ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-07


ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་པ།
མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པའི་སྐོར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ།
ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་5ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་5ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ནས། མིག་སྔའི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ལ་དབྱེ་ཞིབ་བྱས་པ་དང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་དམ་འཛིན་ནན་པོ་དང་ཏན་ཏིག་བྱེད་དགོས་པའི་སྐོར་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
        ཚོགས་འདུའི་ཐོག་བསྟན་དོན། ཏོག་གསར་གློ་ཚད་རིམས་ནད་ཐོན་ཚུན། ང་ཚོས་མི་དམངས་གོང་དུ་བཀུར་རྒྱུ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་དང་། རིམས་ནད་ཕྱི་ནས་མ་འགོས་པ་དང་ནང་དུ་བསྐྱར་ལོག་སྔོན་འགོག་མཐའ་འཁྱོངས། སྐབས་བསྟུན་གཙང་བཟོ་མཐའ་འཁྱོངས། དུས་བབ་དང་བསྟུན་ནས་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་རྒྱུན་ཆད་མེད་པར་ལེགས་སྒྲིག་བཅས་བྱས་པས། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལ་འཐབ་ཇུས་ཀྱི་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འདི་ལོའི་ཟླ་3པ་ཚུན་དུ། རྒྱལ་ཡོངས་གོང་འོག་ཚང་མས་སེམས་ཤུགས་གཅིག་སྒྲིལ་དང་དཔུང་པ་མཉམ་གཤིབ་ཀྱིས་དམག་འཐབ་བརྒྱབ་པ་བརྒྱུད། ང་ཚོས་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་བརྒྱབ་ཚུན་གྱི་སྔོན་འགོག་དང་ཚོད་འཛིན་གྱི་ཚོད་བགམ་ནན་ཤོས་ཐེག་ཡོད་ལ། དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཀྱང་ཐོབ་ཡོད། ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཕྱོགས་ནི་ཏང་གི་ངོ་བོ་དང་དམིགས་ཡུལ་གྱིས་གཏན་འཁེལ་བྱས་པ་ཞིག་དང་། ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་སྲིད་ཇུས་ནི་ལོ་རྒྱུས་ཀྱི་ཞིབ་དཔྱད་ཐེག་པ་ཞིག ང་ཚོའི་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་ནི་ཚན་རིག་དང་མཐུན་ལ་གོ་ཆོད་པ་ཞིག་བཅས་ཡིན་པ་ལག་ལེན་ལས་ར་འཕྲོད་ཡོད། ང་ཚོར་ཝུའུ་ཧན་སྲུང་སྐྱོབ་དམག་འཐབ་ལ་རྒྱལ་ཁ་ཐོབ་ཡོད་ལ། ཧྲང་ཧའེ་སྲུང་སྐྱོབ་དམག་འཐབ་ལའང་རྒྱལ་ཁ་འཐོབ་ངེས་ཡིན།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། མིག་སྔར་གོ་ལ་ཧྲིལ་པོར་རིམས་ནད་སྔར་བཞིན་ཤུགས་ཆེན་མཆེད་བཞིན་ཡོད་པ་དང་། ནད་དུག་ལའང་འགྱུར་ལྡོག་ཟམ་མི་ཆད་པར་འགྲོ་བཞིན་ཡོད། རིམས་ནད་ཀྱི་མཐའ་མའི་འཕེལ་ཕྱོགས་ལ་ད་དུང་གཏན་འཁེལ་མེད་པའི་རང་བཞིན་ཆེན་པོ་ཡོད་པས། ལྷོད་ལ་བབས་པ་དང་ངལ་གསོ་བའི་དུས་ལ་རྩ་བ་ནས་སླེབས་མེད། རང་རྒྱལ་ནི་མི་འབོར་མང་བའི་རྒྱལ་ཁབ་ཆེན་པོ་དང་། རྒན་རྒོན་མི་འབོར་མང་བ། ས་ཁུལ་འཕེལ་རྒྱས་དོ་མི་མཉམ་པ། སྨན་བཅོས་ཐོན་ཁུངས་ཀྱི་བསྡོམས་འབོར་མི་འདང་བ་བཅས་རེད། རིམས་ནད་སྔོན་འགོག་དང་ཚོད་འཛིན་ལྷུག་ཏུ་བཏང་ཚེ། མི་ཚོགས་ལ་གཞི་ཁྱོན་ཆེན་པོས་རིམས་ནད་འགོ་བ་དང་། ནད་ཚབས་ལྕི་བའི་ནད་པ་དང་ན་ནས་ཤི་མཁན་མང་པོ་ཐོན་སྲིད་པས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་། མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཤུགས་རྐྱེན་ཚབས་ཆེན་ཐེབས་ངེས་རེད། ཏང་ཀྲུང་དབྱང་གིས་གཏན་འཁེལ་བྱས་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གཏིང་ཟབ་དང་། ཆ་ཚང་བ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ངོས་འཛིན་བྱེད་པ་དང་། ངོས་འཛིན་མི་འདང་བ་དང་། གྲ་སྒྲིག་མི་འདང་བ། ལས་དོན་སྤེལ་ཤུགས་མི་འདང་བ་སོགས་ཀྱི་གནད་དོན་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། སྣང་ཆུང་དང་། སྣང་མེད་དུ་འཇོག་པ། རང་ཤེད་ཚ་པོ་སོགས་ཀྱི་བསམ་བློ་ཁྱད་བསད་མཐའ་གཅིག་ཏུ་བྱེད་པ། ཐོག་མཐའ་བར་གསུམ་དུ་རིག་པ་དྭངས་གསལ་རྒྱུན་འཁྱོངས་བྱེད་པ། “སྐབས་བསྟུན་གཙང་བཟོའི”སྤྱིའི་བྱེད་ཕྱོགས་ལ་གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བར་མཐའ་འཁྱོངས་བྱེད་པ་བཅས་ཀྱི་ཐོག་ནས་རང་རྒྱལ་གྱི་རིམས་འགོག་བྱེད་ཕྱོགས་དང་སྲིད་ཇུས་ལ་འཁྱོག་བཤད་དང་། དོགས་འཆར། ཁས་མི་ལེན་པ་བཅས་ཀྱི་གཏམ་སྤྱོད་མཐའ་དག་དང་འཐབ་རྩོད་མཐའ་གཅིག་ཏུ་བྱེད་དགོས།
        ཚོགས་འདུའི་ཐོག་བསྟན་དོན། མཐའ་འཁྱོངས་ནི་རྒྱལ་ཁ་རེད། མིག་སྔར་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན“ཆུ་བོའི་གྱེན་དུ་གྲུ་ཤན་གཏོང་བས་ན། གྱེན་དུ་མ་ཕྱིན་ཕྱིར་བཤོལ་ཐེབས་པར་ངེས་པའི”འགག་རྩའི་དུས་སྐབས་དང་ཤུགས་ཆེན་པོ་རྒྱག་དགོས་པའི་དུས་མཚམས་སུ་གནས་ཡོད་པས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཡིད་ཆེས་བརྟན་དུ་གཏོང་བ་དང་། རིམས་འགོག་འཐབ་རྩོད་ཀྱི་རྙོག་འཛིང་རང་བཞིན་དང་དཀའ་ཚེགས་ཆེ་བའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱེད་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ། འཐབ་རྩོད་ཀྱི་སྙིང་སྟོབས་དར་སྤེལ་གང་ལེགས་གཏོང་བ། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་སྲུང་ཡོལ་བརྟན་དུ་མཐའ་གཅིག་ཏུ་གཏོང་བ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་མཐའ་གཅིག་ཏུ་གཏོང་བ་བཅས་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བྱེད་དགོས།
        ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ཡུལ་ཆ་ཤས་སུ་འདུ་འཛོམས་རང་བཞིན་གྱི་རིམས་ནད་ཐག་གཅོད་བྱེད་མགྱོགས་སུ་གཏོང་བ་དང་། བརྟག་དཔྱད་བྱེད་དགོས་རིགས་ལ་བརྟག་དཔྱད་དང་། ལོགས་འཇོག་བྱེད་དགོས་རིགས་ལོགས་འཇོག བསྡུ་ཉར་བྱེད་དགོས་རིགས་བསྡུ་ཉར། སྐྱོབ་བཅོས་བྱེད་དགོས་རིགས་སྐྱོབ་བཅོས་བཅས་བྱས་ནས་ཉིང་སྐྱུར་བརྟག་དཔྱད་དང་། རིམས་དཔྱད། ལོགས་འཇོག་བརྒྱུད་སྐྱེལ། སྡེ་ཁུལ་དོ་དམ་ཚོད་འཛིན་སོགས་ཀྱི་གཙོ་གནད་ལྷུ་ཚིགས་མཐུན་སྦྱོར་མཉམ་འགུལ་བྱས་ཏེ་རིམས་ནད་འགོས་པའི་ནད་པ་དང་ཉེན་ཆེའི་མི་ཚོགས་ལ་དུས་ཐོག་ཏུ་གྲལ་བཤེར་དང་དོ་དམ་ཚོད་འཛིན་ཐུབ་པའི་འགན་ལེན་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་ནུས་པ་ཆེ་རུ་གཏོང་བར་ཤུགས་སྣོན་རྒྱག་པ་དང་། ས་ཁོངས་མཐུན་སྦྱོར་གྱི་སྔོན་འགོག་དང་ཞིང་ཆེན་ནང་ཁུལ་ལ་སྤྱི་འདོམས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་འགོག་དང་ཚོད་འཛིན་གྱི་མི་ཤུགས་དང་དངོས་ཟོག་གྲ་སྒྲིག་ཨང་བསར་བྱེད་པ་བཅས་ཀྱི་ཐོག་ནས་རིམས་ནད་ལ་ཁ་གཏད་གཅོག་པའི་གྲ་སྒྲིག་ཡག་པོ་བྱེད་དགོས། སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་བ་དང་། ནད་དུག་གཞན་འགྱུར་ལ་ཞིབ་འཇུག་དང་དོགས་ཟོན་བྱེད་ཤུགས་ཆེ་རུ་གཏོང་བ། སྟབས་བདེ་སླ་བཅོས་དང་བརྒྱ་ཁ་གཅིག་ཆོད་མི་བྱེད་པ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་འཚོ་བའི་དངོས་ཟོག་མཁོ་འདོན་དུས་གཅིག་ཏུ་ཡག་པོ་བྱེད་པ་བཅས་ཀྱི་ཐོག་ནས་སྨན་པ་བསྟེན་པའི་མང་ཚོགས་ཀྱི་དགོས་མཁོ་ཡག་པོ་སྐོང་དགོས། རྒྱུན་རྣམ་ཅན་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱ་ཐབས་དོན་འཁྱོལ་ནན་པོ་བྱེད་པ་དང་། རིམས་ནད་ཕྱི་ནས་མ་འགོས་པ་བྱེད་པའི་ཐད་མི་དང་། དངོས་པོ། ཁོར་ཡུག་བཅས་མཉམ་འགོག་གི་བླང་བྱ་ལག་བསྟར་གནད་སྨིན་བྱས་ཏེ་ལས་རིགས་ཀྱི་འགན་འཁྲི་དང་ཚན་པའི་འགན་འཁྲི་ནན་དུ་གཏོང་དགོས། མི་དམངས་མང་ཚོགས་ལ་དམ་པོར་བརྟེན་ནས་མི་དམངས་དམག་འཁྲུག་ཡག་པོ་རྒྱག་པ་དང་། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྤྱི་ཚོགས་ཀྱི་དོ་ཁུར་ལ་རང་འགུལ་ངང་ལན་སློག་པ། རྒྱ་ཆེའི་མང་ཚོགས་ལ་འགན་འཁྲིའི་འདུ་ཤེས་དང་རང་ངོས་འགོག་སྲུང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུར་ཁྲིད་སྟོན་བྱེད་པ། སྔོན་འགོག་དང་ཚོད་འཛིན་གྱི་འགན་འཁྲི་དང་འོས་འགན་རང་རྟོགས་ངང་འཁུར་བ། མི་སྒེར་དང་ཁྱིམ་ཚང་སོགས་ཀྱི་རྒྱུན་གཏན་གྱི་འགོག་སྲུང་བྱ་ཐབས་དོན་འཁྱོལ་བྱེད་པ། རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། མང་ཚོགས་ཀྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་འགོག་སྲུང་འཛིང་རགས་བརྟན་དུ་གཏོང་དགོས།
        ཚོགས་འདུའི་ཐོག རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། སྤྱི་ཚོགས་ཕྱོགས་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱེད་པ་དང་། རང་རྟོགས་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་རྒྱུན་འཁྱོངས་བྱེད་པ། ལྷོད་གཡེང་གི་བསམ་བློ་དང་། དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་ཚུལ། སྟེས་དབང་གི་བསམ་བློ། ལྷོད་གཡེང་གི་བསམ་བློ་བཅས་ཁྱད་བསད་བྱེད་པ། ཕྱོགས་ཡོངས་ནས་སྐུལ་སློང་དང་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱེད་པ་བཅས་ཀྱི་ཐོག་ནས་དུས་ཚོད་ཀྱིས་མི་སྒུག་པའི་སྙིང་སྟོབས་དང་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་བྱེད་པའི་བྱ་སྤྱོད་ལ་བརྟེན་ནས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་ཚོས་མུ་མཐུད་གདོང་མཆོང་དང་བློ་བརྟན་འགྱུར་མེད་ཀྱིས་འབད་བརྩོན་བྱས་ཏེ། དམག་འཐབ་མཁར་རྫོང་དང་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་བྱེད་དགོས། རིམས་འགོག་འཐབ་རྩོད་སྤེལ་རིང་ཐོན་པའི་སྔོན་ཐོན་དཔེ་མཚོན་དང་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་གསར་འགྱུར་འགོད་སྤེལ་བྱས་ཏེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཡིད་ཆེས་བརྟན་པོ་དང་། ཕྱར་བ་གྲུ་འདེགས། མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་བཅས་ཀྱི་སྒོ་ནས་རིམས་འགོག་ལས་དོན་ལེགས་པར་བསྒྲུབ་རྒྱུར་སྐུལ་ལྕག་བྱེད་དགོས་ཞེས་བསྟན་པ་རེད།
        ཚོགས་འདུའི་ཐོག་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1