༄༅།།དངོས་ལུགས་རིག་པ་ལས་དངོས་པོ་ཚད་མེད་དུ་དབྱེ་ཐུབ་མིན་སྐོར་གླེང་བ།

བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ཀྱི་སློབ་གསོ། སྤེལ་དུས། 05-09



བསོད་ནམས་སྐྱིད།
        2003ལོར་ལན་གྲུ་སློབ་ཆེན་གྱི་སློབ་དཔོན་ཆེན་མོ་ཏོན་ཡི་ཧྲིས། ང་ཚོར་སློབ་ཁྲིད་གནང་སྐབས་སུ་གསུངས་རྒྱུར། དངོས་ལུགས་རིག་པའི་ཕྱོགས་ནས་བལྟས་ན། མིའི་རིགས་ཀྱིས་འཛམ་གླིང་རྟོགས་པའི་ནང་དོན་གཙོ་བོ་ནི།

དང་པོ། དངོས་པོའི་གྲུབ་ཚུལ་དང་གཞི་རྒྱུ་ཤེས་དགོས།
གཉིས་པ། དངོས་པོའི་འགུལ་སྐྱོད་ཆོས་ཉིད་དང་ཕན་ཚུན་བྱེད་ནུས་ཤེས་དགོས།
གསུམ་པ། དངོས་པོའི་གྲུབ་ཚུལ་དང་འགུལ་སྐྱོད་ཆོས་ཉིད་སྤྱད་དེ་འཛམ་གླིང་བསྒྱུར་དགོས།
བཞི་པ། མིའི་རིགས་ཀྱི་མིག་སྔར་དང་མ་འོངས་པའི་རེ་འདུན་ལྟར་འཛམ་གླིང་བསྒྱུར་དགོས། འཛམ་གླིང་རྟོགས་ན་ད་གཟོད་འཛམ་གླིང་བསྒྱུར་ཐུབ། ཤེས་ཟིན་པའི་འཛམ་གླིང་རྟོགས་ན་ད་གཟོད་མ་ཤེས་པའི་འཛམ་གླིང་རྟོགས་ཐུབ། ཅེས་པ་ལྟར་རིལ་རྡུལ་ནི་དངོས་པོ་ཆགས་པའི་རྨང་གཞིའི་གྲུབ་ཆའི་སྡེ་ཚན་ཏེ། དངོས་པོའི་གཞི་རