དང་མཉམ་དུ་དྲག་འདུལ་བྱེད་དུ་ཆས། མཐར་དགྲ་དམག་གིས་ཕམ་ནས་གསོན་བཟུང་ཐེབས་པ་རེད། ཧྲི་ལེ་ཡིས་ཁོ་ལ་ཅིན་ནུབ་མ་ཕམ་པའི་རྒྱུ་མཚན་འདྲི་དུས། ཁོས་རང་ཉིད་ལོ་ན་གཞོན་དུས་ནས་སྲིད་དོན་ནང་ཞུགས་ཀྱི་མེད་ཅེས་བཤད་ནས་རང་སྐྱོན་ལ་ཁ་གཡར་ས་འཚོལ་གང་ཐུབ་བྱས། ཧྲི་ལེ་ཡིས་ཁོ་ལ་“ཁྱོད་ཀྱི་མིང་གྲགས་ཕྱོགས་བཞིར་ཁྱབ་ཅིང་། ལས་འགན་ལྗིད་སར་གནས་པ་དང་། ཆུང་དུས་ནས་ཁྲིར་འཁོད་ནས་ད་ལྟ་མགོ་སྐྲའང་དཀར་པོར་གྱུར་ཡོད། སྲིད་དོན་ནང་ཞུགས་ཀྱི་མེད་ཟེར་བ་ཞིག་ག་ལ་ཡོད། “གནམ་འོག་གཏོར་བརླག་གཏོང་བ་ནི་རྒྱལ་པོའི་ཉེས་པ་རེད་”ཅེས་སྐྱོན་བརྗོད་བྱས། ཕྱིས་སུ་ཧྲི་ལེ་ཡིས་མི་མངགས་ནས་ཝང་ཡན་གསོད་དུ་བཅུག་པ་དང་། ཝང་ཡན་འཆི་ཁར་དབུགས་རིང་འབྱིན་བཞིན་བཤད་དོན། གལ་ཏེ་རང་ཉིད་ཀྱིས་དུས་རྒྱུན་དུ་སྟོང་བཤད་མི་བྱེད་པར་འབད་བརྩོན་བྱས་ན་ཚད་འདི་འདྲར་སླེབས་མི་སྲིད། དོན་དངོས་སུ། ཁ་མཁས་སྟོང་བཤད་ཙམ་ལས་དོན་དངོས་མི་སྒྲུབ་མཁན་ཡང་མང་པོ་ཡོད། དཔེར་ན། འགའ་ཞིག་གཞས་གཏོང་མཁས་པོ་ཡོད་ཀྱང་ལས་ཀ་སྒྲུབ་མཁས་པོ་མེད། ལས་ཀ་དེ་འབོད་ཚིག་གི་ཐོག་ཏུ་ལུས་པ་དང་ཆོད་སེམས་དེ་ཁ་ཐོག་ཏུ་ལུས་པ་རེད། ལ་ལས་ཕྱི་ཚུལ་གྱི་ཡག་ཉམས་སྟོན་པ་དང་། ཕྱི་ཚུལ་གྱི་རྩོམ་ཡིག་འབྲི་པ། བབ་བསྟུན་མགོ་བདེ་བྱེད་པ། ཁྲལ་སེལ་སླ་བཅོས་བྱེད་ཅིང་། འགའ་ཞིག་གིས་སྒྱིད་ལུག་དང་ཉི་མ་འཁྱོལ་ཐབས་བྱེད་ཀྱི་ཡོད། གོང་རིམ་གྱིས་སྐུལ་ཙམ་བྱས་ན་གཞི་ནས་འགུལ་ཙམ་བྱེད་པ་ལས་མ་སྐུལ་ན་ལས་དོན་མི་སྒྲུབ་པ་དང་། ལ་ལས་བཀའ་ཡོད་ཀྱང་ལག་བསྟར་མི་བྱེད་པ་དང་། བཀག་ཀྱང་མི་ཁོགས་པ། ཐ་ན་གོང་ལ་མགོ་སྐོར་འོག་ལ་སྦ་གསང་དང་མི་བདེན་རྫུན་སྒྲིག་བྱེད་པ་བཅས་རེད། ད་ལོར་ས་གནས་ཁ་ཤས་སུ་རིམས་ནད་སྔོན་འགོག་ཚོད་འཛིན་དང་། རང་བྱུང་གནོད་འཚེ་འགོག་རྒོལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ཐད་ལ་གནད་དོན་འདྲ་མིན་སྣ་ཚོགས་ཐོན་པར་ཞིབ་བཤེར་བྱས་པ་ལ། དེའི་རྒྱུ་རྐྱེན་གཙོ་བོ་ཞིག་ནི་ལས་བྱེད་པ་འགའ་ཞིག་གི་སྤྱོད་ཚུལ་དངོས་གཉེར་ཅན་མིན་པ་དང་། ལས་ཀ་ཏན་ཏིག་མི་བྱེད་པ། འགན་འཁྲི་དོན་འཁྱོལ་མི་བྱེད་པ་བཅས་རེད།
འགན་འཁྲི་འཁུར་རྒྱུ་དང་བྱས་རྗེས་འཇོག་རྒྱུ་གཉིས་གཞི་གཅིག་ཅན་ཡིན་ཞིང་། བྱས་རྗེས་མི་འཇོག་པ་ནི་འགན་འཁྲི་མི་འཁུར་བ་ཡིན་པ་དང་། བྱས་རྗེས་འཇོག་དགོས་ན་འགན་འཁྲི་འཁུར་དགོས་ཀྱི་ཡོད། ལས་ཀ་སྒྲུབ་དུས་ནམ་ཡིན་ཡང་ཉེན་ཁ་ཡོད། གནམ་འོག་གི་ལས་ཀ་ཚང་མ་བབ་བརླིང་བརྟན་གསུམ་ཞིག་ཡིན་མི་སྲིད་པ་དང་། རླུང་གི་རྒྱུ་ཕྱོགས་དང་ཆུ་བོའི་བཞུར་ཕྱོགས་དང་ཡོངས་སུ་མཐུན་པ་ཞིག་ཡོད་མི་སྲིད། ཉེན་ཁ་ཡོད་པའི་རྐྱེན་གྱིས་ད་གཟོད་འགན་འཁྲི་འཁུར་དགོས་པ་ཡིན། གལ་ཏེ་ལས་ཀ་ཚང་མ་སྒྲུབ་སླ་ན་སུ་ཞིག་ཡིན་ཀྱང་སྒྲུབ་ཐུབ་པས། དེར་འགན་འཁྲི་ཞིག་ཡོད་དགོས་དོན་མེད། བྱ་དངོས་ནི་རྒྱུན་པར་འདི་འདྲ་ཞིག་ཡིན་ཏེ། གནད་དོན་ལ་ཇི་ཙམ་སྐྲག་ན་དེ་ཙམ་གྱིས་གནད་དོན་འབྱུང་སླ་བ་དང་། ཇི་ཙམ་གཡོལ་ཐབས་བྱེད་བསམ་ན་དེ་ཙམ་གྱིས་འགོག་རྐྱེན་དུ་འགྱུར་སྲིད་པ་ཡིན། དེ་ལས་ལྡོག་སྟེ། ཕྱི་རུ་བསྐྱོད་ཕོད་པ་དང་། མཆོང་ཕོད་སྒྲུབ་ཕོད་ཡིན་ན། “སྟག་མོ་ཡོད་པ་ཤེས་བཞིན་དུ་སྟག་ཚང་ལ་སྐྱོད་པའི་”ཆོད་སེམས་བཅངས་ཏེ། མདའ་གྲི་མདུང་གསུམ་བཟུང་ནས་ལས་ཀ་སྒྲུབ་ཚེ་གཞི་ནས་འགལ་བ་དང་དཀའ་ངལ་སེལ་ཐུབ་པ་ཡིན། ངས་ཧྥུ་ཅན་དུ་ལས་ཀ་སྒྲུབ་སྐབས། ཧྥུ་ཅན་ནི་ནགས་ལས་ཞིང་ཆེན་ཆེན་པོ་ཞིག་ཡིན་པ་དང་། རྒྱ་ཆེའི་ནགས་ལས་ཞིང་པས་“གསེར་རི་དངུལ་རི་”སྲུང་ཡོད་ཀྱང་འཚོ་བ་སྡུག་པོ་སྐྱེལ་གྱི་ཡོད་པར་དམིགས་གཏད་ཅིང་། རྒྱུ་ནོར་བདག་དབང་གཏོགས་ཁོངས་གསལ་པོ་མེད་པ་སོགས་ཀྱི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་ཐག་གཅོད་བྱེད་ཆེད། ནགས་དབང་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་བཏང་ཡོད། སྐབས་དེར་སྒྱུར་བཅོས་འདིར་ཉེན་ཁ་ཡོད། གཙོ་བོ་ནི་དུས་རབས་སྔོན་མའི་ལོ་རབས་80པའི་ནང་ས་ཁུལ་ཁ་ཤས་སུ་ཤིང་སྡོང་གང་བྱུང་དུ་བཅད་པའི་གནས་ཚུལ་བྱུང་། ཀྲུང་དབྱང་གིས་རི་བོ་བགོས་ནས་ཁྱིམ་ཚང་ལ་དབང་བར་བྱས། ལོ་20ལྷག་ཙམ་སོང་བས་ད་ལྟ་ད་དུང་རི་བོ་བགོས་ནས་ཁྱིམ་ཚང་ལ་དབང་བ་ལག་བསྟར་བྱེད་པ་དེ་འགྲིག་མིན་ཐད་ཚང་མས་ཐེ་ཚོམ་བྱེད་ཀྱི་ཡོད། བསམ་གཞིག་ཡང་ཡང་བྱས་པ་བརྒྱུད། ངའི་བསམ་པར་ནགས་དབང་སྒྱུར་བཅོས་དེ་མི་སེར་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པས། གནད་དོན་འདི་ཐག་གཅོད་མ་བྱས་ན། ཉིན་ག་གེ་མོ་ཞིག་ལ་འགལ་བ་དེ་ཆེན་པོར་ཆགས་སྲིད་པས། ཐག་གཅོད་བྱས་པ་ཇི་ཙམ་སྔ་ན་དེ་ཙམ་ལེགས། དེའི་ཐོག་དཔལ་འབྱོར་འཕེལ་རྒྱས་བྱུང་བ་དང་ཞིང་པའི་འཚོ་བའི་ཆུ་ཚད་ཇེ་མཐོར་སོང་བས། རང་སྣང་གང་ཤར་གྱིས་ཤིང་གཅོད་པའི་རྒྱུ་རྐྱེན་ཉུང་དུ་ཕྱིན་ཅིང་། སྲིད་ཇུས་གཏན་འབེབས་བྱས་པ་ལེགས་ཤིང་བྱེད་ཐབས་འགྲིག་པ་ཡིན་ན། ཉེན་ཁར་ཚོད་འཛིན་བྱེད་ཐུབ་པ་རེད་སྙམ་བྱུང་། སེམས་ཐག་གཙང་མར་བཅད་རྗེས། ང་ཚོས་“རི་བོ་ཇི་ལྟར་བགོ་དགོས་པ་”དང་། “ཤིང་སྡོང་ཇི་ལྟར་གཅོད་དགོས་པ།” “དངུལ་གང་ནས་ལེན་དགོས་པ།” “ཁྱིམ་དུད་ཁེར་རྐྱང་ཇི་ལྟར་བྱེད་དགོས་པ་”བཅས་དཀའ་གནད་འདི་4ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། རིགས་པས་ཁུངས་སྐྱེལ་ཡང་ཡང་བྱས་རྗེས། དམིགས་གཏད་ཡོད་པའི་སྒྱུར་བཅོས་བྱེད་ཐབས་བཏོན་ནས་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་ནགས་ལས་སྒྱུར་བཅོས་སྐོར་གྱི་ཡིག་ཆ་ཨང་དང་པོར་གྱུར་པ་རེད། 2008ལོའི་ཀྲུང་དབྱང་གི་ཡིག་ཆ་ཨང་10པའི་ནང་ཕྱོགས་ཡོངས་ནས་ཧྥུ་ཅན་གྱི་ནགས་ལས་སྒྱུར་བཅོས་ཀྱི་ཉམས་མྱོང་བསྡུ་ལེན་བྱས་ཡོད། ལས་ཀ་སྒྲུབ་ན་སྤོབས་པ་ཡོད་དགོས། དཔོན་པོ་བྱེད་ན་འགན་འཁྲི་འཁུར་དགོས། ཏང་དང་མི་དམངས་ལ་ཕན་པའི་ལས་ཀ་ཞིག་ཡིན་ཕྱིན། ང་ཚོས་ལས་ཀ་སྒྲུབ་དུས་ཉེན་ཁ་ལས་མི་གཡོལ་བ་དང་། དྲང་བདེན་གྱི་ཆེད་དུ་འགན་འཁྲི་ལས་མི་གཡོལ་བ་བྱེད་དགོས། “རྒྱལ་ཁབ་དོན་དུ་གཅེས་སྲོག་འབུལ་ཕོད་པས། །གེགས་ལ་འབྱོལ་ཞིང་བདེ་ལ་ཉེ་མི་སྲིད། །”ཅེས་བཤད་པ་ལྟར་བློ་ཁོག་ཆེན་པོ་དང་བློ་ཐག་རྦད་ཆོད་ཀྱིས་སྒྲུབ་དགོས།
ལས་དོན་སྒྲུབ་པ་དང་སྒྱུར་བཅོས་བྱས་ན། ད་ཡོད་ཀྱི་ཁེ་ཕན་ཆགས་སྟངས་ལ་ཕོག་ཐུག་ཐེབས་ངེས་ཡིན་པ་དང་། མི་ཁ་ཤས་ཀྱི་ཕྱུར་བར་ཡང་ཕོག་ཐུག་ཐེབས་སྲིད་པས། རྩོད་གཞི་ཁག་ཅིག་འབྱུང་ངེས་ཡིན། ལས་དོན་བསྒྲུབ་དགོས་པ་དང་། སྒྱུར་བཅོས་བྱེད་དགོས་པ། འགལ་བ་ཐག་གཅོད་བྱེད་དགོས་པ། རྩོད་གཞི་འགའ་འབྱུང་བ་དང་ཐ་ན་སྐྱོན་འཛུགས་ཀྱང་ཡོང་སྲིད་པ་ནི་གཡོལ་ཐབས་མེད་པ་ཞིག་ཡིན་ཏེ། རྡོ་ཆུའི་ནང་དབྱུགས་ན་ཆུ་རིས་འཕྱུར་ཡོང་བ་དང་། ལས་དོན་ཞིག་སྒྲུབ་པ་ལ་དེ་ལས་ཀྱང་སྨོས་ཅི་དགོས། རྩོད་གཞི་འབྱུང་བར་སྐྲག་ནས་རྐང་སྐུམ་ལག་སྐུམ་བྱེད་ཅིང་། སྒྲུབ་འོས་བའི་ལས་ཀའང་མི་སྒྲུབ་པ་ཡིན་ན། དེ་ནི་གུང་ཁྲན་ཏང་མིར་ཡོད་འོས་པའི་སྤྱོད་ཚུལ་ཞིག་མ་རེད། ཕྱོགས་གང་ཅིའི་ཐད་ནས་བྱུང་བའི་རྩོད་གཞི་ལ་བབ་བརླིང་དང་ཚུལ་མཐུན་གྱིས་དབྱེ་ཞིབ་བྱེད་དགོས། གལ་ཏེ་སྒྲུབ་འདོད་པའི་ལས་ཀ་དེ་འགྲིག་ཐག་ཆོད་ཡིན་ལ། ལག་ལེན་གྱི་ཐོག་ནས་ཀྱང་ཡང་དག་པ་ཡིན་པ་ར་འཕྲོད་བྱུང་ཡོད་ན། ཕྱིར་བཤོལ་བྱེད་མི་རུང་། མི་གཞན་གྱི་སྐུར་འདེབས་དང་དམོད་མོ་ཐེབས་ཀྱང་ཁ་ཡ་གཏན་ནས་མི་བྱེད་ཅིང་། དུས་མཚུངས་སུ་དོགས་གཅོད་དང་ངོས་འཛིན་གཅིག་མཐུན་ཡོང་ཐབས་ཀྱི་ལས་ཀ་ཡག་པོར་སྒྲུབ་ནས་བསམ་ཤེས་དང་རྒྱབ་སྐྱོར་ཐོབ་གང་ཐུབ་བྱེད་དགོས། གལ་ཏེ་གཞན་གྱི་སྐྱོན་བརྗོད་ལ་ལུགས་མཐུན་གྱི་ཆ་ཡོད་ན། ཁེངས་སྐྱུང་གིས་དང་ལེན་བྱེད་པ་དང་ལེགས་བཅོས་ཧུར་ཐག་བྱས་ཏེ། ལས་ཀའི་ཇུས་གཞི་དང་སྲིད་ཇུས་ཀྱི་བྱེད་ཐབས་སྔར་ལས་ཚན་རིག་དང་མཐུན་ཞིང་སྔར་ལས་འཐུས་ཚང་དུ་གཏོང་དགོས། ལས་ཀ་སྒྲུབ་དུས་བློ་རྩ་བརྟན་པོ་དང་། བཟོད་བསྲན་འགྱུར་མེད། རང་གཅུན་ནུས་པ་བཅས་ནི་ཧ་ཅང་གལ་ཆེན་ཡིན་ལ། བློ་སྤོབས་དང་འཆར་ཇུས་ཀྱང་ཧ་ཅང་གལ་ཆེན་ཡིན། ལས་ཀ་མང་པོ་ཞིག་རྒྱུན་འཁྱོངས་བྱས་ནས་གྲུབ་པ་ཡིན་ན། རྩོད་གཞི་རང་ཤུགས་ཀྱིས་མེད་པར་འགྱུར་ངེས་རེད།
བཞི་པ། རྩ་དོན་རྒྱུན་འཁྱོངས་དང་འཐབ་རྩོད་བྱེད་ཕོད་དགོས། རྩ་དོན་རྒྱུན་འཁྱོངས་བྱ་རྒྱུ་ནི་གུང་ཁྲན་ཏང་མིའི་ཀུན་སྤྱོད་གལ་ཆེན་ཞིག་ཡིན་ལ། ལས་བྱེད་པ་ཞིག་ལས་གོ་མི་འཕེར་མིན་ཞིབ་དཔྱད་བྱེད་པའི་ཚད་གཞི་གལ་ཆེན་ཞིག་ཀྱང་ཡིན། ད་ལྟ་ལས་བྱེད་པ་ཁ་ཤས་ཀྱིས་“འཆམ་མཐུན་མཆོག་ཏུ་བརྩི་བའི་”གོ་བ་ནོར་འཁྲུལ་བླངས། “བཟོད་སྒོམ་”དང་“འཆམ་མཐུན་”ཁོ་ན་བཤད་པ་དང་། མི་བཟང་ཇོ་བཟང་བྱེད་པ། ཆབ་སྲིད་ཀྱི་རྩ་དོན་ལ་ཐུག་པའི་གནད་དོན་ཐད་ཟ་ཟིར་བྱེད་པ། ཡིན་མིན་ཆེན་པོའི་གནད་དོན་ཐད་“མི་དྲག་བསམ་ཤེས་ཅན་”བྱེད་པ། ཚུལ་མིན་གྱི་སྣང་ཚུལ་རྒྱ་ཡན་དུ་གཏོང་བ། ད་དུང་མི་ངན་མགོ་གཉིས་མ་དང་མ་ཌ་རུ་ལྕེ་གཉིས་མ་ལྟ་བུ་བྱེད་པ། སྐད་ཆ་བཤད་སྐབས་དང་སྐད་ཆ་སྒྲུབ་སྐབས་ལས་ཀའི་འབྱུང་ཁུངས་དང་རླུང་གི་རྒྱུ་ཕྱོགས་ལ་ལྟ་བ། རླབས་དང་བསྟུན་ནས་འཕྱོ་ཞིང་རླུང་དང་བསྟུན་ནས་འགྱེལ་འགྲོ་བ་རེད། འདི་ནི་ཏང་གཤིས་རྩ་དོན་དང་རྒྱབ་འགལ་ཡིན་པས་ངེས་པར་དུ་ཡོ་བསྲང་མཐའ་གཅིག་ཏུ་བྱེད་དགོས།
གུང་ཁྲན་ཏང་མིའི་ངོས་ནས་བཤད་ན། “མི་བཟང་ཇོ་བཟང་”ཞིག་བྱེད་པ་ནི་མི་ཡག་པོ་ངོ་མ་ཞིག་མ་རེད། ཇོ་བཟང་རིང་ལུགས་ལག་ལེན་བསྟར་མཁན་ལ་སྒེར་སེམས་ལས་སྤྱི་སེམས་མེད་པ་དང་། སྲོལ་ངན་ལས་སྲོལ་བཟང་མེད་དེ། “རྩ་དོན་རྒྱུན་འཁྱོངས་བྱས་ན་ཡིན་མིན་མང་བ་དང་། མཁྲེགས་པོར་འཕྲད་ན་དཀའ་ངལ་མང་བ། འགྲིག་འགྲིག་མཐུན་མཐུན་བྱས་ན་ཕན་པ་མང་བ། ཡར་འགྲོགས་མར་འགྲོགས་བྱས་ན་གྲོགས་པོ་མང་བ་”བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། གནའ་སྔ་མོ་ནས་བཟུང་མི་རྣམས་ཀྱིས་དེའི་རིགས་ལ་དམའ་འབེབས་བྱེད་ཀྱི་ཡོད། ཁུང་ཙིས་“ཁ་ཉེ་འགལ་བའི་ཇོ་བཟང་དེ། ཀུན་སྤྱོད་བཟང་པོའི་རྐུན་མ་ཡིན་”ཞེས་གསུངས་ཡོད། དེ་ནི་ཡིན་མིན་གྱི་དབྱེ་བ་མི་འབྱེད་པ་དང་། གྲོགས་པོ་ཕན་ཚུན་ལ་ཕོག་ཐུག་གཏོང་མི་ཕོད་པའི་“མི་བཟང་ཇོ་བཟང་”ཞེས་པ་དེ་རེད། དོན་དངོས་ཐོག་ཀུན་སྤྱོད་གཏོར་བཤིག་བྱེད་མཁན་ཞིག་རེད། མེང་ཙིས་མི་དེ་རིགས་ནི་“སྲོལ་ངན་ལ་བསྟུན་ནས་འགྲོ་ཞིང་། ལུགས་ངན་དང་མཐུན་ཐབས་བྱེད་མཁན་ཞིག་ཡིན་”པའི་ངོས་འཛིན་བྱས་ཡོད། 