ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།
《རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་6ཉིན་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས《རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ་དང་འབྲེལ་བརྡ་ཐོའང་བཏང་སྟེ། ས་ཁུལ་ཁག་དང་སྡེ་ཚན་ཁག་ལ་དོན་དངོས་དང་ཟུང་འབྲེལ་བྱས་ནས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
《བསམ་འཆར》ནང་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ། མི་ལྟེ་བར་བཟུང་ནས་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་མཐའ་འཁྱོངས་གཏོང་བ་དང་། རྫོང་དང་གྲོང་ཁྱེར་གྱི་འཕེལ་རྒྱས་ཆོས་ཉིད་ལ་བརྩི་འཇོག རྫོང་གྲོང་གི་ཐོན་སྐྱེད་དང་། འཚོ་བ། སྐྱེ་ཁམས། བདེ་འཇགས་བཅས་ཀྱི་དགོས་མཁོར་སྤྱི་འདོམས། ཡུལ་བབ་དང་བསྟུན་ནས་རྫོང་གྲོང་གི་ཞན་ཆ་སེལ་བ། དེ་བཞིན་རྫོང་གྲོང་གི་ཐོན་ལས་ཀྱི་ཆ་སྒྲིག་སྒྲིག་བཀོད་ཀྱི་སྤུས་ཚད་ཡག་པོ་དང་ཕན་འབྲས་ཆེ་རུ་གཏོང་རྒྱུ་དང་། གྲོང་ཁྱེར་གྱི་སྤྱི་པའི་སྒྲིག་བཀོད་ཀྱི་གནས་ཚད་དང་རིམ་པ་མཐོ་རུ་གཏོང་རྒྱུ། སྤྱི་པའི་ཞབས་ཞུའི་སྒྲིག་བཀོད་ཀྱི་ཚད་གཞི་མཐོ་པོ་དང་གཞི་རྒྱ་ཆེ་རུ་གཏོང་རྒྱུ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་ཀྱི་རིམ་པ་མཐོ་པོ་དང་ནུས་པ་ཆེ་རུ་གཏོང་རྒྱུ་བཅས་ལ་སྐུལ་འདེད་གཏོང་བ། རྫོང་གྲོང་གི་ཕྱོགས་བསྡུས་ཐེག་ནུས་ཆེ་རུ་གཏོང་བ། རྫོང་གྲོང་གི་འཕེལ་རྒྱས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ། ཞིང་པ་རྫོང་གྲོང་དུ་ལས་ཞུགས་དང་གཞིས་ཆགས་པའི་དགོས་མཁོ་དང་རྫོང་གྲོང་གི་གྲོང་མིའི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོ་སྔར་བས་ལེགས་པའི་ངང་བསྐངས་ནས། ནང་མཁོ་ཆེ་རུ་གཏོང་བའི་འཐབ་ཇུས་ལག་བསྟར་དང་དེ་བཞིན་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་དང་གྲོང་གསེབ་དར་རྒྱས་གཏོང་བར་མཐུན་སྦྱོར་སྐུལ་འདེད་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
《བསམ་འཆར》ནང་བསྟན་དོན། རྫོང་གྲོང་གི་ཕྱོགས་འགྲུལ་མི་འབོར་གྱི་འགྱུར་ལྡོག་དང་འཕེལ་ཕྱོགས་དང་བསྟུན་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་དང་། གནས་ཡུལ་གྱི་ཆ་རྐྱེན། ཐོན་ལས་ཀྱི་རྨང་གཞི། བྱེད་ནུས་ཀྱི་ངེས་གནས་བཅས་ལ་གཞི་ཚུགས་པ། ཆ་རྐྱེན་ལེགས་པའི་རྫོང་གྲོང་ཁག་གཅིག་དཔེ་སྟོན་ས་ཁུལ་དུ་བདམས་ནས་གཙོ་གནད་འཕེལ་རྒྱས་གཏོང་བ་བཅས་བྱས་ཏེ། མི་འབོར་ཤོར་བའི་རྫོང་གྲོང་རྨོངས་ཚོད་ཀྱིས་འཛུགས་སྐྲུན་བྱས་པའི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས་པ་དང་། ཐོན་ཁུངས་བཀོད་སྒྲིག་བྱེད་རིང་ཁྲོམ་རའི་ཐག་གཅོད་རང་བཞིན་གྱི་ནུས་པ་གང་ལེགས་བཏོན་ནས་ཁྲོམ་རའི་བྱེད་པོ་སྣ་ཚོགས་རྫོང་གྲོང་འཛུགས་སྐྲུན་ལ་ཞུགས་པའི་ཁྲིད་སྟོན་བྱེད་དགོས་ལ་རྒྱབ་སྐྱོར་ཡང་བྱེད་དགོས། སྲིད་གཞུང་གི་ནུས་པ་སྔར་ལས་ལྷག་པ་བཏོན་ནས་འཆར་འགོད་ཀྱི་སྲིད་ཇུས་བཟོ་བ་དང་། སྤྱི་པའི་ཞབས་འདེགས་མཁོ་འདོན། ལམ་ལུགས་ཀྱི་ཁོར་ཡུག་གཏོད་པ་སོགས་ཐད་ཀྱི་འགན་འཁྲི་ཏན་ཏིག་སྒྲུབ་དགོས། རྫོང་ཁོངས་གཞི་རྩའི་ཚན་པར་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། གྲོང་ཁྱེར་དང་སྦྲེལ་མཐུད་བྱེད་པ་དང་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་རྫོང་གྲོང་གི་ནུས་པ་བཏོན་ནས་གྲོང་གསེབ་ལ་ཁྱབ་འགྱེད་དང་སྐུལ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། རྫོང་གྲོང་གི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་ཞུ་རྒྱ་ཤང་གྲོང་དུ་སྣུར་སྲིང་དང་ཁྱབ་པར་སྐུལ་འདེད་བཏང་ནས། རྫོང་གྲོང་དང་ཉེ་འཁོར་གྲོང་ཁྱེར་གྱི་འཕེལ་རྒྱས་སྦྲེལ་མཐུད་དང་གཞོགས་འདེགས་བྱེད་ཤུགས་ཆེ་རུ་གཏོང་དགོས། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཀྱིས་རྨོ་ཞིང་དང་གཏན་འཇགས་ཀྱི་གཞི་རྩའི་ཞིང་ཁ་དང་། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག གྲོང་ཁྱེར་དང་གྲོང་རྡལ་གསར་སྤེལ་གྱི་ས་མཚམས་བཅས་དོན་འཁྱོལ་ནན་ཏན་གྱིས་ལོ་རྒྱུས་དང་རིག་གནས་ཀྱི་གཞི་རྩ་བརྟན་པོར་བསྲུངས་ཏེ། བཤིག་སྐྲུན་ཆེན་པོ་དང་ཆེ་རྔམ་ཕྱི་གཉེར་གྱི་གནས་ཚུལ་མ་བྱུང་སྔོན་འགོག་བྱེད་དགོས། རྫོང་ཕྱིར་འཐེན་བྱས་ནས་གྲོང་ཁྱེར་དང་ཆུས་འཛུགས་པ་བཅས་ལ་ཚོད་འཛིན་ནན་པོ་བྱས་ཏེ། གནོད་འཚེ་དང་ལས་འཛོལ་གྱི་ཉེན་ཁར་ཚོད་འཛིན་ནན་པོ་དང་ས་གནས་སྲིད་གཞུང་གི་བུ་ལོན་གྱི་ཉེན་ཁ་འགོག་ཟོན་བྱེད་དགོས།
《བསམ་འཆར》ནང་2025ལོར་སླེབས་སྐབས། རྫོང་གྲོང་གིས་གཞི་རྟེན་གལ་ཆེན་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་འཛུགས་སྐྲུན་ལ་འཕེལ་རྒྱས་གལ་ཆེན་ཡོང་བར་བྱེད་པ་དང་། རྫོང་གྲོང་གི་ཞན་ཆ་སྔར་ལས་ལྷག་པའི་སྒོ་ནས་སེལ་བ། གནས་ཡུལ་གྱི་ལེགས་ཆ་དང་ཐོན་ལས་ཀྱི་རྨང་གཞི་ལེགས་པ་དང་། ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ནུས་ཅུང་ཆེ་བ། མི་འབོར་འདུ་འཛོམས་ཆེ་བའི་དཔལ་འབྱོར་གྱི་ཆ་རྐྱེན་ཅུང་ལེགས་པ་བཅས་ཀྱི་རྫོང་གྲོང་ཁག་གཅིག་འཛུགས་སྐྲུན་བྱེད་པར་གྲུབ་འབྲས་མངོན་གསལ་དོད་པོ་འཐོབ་པ། སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་རྒྱུན་སྡོད་མི་འབོར་གྱི་གཞི་ཁྱོན་དང་རྩ་བའི་ཆ་ནས་འཚམ་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་འགྲོ་བ། གྲོང་ཁྱེར་གྱི་སྒྲིག་བཀོད་གཞི་རྩའི་ཆ་ནས་འཐུས་སྒོ་ཚང་བ། ཞིང་པ་རྫོང་གྲོང་དུ་ལས་ཞུགས་དང་གཞིས་ཆགས་བྱེད་རྒྱ་རྒྱུན་ཆད་མེད་པར་ཆེ་རུ་འགྲོ་བ། རྫོང་གྲོང་གི་གྲོང་མིའི་འཚོ་བའི་སྤུས་ཚད་མངོན་གསལ་དོད་པོས་ལེགས་སུ་འགྲོ་བ་བཅས་བྱེད་དགོས་པ་མ་ཟད། ད་དུང་དུས་སྐབས་ཤིག་རིང་འབད་བརྩོན་གྱིས་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་རང་རང་སོ་སོའི་ཁྱད་ཆོས་ལྡན་པ་དང་། གསོན་ཤུགས་ཆེ་བ། གནས་འཕྲོད་ལས་འཕྲོད་བཅས་ཀྱི་དེང་རབས་ཅན་གྱི་རྫོང་གྲོང་གཞི་རྩའི་ཆ་ནས་སྐྲུན་ཐུབ་པར་བྱས་ཏེ། ཉེ་འཁོར་གྱི་གྲོང་ཁྱེར་ཆེ་འབྲིང་དབར་གྱི་འཕེལ་རྒྱས་ཧེ་བག་མངོན་གསལ་དོད་པོས་ཆུང་དུ་བཏང་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་ལག་འཐུས་སྒོ་ཚང་དུ་གཏོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ནུས་པ་སྔར་བས་མངོན་གསལ་དོད་པོ་ཡོང་བར་བྱེད་དགོས་ཞེས་གསལ་པོར་བསྟན་ཡོད།