《ཁང་ཆེན་དམར་པོའི་རྨི་ལམ་》ནང་དུ་“རང་ལ་ཁེ་བཟང་རག་ཐབས་བྱེད་འདོད་ལ་གཞན་ལ་ཡང་ཕོག་ཐུག་གཏོང་མི་འདོད་པ་”ཞེས་པའི་ཚིག་ཅིག་བྲིས་ནས་མི་དེ་རིགས་གནད་ལ་འཁེལ་བའི་ངང་མཚོན་པར་བྱས་ཡོད། ཇོ་བཟང་རིང་ལུགས་ལག་ལེན་བསྟར་བ་ནི་རྐང་འཛུགས་ས་ནས་ནོར་ཡོད། གང་ལགས་ཤེ་ན། ཁེ་བཟང་ནི་རང་ཉིད་ལ་ཐོབ་ཡོད་པ་དང་། གནོད་སྐྱོན་ནི་དར་སྲོལ་དང་བྱ་གཞག་ལ་ཐེབས་ཡོད་པ་ཡིན། དོན་དངོས་མང་པོ་ཞིག་གི་ཐོག་ནས་གསལ་པོར་མཐོང་སྟེ། ས་གནས་དང་སྡེ་ཚན་ཁ་ཤས་སུ་སྤྱོད་བཟང་མཐོང་རྒྱུ་མེད་ཅིང་། སྲོལ་ངན་རྒྱ་ཆེར་མཆེད་པས། དུས་ཡུན་རིང་པོར་ལས་སྒོ་ཡག་པོ་ཞིག་འབྱེད་ཐུབ་ཀྱི་མེད། འགལ་ཟླའི་གནད་དོན་མང་པོ་ཕུང་གསོག་ཐེབས་པ་སོགས་ནི་ཇོ་བཟང་རིང་ལུགས་དར་ཁྱབ་ཆེ་བ་དང་འབྲེལ་བ་དམ་ཟབ་ཡོད།
ང་ཚོའི་ཏང་གིས་སྔར་ནས་བཟུང་མཐུན་སྒྲིལ་དར་སྤེལ་བྱེད་ཀྱི་ཡོད། འོན་ཀྱང་མཐུན་སྒྲིལ་ནི་དགེ་མཚན་ལྡན་ཞིང་སྐྱོན་དང་བྲལ་བའི་བསམ་བློའི་འཐབ་རྩོད་ལ་བརྟེན་ནས་བྱུང་བ་ཞིག་ཡིན་པ་ལས་རྩ་དོན་མེད་པའི་ཁ་འཆམ་གྲོས་མཐུན་ཞིག་མ་རེད། གུང་ཁྲན་ཏང་མིས་ཏང་གཤིས་ལ་སྣང་ཆེན་དང་རྩ་དོན་ལ་སྣང་ཆེན་བྱེད་པར་འཐབ་རྩོད་ལ་སྣང་ཆེན་བྱེད་དགོས། རྩ་དོན་གྱི་གནད་དོན་ཐད་ཟ་ཟིར་དང་ཕྱིར་བཤོལ་གཏན་ནས་བྱེད་མི་རུང་། དེ་འདྲ་མ་བྱས་ན་ཏང་དང་མི་དམངས་ལ་འགན་མི་འཁུར་བ་དང་། ཐ་ན་ཉེས་པ་བསགས་པ་རེད།
ཡིན་མིན་ཆེན་པོའི་མདུན་དུ་རྩ་དོན་འཛིན་དགོས་པ་དང་། དོན་དག་ཆུང་རྩག་གི་ནང་དུའང་རྩ་དོན་འཛིན་དགོས་པའི་གནད་དོན་ཡོད། ཀྲུང་གོ་ནི་མི་འབྲེལ་གྱི་སྤྱི་ཚོགས་ཤིག་ཡིན་ཏེ། ཚང་མས་སྤྱི་ཚོགས་ཐོག་འཚོ་བ་སྐྱེལ་བཞིན་ཡོད་པས། གཉེན་ཉེ་དང་། གྲོགས་པོ། ངོ་ཤེས། ལས་རོགས། གོང་རིམ། འོག་རིམ་སོགས་ཡོད། ལས་ཀར་སྐུལ་འདེད་དང་གནད་དོན་ཐག་གཅོད་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་རྩ་དོན་དང་ངོ་སོའི་འབྲེལ་བའི་གདམ་ག་བྱེད་ཀྱི་ཡོད། རྩ་དོན་དང་ངོ་སོའི་འབྲེལ་བ་གཅིག་གྱུར་ཡོང་ཐུབ་ཐུབ་ན་ལེགས་ཤོས་ཡིན་པ་སྨོས་ཅི་དགོས། འོན་ཀྱང་དེ་གཉིས་གཅིག་གྱུར་མ་བྱུང་ཚེ་ང་ཚོས་ཐེ་ཚོམ་སྤུ་ཙམ་ཡང་མེད་པའི་སྒོ་ནས་རྩ་དོན་རྒྱུན་འཁྱོངས་བྱེད་དགོས་པ་ལས་མི་ངོ་ལ་བསྟུན་ཐབས་གཏན་ནས་བྱེད་མི་རུང་། བློ་མཐུན་ཧོང་ཁེ་ཁྲེང་གིས་ཀྲུང་དབྱང་སྒྲིག་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་གནང་སྐབས་ཏང་སྲོལ་དམ་འཛིན་བྱེད་པར་“གདོང་ལྤགས་གཤགས་རྒྱུར་མི་འཛེམ་པའི་”གྲོས་འགོ་བཏོན་གནང་བ་རེད། ཁོང་གི་རྗེས་སུ་འབྲངས་ནས་ལོ་མང་ལས་ཀ་སྒྲུབ་མྱོང་མཁན་མངའ་ཞབས་རྙིང་པ་གང་དེས་ཅིང་ཤིས་མགྲོན་ཁང་དུ་གཞུང་དངུལ་སྤྱད་དེ་གསོལ་སྟོན་གཤོམ་སྐབས་ཁོང་གིས་སྔར་བཞིན་ཐག་གཅོད་ནན་པོ་བྱས་ཡོད། སྐབས་དེའི་ཚོང་ལས་པུའི་ཡི་པུའུ་ཀྲང་གིས་ཧྥེང་ཙེ་ཡོན་ཟ་ཁང་དུ་ཟས་རིན་དངུལ་ལོར་ཉུང་ཙམ་ལས་མ་སྤྲད་པ་ལ། ཁོས་མི་མངགས་ནས་གནས་ཚུལ་རྩད་ཆོད་མཐའ་གསལ་བྱུང་རྗེས། ཏང་ཡོངས་ལ་བརྡ་ཁྱབ་བཏང་བར་མ་ཟད། 《མི་དམངས་ཉིན་རེའི་ཚགས་པར་》ཐོག་ཡོངས་བསྒྲགས་མཚང་འབྱིན་བྱས། ཏང་གི་ལས་བྱེད་པ་ཚང་མར་དྲང་གཞག་གིས་ལས་ཀ་སྒྲུབ་པ་དང་། ཉེ་རིང་ཕྱོགས་ལྷུང་མེད་པའི་སྙིང་སྟོབས་ཡོད་དགོས་ཤིང་། རྩ་དོན་ལ་མཐོང་ཆེན་བྱེད་པ་ལས་ངོ་སོར་མི་བལྟ་བ་དང་། ཏང་གཤིས་ལ་མཐོང་ཆེན་བྱེད་པ་ལས་སྒེར་ངོ་ལ་མི་ལྟ་བའི་སྙིང་སྟོབས་ཡོད་དགོས།
འཐབ་རྩོད་ནི་ཡུལ་དུས་གང་རུང་དུ་རྟག་པར་གནས་ཡོད། དེང་སྐབས་འཛམ་གླིང་ལ་ལོ་ངོ་བརྒྱ་ལྷག་རིང་བྱུང་མྱོང་མེད་པའི་འཕོ་འགྱུར་ཆེན་པོ་མགྱོགས་མྱུར་ངང་འབྱུང་བཞིན་ཡོད་པ་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བར་བྱེད་པའི་འགག་རྩའི་དུས་སྐབས་སུ་སླེབས་ཡོད་པས། ང་ཚོར་འཕྲད་པའི་ཉེན་ཁ་དང་འགྲན་སློང་མང་དུ་མངོན་གསལ་ཕྱིན་ཡོད། ནམ་ཡང་དུས་བདེ་ངང་འཚོ་བ་སྐྱེལ་འདོད་ཡོད་པ་དང་། འཐབ་རྩོད་བྱེད་མི་འདོད་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། གུང་ཁྲན་ཏང་མིར་དུས་དང་རྣམ་པ་ཀུན་ཏུ་ལོག་ཆོས་ལ་མི་དད་པ་དང་། གདོན་འདྲེར་མི་སྐྲག་པ། རུས་སྙི་མི་བྱེད་པ་བཅས་ཀྱི་སྤྱོད་ཚུལ་དང་། ལ་རྒྱ། བློ་སྟོབས་བཅས་ཡོད་དགོས།
ལྔ་པ། སྒྲིག་ལམ་ནན་སྲུང་བྱེད་པ་དང་གཞི་ཐིག་ལས་བརྒལ་མི་རུང་། གནད་དོན་འདི་ངས་“སྒྱུག་མོ་ཁ་”ལྟར་ཡང་ཡང་བཤད་པ་ཡིན་ཞིང་། དེ་རིང་ཡང་རྔ་རྡུང་བཞིན་འཆིང་སྔགས་འདོན་དགོས། རང་རེའི་ཏང་གིས་ལས་བྱེད་པ་ཞིག་གསོ་སྐྱོང་བྱ་རྒྱུ་དེ་ལས་སླ་པོ་ཞིག་མིན། གལ་ཏེ་ལས་བྱེད་པས་རང་ཚོད་མ་ཟིན་པར་སྒྲིག་འགལ་ཁྲིམས་འགལ་གྱི་ལོག་ལམ་དུ་བསྐྱོད་ཚེ་ཏང་གི་གསོ་སྐྱོང་དང་ཡིད་ཆེས་ལ་ཁྱད་གསོད་བྱས་པ་རེད། ངས་འགོ་ཁྲིད་ལས་བྱེད་པ་འགའ་ཤས་རུལ་སུངས་སྒྱིད་ལུག་ཏུ་གྱུར་པའི་ཡིག་ཆ་མཐོང་དུས་ལྕགས་ལ་ངར་ཁ་མ་ཐོན་པ་བཞིན་སེམས་པ་ཧ་ཅང་སྐྱོ། ཉིན་འགའི་སྔོན་ལ་ངས་ཡིག་ཆ་ཞིག་བལྟས་པ་ཡིན། དེའི་ནང་ན་གཞོན་ལས་བྱེད་པ་ཁག་ཅིག་“རྐང་པ་སྔ་མ་དཔོན་ལམ་དུ་སྤོས་མ་ཐག རྐང་པ་ཕྱི་མ་ལོག་ལམ་དུ་སྐྱོད་པ་”དང་། ལས་ཁུངས་ཀྱི་རྐང་འཛིན་པའམ་འགོ་ཁྲིད་ཀྱི་ལས་གནས་སུ་ཞུགས་མ་ཐག་ལྐོག་ཟ་རུལ་སུངས་ཀྱི་འདམ་དུ་འབྱིངས། ཚེ་མཇུག་ལ་ཁག་ཐེག་མེད་པ་ཙམ་མ་ཡིན་པར་ཚེ་སྟོད་ནས་ཁག་ཐེག་མེད་པར་གྱུར་ཡོད། ཚང་མས་ཕྱི་འདོམས་ཀྱི་བསླབ་བྱར་འཛིན་དགོས་པ་དང་། དུས་དང་རྣམ་པ་ཀུན་ཏུ་སྒྲིག་ཁྲིམས་ཀྱི་སྐུད་པ་འདི་དམ་པོར་འཛིན་དགོས།
སྒྲིག་ལམ་ལ་སྣང་ཆེན་དང་མཐའ་ཚད་སྲུང་དགོས་ན། དང་ཐོག་གུས་ཞུམ་གྱི་སེམས་པ་ཡོད་དགོས། སེམས་ལ་སྐྲག་ས་ཡོད་ན། གཏམ་ལ་ཚོད་འཛིན་ཡོད་པ་དང་། བྱ་སྤྱོད་ལ་ཚད་བཀག་ཡོད་པ་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་རུལ་སུངས་ཀྱི་སྣང་ཚུལ་ལ་བཀག་སྡོམ་ཁུལ་མེད་པ་དང་། ཁྱོན་ཡོངས་ལ་ཁྱབ་པ། གུ་ཡངས་གཏན་ནས་མི་གཏོང་བ་བཅས་རྒྱུན་འཁྱོངས་བྱས་ནས་རྡུང་རྡེག་ནན་པོ་དང་། བཅོས་སྒྲིག་མཐར་ཕྱིན། ཟིལ་གནོན་གནད་འཁེལ་བཅས་བྱས་མོད། འོན་ཀྱང་ལས་བྱེད་པ་ཁག་གཅིག་གིས་སྔར་བཞིན་རང་སྣང་གང་ཤར་དང་སྲོལ་ལོག་སྒྲིག་འགལ་བྱེད་བཞིན་ཡོད། ཁོ་ཚོས་སྒྲིག་ཁྲིམས་དང་སྒྲིག་སྲོལ་མ་ཤེས་པ་མིན་པར་གུས་ཞུམ་གྱི་བསམ་པ་གཏན་ནས་མེད་པས་རེད། ཁོ་ཚོས་བསགས་པའི་ཉེས་པ་གང་ཞིག་ནི་ཏང་སྒྲིག་རྒྱལ་ཁྲིམས་ཀྱིས་བཀག་སྡོམ་བྱས་མེད་དམ། བྱ་སྤྱོད་གང་ཞིག་ལ་སྔོན་གྱི་དཔེ་ལྟ་མེད་དམ། གནའ་མིས་བཤད་དོན། “སྐྲག་ས་ཡོད་ན་གང་བྱུང་མི་བྱེད་སྤྱོད་བཟང་ཆགས། ། སྐྲག་ས་མེད་ན་གང་བྱུང་ལས་ཀྱིས་ཆག་སྒོ་སློང་། །” གུས་ཞུམ་གྱི་བསམ་པ་མེད་ན། བྱ་ངན་སྣ་ཚོགས་སྒྲུབ་པར་འཛེམ་དོགས་མི་བྱེད། མི་ཁ་ཤས་ཀྱིས་ཐོས་པ་ཙམ་གྱིས་སྐྲག་སྣང་སྐྱེ་དགོས་པའི་དོན་དག་དེ་འདྲ་མང་པོ་བསྒྲུབས་པའི་རྒྱུ་མཚན་གལ་ཆེན་ཞིག་ནི་གུས་ཞུམ་མེད་པའི་རྐྱེན་གྱིས་རེད། ལས་བྱེད་པས་ངེས་པར་དུ་གུས་ཞུམ་ཤེས་པ་དང་། དོགས་ཟོན་ཡོད་པ། མཐའ་ཚད་སྲུང་བ། ཏང་ལ་གུས་ཞུམ། མི་དམངས་ལ་གུས་ཞུམ། སྒྲིག་ཁྲིམས་ལ་གུས་ཞུམ་བཅས་བྱེད་པ་ལས་“ཟླ་ནག་རླུང་ངན་བྱུང་བས་མཐོང་མཁན་མེད། །”ཅེས་པ་ལྟ་བུའི་རང་མགོ་རང་གཡོགས་ཁྲོད་ཡིད་སེམས་འཁྲུལ་མི་རུང་ཞིང་། “ཁྱེད་དང་ང་གཉིས་ལས་གཞན་གནམ་དང་ས་ཁོ་ནས་ཤེས་ཡོད་”ཅེས་པའི་ཁ་འཇམ་ཚིག་སྙན་ཁྲོད་མགོ་འཐོམས་མི་རུང་། “འབྱོར་ཕྱུག་ཉེན་ཁའི་ཁྲོད་ནས་འཚོལ་”ཞེས་པའི་སྟབས་ལེགས་ཡོང་བའི་བསམ་པ་བཅངས་ནས་ཉེན་མཆོངས་བྱེད་མི་རུང་། “ཁྲིམས་ཀྱིས་དམངས་ལ་འགན་མི་འཁུར་”ཞེས་ནོར་འཁྲུལ་གྱི་ངོས་འཛིན་བྱས་ནས་རང་སྣང་གང་ཤར་བྱེད་མི་རུང་།
བློ་སྦྱོང་ནན་པོ་བྱས་ན་གཞི་ནས་རང་གཅུན་ནན་པོ་བྱེད་ཐུབ། ལས་བྱེད་པ་ཞིག་གིས་འཇིག་རྟེན་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་གི་ལྟ་བ་བཅས་ཀྱི་སྤྱིའི་གློག་སྒོ་དམ་པོར་བརྒྱབ་ཐུབ་པ་དང་། བསམ་བློའི་གོ་རྟོགས་དང་བློ་སྦྱོང་གི་བང་རིམ་མཐོ་རུ་བཏང་ན། ད་གཟོད་རུལ་སུངས་སུ་འགྱུར་མི་འདོད་པ་ཡིན། མིང་རྒྱལ་རབས་ཀྱི་མཚན་ཉིད་རིག་པ་བ་ཞུའེ་ཞོན་གྱིས་སྤྱོད་གཙང་རང་སྲུང་བྱེད་མཁན་རིགས་གསུམ་ཡོད་པར་འདོད། གནས་ལུགས་གསལ་པོར་རྟོགས་ནས་ཧམ་ལེན་མི་བྱེད་མཁན་ནི་རབ་ཡིན། མཚན་སྙན་ལ་བཀུར་ནས་སློང་ལེན་མི་བྱེད་མཁན་ནི་འབྲིང་ཡིན། ཁྲིམས་ལ་འཇིགས་ཤིང་དཔོན་གནས་སྲུང་ཕྱིར་ལེན་མི་ཕོད་མཁན་ནི་ཐ་མ་ཡིན། ང་ཚོ་གུང་ཁྲན་ཏང་མིས་སྤྱི་དོན་ཆེན་པོ་སྒྲུབ་པ་དང་། དྲང་བདེན་ཆེན་པོ་སྲུང་བ། བདག་ཚོགས་བརྩོན་ལེན་བྱེད་པ་བཅས་ཡིན་པས། དེ་བས་ཀྱང་གཞུང་དྲང་ཚུལ་མཐུན་དང་། སྤྱོད་བཟང་རང་གཅེས་བྱེད་ཅིང་། ཏང་དང་མི་དམངས་ཐོག་མཐའ་བར་གསུམ་དུ་སེམས་ཁོངས་ཀྱི་གོ་གནས་མཐོ་ཤོས་སུ་བཞག་སྟེ། བློ་གཅིག་སེམས་གཅིག་གིས་སྤྱི་དོན་སྒྲུབ་པ་དང་། སྤྱོད་བཟང་ཚུལ་མཐུན། སྐྱོན་གྱིས་མ་གོས་པ་བཅས་ཀྱི་མི་ཞིག་བྱེད་དགོས། ཕུལ་དུ་བྱུང་བའི་ས་གནས་ཏང་ཨུའི་ཧྲུའུ་ཅི་དབྱང་ཧྲན་ཀྲོའུ་ནི་དེ་ལྟ་བུའི་མིག་དཔེ་ཞིག་ཡིན་ཏེ། ཁོང་གིས་ཚེ་གང་པོར་མི་དམངས་ལ་བདེ་སྐྱིད་སྐྲུན་པ་དང་ཚེ་གང་པོར་རང་གཅུན་སྤྱི་གཅེས་བྱེད་ཀྱི་ཡོད། དུས་རབས་གོང་མའི་ལོ་རབས་བདུན་ཅུ་དང་བརྒྱད་ཅུར། གྲོང་གསེབ་ཀྱི་ཁྱིམ་ཚང་མང་པོ་ཞིག་གིས་ས་དང་ཤིང་ལས་གྲུབ་པའི་གྱོ་ཐོག་ཅན་གྱི་ཁང་པ་བརྒྱབ་མོད། འོན་ཀྱང་ཁོང་གི་ཁྱིམ་མི་ཚོ་སྔར་བཞིན་རྩྭ་ཁང་ནང་དུ་བསྡད་ཡོད་། ཁོང་གིས་ཁྱིམ་མི་ཚོར་“ང་ལ་དངུལ་ལོར་མེད་པས་ཁྱེད་ཚོས་གནས་སྐབས་རིང་དཀའ་ངལ་ཁྱད་གསོད་བྱེད་དགོས། ཆར་ཆུ་ཁང་པའི་ནང་ཟགས་དུས་ཀ་ཏོ་ར་འགའ་ཉོས་ནས་ཆུ་ལེན་ཐབས་བྱོས་”ཞེས་བཤད། 1992ལོར་ཁོང་གིས་ཏ་ལེའང་ཧྲན་ནགས་རར་སོ་ཕག་གི་ཁང་པ་ཞིག་བརྒྱབ་ཀྱང་། གསར་དུ་ཡོང་བའི་ལག་རྩལ་པར་སྤྲད་ཅིང་། རང་ཉིད་སྔར་བཞིན་ཁང་རལ་ནང་འཚོ་སྡོད་བྱས། ཐེངས་ཤིག་ཁོང་ཉིད་སྡེ་བ་ཞིག་གི་ནང་དུ་སོང་ནས་ཞིང་དུད་ཅིག་ཏུ་ཞག་སྡོད་བྱས། ཁྱིམ་ཚང་དེས་ཟས་ཡག་པོ་མེད་པར་སྙམ་ནས་ལྐོག་ཏུ་ཟས་རིན་སྒོར་ཟུར་གཉིས་ཕྱིར་སློག་པ་རེད། ཁོས་སྤྱི་ལེ་བརྒྱའི་ས་ནས་བཙན་གྱིས་སྒོར་ཟུར་གཉིས་ཕྱིར་སྤྲད་པ་རེད། མི་ཁ་ཤས་ཀྱིས་ཁོ་ནི་ཟས་གོས་སྡོད་གསུམ་ལ་དང་དོད་མི་བྱེད་པའི་“གླེན་པ་”ཞིག་རེད་སྙམ་གྱི་ཡོད། ཁོང་གིས་བཤད་དོན། “མི་ལ་ལས་ངས་རང་སྡུག་རང་གིས་ཉོས་པ་ཡིན་ཟེར་མོད། དོན་དམ་པར་ཁྱོད་ཚོས་ང་ལ་ཅི་འདྲའི་སྤྲོ་སྣང་ལྡན་པ་ཤེས་ཡོད་དམ་”ཞེས་དང་། “གལ་ཏེ་གུང་ཁྲན་ཏང་མིར་ལས་རིགས་ཀྱི་ནད་ཡོད་ཅེས་བཤད་ན། ནད་དེ་ནི་རང་སྡུག་རང་གིས་ཉོ་པ་དེ་ཡིན་ཞེས་བརྗོད་ཆོག” དཀའ་སྤྱད་འབད་བརྩོན་དང་དཀའ་སྡུག་སྐྱིད་དུ་འདོད་པའི་སྙིང་སྟོབས་དེ་ནམ་ཡང་རྗེས་ལུས་ཆགས་མི་སྲིད་ལ། ནམ་ཡང་དར་སྤེལ་གཏོང་དགོས། གུང་ཁྲན་ཏང་གི་ལས་བྱེད་པ་ཞིག་ཡིན་ཕྱིན། རང་སྒེར་གྱི་མཚན་སྙན་དང་། གོ་གནས། ཁེ་ཕན་བཅས་ལ་བསམ་བློ་མང་པོ་གཏོང་མི་རུང་། “ལེ་དབར་སྟོང་ནས་དཔོན་པོ་བྱེད་དུ་འོང་། ། ཟ་རྒྱུ་དང་གོན་རྒྱུ་ཁོ་ན་འཚོལ་བའི་ཆེད། །”ཅེས་པའི་བྱེད་སྟངས་དེ་རིགས་སྤེལ་མི་རུང་། དེ་འདྲ་བྱས་ན་མདུན་ལམ་གང་ཡང་ཡོད་མི་སྲིད།
དྲུག་པ། དཀའ་སྤྱད་སྦྱོང་བརྡར་བྱས་ནས་ནུས་རྩལ་ཆེ་རུ་གཏོང་དགོས། “ཁུག་མ་ཆུང་ན་ཆེན་པོ་ཤོང་མི་སྲིད། ། འཐེན་ཐག་ཐུང་ན་ཁྲོན་ཆུ་ག་ལ་ལོན། ། ང་ཚོ་སྔར་བྱུང་མྱོང་མེད་པའི་སྒྱུར་བཅོས་ཀྱི་དུས་རབས་སུ་གནས་ཡོད་ཅིང་། སྔར་བསྒྲུབས་མྱོང་མེད་པའི་རླབས་ཆེན་གྱི་བྱ་གཞག་ཅིག་སྒྲུབ་བཞིན་ཡོད་པས། གལ་ཏེ་ཤེས་བྱས་དབུལ་བ་དང་། མཐོང་རྒྱ་ཆུང་བ། ནུས་པ་ཞན་པ་བཅས་ཡིན་ན། ལས་དོན་ལ་འཐུས་ཤོར་ཡོང་གི་རེད། ན་གཞོན་ལས་བྱེད་པ་ནི་སེམས་ཤུགས་ཆེ་བ་དང་། རིགས་ལམ་མྱུར་བ། དང་ལེན་སླ་བ་བཅས་ཡིན་ལ། འཇོན་ཐང་ཆེ་རུ་འགྱུར་བའི་དུས་སྐབས་བཟང་པོར་གནས་ཡོད་པས། ངེས་པར་དུ་དུས་ཚོད་ལ་གཅེས་སྤྲས་བྱས་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བར་ལྟོགས་པས་ཟས་དང་སྐོམ་པས་ཆུ་ལྟར་དུ་སློབ་སྦྱོང་བྱེད་པ་དང་། དུས་ཚོད་སྐར་ཆ་ཙམ་མི་སྡོད་པར་ཡར་རྒྱས་བརྩོན་ལེན་བྱེད་དགོས།
དཔེ་དེབ་ཐོག་ནས་སློབ་སྦྱོང་བྱ་རྒྱུ་ནི་ཤེས་བྱ་ཕུན་སུམ་ཚོགས་སུ་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བའི་ཐབས་ལམ་གལ་ཆེན་ཞིག་རེད། བློ་མཐུན་མའོ་ཙེ་ཏུང་གིས་“ཟ་མ་ཉིན་གཅིག་ལ་མ་ཟོས་ན་ཆོག་ལ། གཉིད་གཅིག་ལ་མ་ཉལ་ནའང་ཆོག་མོད། དཔེ་ཆ་ཉིན་གཅིག་ལ་མ་བཀླགས་ན་མི་ཆོག་”ཅེས་གསུངས་ཡོད། ཁོང་གིས་ཉིན་རེར་ལས་ཀ་མང་པོ་སྒྲུབ་བཞིན་ཡོད་མོད། འོན་ཀྱང་ཐབས་བརྒྱ་ཇུས་སྟོང་གིས་གླགས་བཙལ་ནས་དཔེ་ཆ་ཀློག་པ་རེད། ཐ་ན་སྐྲ་བཞར་དུས་ཀྱང་དཔེ་ཆ་ཀློག་གི་ཡོད་ཅིང་། ད་དུང་ཀུ་རེའི་ངང་སྐྲ་བཞར་མཁན་ལ་“ཁྱོད་ཀྱིས་རང་གི་ལས་ཀ་སྒྲུབས། ངས་ངའི་ལས་ཀ་བསྒྲུབ་རྒྱུ་ཡིན། ངེད་གཉིས་ཕན་ཚུན་བར་ཆད་མི་བྱེད་”ཅེས་གསུངས། ང་ཚོས་“བཙིར་བ་”དང་“འཛུལ་བའི་”སྙིང་སྟོབས་དེ་རིགས་དར་སྤེལ་བཏང་སྟེ་དཔེ་དེབ་མང་ཙམ་ཀློག་པ་དང་དཔེ་དེབ་ཡག་པོ་ཀློག་དགོས། དཔེ་དེབ་ནང་ནས་བློ་གྲོས་དང་འཚོ་བཅུད་བསྡུ་ལེན་བྱེད་པ་ལས་རང་རློམ་བྱས་ནས་སློབ་སྦྱོང་ལ་སྣང་ཆུང་བྱེད་མི་རུང་བ་དང་། ལས་ཀ་བྲེལ་བ་ཆེ་དྲགས་པར་ཁ་གཡར་ནས་སློབ་སྦྱོང་ལྷོད་གཡེང་དུ་གཏོང་མི་རུང་ཞིང་། སློབ་སྦྱོང་བྱེད་པར་ཕྱི་ཚུལ་ཙམ་སྟོན་མི་རུང་བ་བཅས་ཡིན། སློབ་སྦྱོང་དམ་འཛིན་བྱེད་པར་གང་ཞིག་སྦྱོང་བ་དང་ཇི་ལྟར་སྦྱོང་བའི་གནད་དོན་ཞིག་ཡོད། མི་ཞིག་གི་སེམས་ཤུགས་ལ་ཚད་ཡོད་པས། ཤེས་བྱ་ཡོད་ཚད་སློབ་སྦྱོང་བྱེད་ཐུབ་པ་ཞིག་མ་ཡིན། ལས་བྱེད་པས་ལས་ཀའི་དགོས་མཁོ་དང་ཟུང་འབྲེལ་བྱས་ནས་སློབ་སྦྱོང་བྱས་ཏེ། ཅི་ཞིག་སྒྲུབ་ན་དེ་སྦྱོང་བ་དང་གང་ཞིག་ཆད་ན་དེ་གསབ་དགོས། མར་ཁེ་སིའི་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་སྤྱི་དང་ལྷག་པར་དུ་དུས་རབས་གསར་པའི་ཏང་གི་གསར་གཏོད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་དགོས། ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་འབྱེད་ཀྱི་ལོ་རྒྱུས། སྤྱི་ཚོགས་རིང་ལུགས་འཕེལ་རྒྱས་ཀྱི་ལོ་རྒྱུས་བཅས་སློབ་སྦྱོང་བྱེད་དགོས། དཔལ་འབྱོར་དང་། ཆབ་སྲིད། བཅའ་ཁྲིམས། རིག་གནས། སྤྱི་ཚོགས། དོ་དམ། སྐྱེ་ཁམས། རྒྱལ་སྤྱི་སོགས་ཕྱོགས་གང་ཅིའི་ཐད་ཀྱི་རྨང་གཞིའི་རང་བཞིན་གྱི་ཤེས་བྱ་སློབ་སྦྱོང་བྱེད་དགོས། རང་འཁྲིའི་ལས་ཀ་ལེགས་པར་བསྒྲུབ་རྒྱུ་དང་འབྲེལ་བ་ཡོད་པའི་ཤེས་བྱ་གསར་པ་དང་ནུས་རྩལ་གསར་པ་སློབ་སྦྱོང་བྱས་ནས་རང་འགན་སྒྲུབ་པར་མེད་དུ་མི་རུང་བའི་ཤེས་བྱའི་མ་ལག་ཟམ་མི་འཆད་པར་འཐུས་ཚང་དུ་གཏོང་དགོས།
ལག་ལེན་ནང་ནས་ཤེས་ཡོན་ཡང་དག་ཐོབ་པ་དང་། ལག་ལེན་ནང་ནས་འཇོན་ཐང་ངོ་མ་རྙེད་པ་རེད། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ནི་ཁྱབ་རྒྱ་ཆེ་ཞིང་། འགོ་ཁྲིད་ལས་བྱེད་པས་ཀྱང་རྟག་ཏུ་ལས་གནས་གཅིག་གི་ཐོག་ལས་ཀ་སྒྲུབ་པ་མ་ཡིན་པས། ཚང་མས་སློབ་སྦྱོང་བྱས་ཟིན་པ་དང་སློབ་སྦྱོང་ཡག་པོ་བྱས་རྗེས་གཞི་ནས་ལས་ཀ་སྒྲུབ་པ་ནི་དོན་དངོས་དང་མི་མཐུན་པ་ཞིག་རེད། ལས་ཀའི་ཁྲོད་སློབ་སྦྱོང་བྱེད་པ་དང་སློབ་སྦྱོང་ཁྲོད་ལས་ཀ་སྒྲུབ་རྒྱུ་རྒྱུན་འཁྱོངས་བྱེད་པ་ནི་འགོ་ཁྲིད་ལས་བྱེད་པ་འཚར་ལོངས་འབྱུང་བ་དང་འཇོན་ཐང་ཅན་དུ་འགྱུར་བར་བྱེད་པའི་ལྡོག་མེད་ཀྱི་ལམ་བུ་ཞིག་རེད། ཀྲུང་གོ་གསར་པ་དབུ་བརྙེས་མ་ཐག་མཚོ་དམག་བཙུགས་པ་དང་། ཏང་ཀྲུང་དབྱང་གིས་བློ་མཐུན་ཞའོ་ཅིན་ཀོང་གིས་མཚོ་དམག་གི་སི་ལིང་ཡོན་གྱི་འགན་འཁུར་དགོས་པའི་ཐག་བཅད་པ་རེད། བློ་མཐུན་ཞའོ་ཅིན་ཀོང་གིས་མཚོ་དམག་ལ་གཏན་ནས་ཆ་རྒྱུས་མེད་ཅིང་། ཁོང་ནི་“སྐམ་སའི་བྱ་གག་”ལྟ་བུ་ཞིག་ཡིན་མོད། འོན་ཀྱང་ཁོང་གིས་ལས་དོན་སྒྲུབ་ཞོར་སློབ་སྦྱོང་བྱས་པས། རང་རྒྱལ་གྱི་མཚོ་དམག་མེད་པ་ནས་ཡོད་པར་གྱུར་བ་དང་། མགྱོགས་མྱུར་ངང་སྟོབས་ལྡན་དུ་གྱུར་ཏེ། ཏང་ཀྲུང་དབྱང་གིས་སྤྲད་པའི་ལས་འགན་གཟེངས་སུ་ཐོན་པའི་སྒོ་ནས་ལེགས་འགྲུབ་བྱུང་ཡོད། དམག་འཁྲུག་གི་ལོ་རབས་སུ་བྱུང་བའི་གསར་བརྗེ་པ་རྒན་རབས་མང་པོ་ཞིག་ཀྱང་ལག་ལེན་གྱི་ཁྲོད་ནས་དཔལ་འབྱོར་དང་། ཚན་རྩལ། ཕྱི་འབྲེལ་སོགས་ཁྱབ་ཁོངས་ཀྱི་མཁས་པར་གྱུར་པ་རེད། “སྦྱོང་བའི་དོན་ནི་ཕན་ཕྱིར་དང་། །བརྡར་བའི་དོན་ནི་རྣོ་ཕྱིར་ཡིན། །” བློ་མཐུན་འགའ་ཞིག་གིས་ལག་ལེན་དངོས་ཀྱི་ཁྲོད་དུ་སྦྱོང་བརྡར་བྱས་རྗེས་འདི་སྐད་དུ། ལས་ཀ་ཇི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་ཤེས་པ་དང་། ལས་ཀ་ཇི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་མཁས་པ། ལས་ཀ་ཇི་ཙམ་སྒྲུབ་ན་དེ་ཙམ་གྱིས་སྒྲུབ་བསམ་པ་བཅས་ཡོད། ལག་ལེན་གཅིག་འདྲ་ཡིན་ཡང་དངོས་འབྲེལ་བློ་རྩེ་གཅིག་སྒྲིམ་བྱེད་མིན་དང་། ཕྱོགས་བསྡོམས་དང་བསམ་གཞིགས་བྱེད་མཁས་པོ་ཡོད་མེད་ཀྱི་དབང་གིས་གྲུབ་འབྲས་ཀྱི་ཆེ་ཆུང་དང་གོང་འཕེལ་གྱི་དལ་མགྱོགས་མི་འདྲ་བ་རེད། གལ་ཏེ་བྲེལ་བྲེལ་འཚུབ་འཚུབ་ངང་འཕྲུལ་ཆས་ཇི་བཞིན་ལས་ཀ་སྒྲུབ་པ་དང་། ལས་ཀ་རྩག་རྩིག་རིང་ལུགས་ཀྱི་གནས་སུ་གྱར་ན་ངོས་འཛིན་དང་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་བར་དཀའ།
གོང་དུ་ངས་ནན་བཤད་བྱས་པའི་གནད་དོན་ཁ་ཤས་ནི་ན་གཞོན་ལས་བྱེད་པ་སྐྱོན་བྲལ་ངང་འཚར་ལོངས་ཡོང་བར་ཐག་གཅོད་ལེགས་པོ་བྱེད་པའི་ཞིབ་འཇུག་བྱ་གཞི་ཞིག་ཡིན། ཚང་མ་རླབས་ཆེན་གྱི་དུས་རབས་སུ་སྐྱེ་ཡོད་པ་དང་། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་གཙོ་ཤུགས་ཆགས་ཡོད་པས། ཚང་མས་ནང་གི་ནུས་པ་ཡག་པོ་སྦྱོང་བ་དང་། བློ་སྦྱོང་ལེགས་སུ་གཏོང་བ། འཇོན་ཐང་ཆེ་རུ་གཏོང་བ་བཅས་བྱས་ནས་ཕྱོགས་འཛོལ་མི་འབྱུང་བ་དང་། རྗེས་ལུས་མི་ཐེབས་པ། ཁ་བྲལ་མི་ཡོང་པ་བཅས་བྱེད་ཅིང་། ལས་འགན་ལྕི་མོ་འཁུར་ཐུབ་པའི་རྐང་འཛིན་མི་སྣ་ཞིག་ཏུ་འགྱུར་ཐབས་ཧུར་ཐག་བྱས་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ཆེན་པོས་ལས་དོན་བསྒྲུབས་ཏེ། ཏང་དང་མི་དམངས་ཀྱི་རེ་བ་དང་མངགས་བཅོལ་ཆུད་ཟོས་སུ་མི་གཏོང་རྒྱུའི་རེ་བ་བྱེད་ཀྱི་ཡོད།
རྟ་མགྲིན་སྐྱབས་ཀྱིས་བསྒྱུར།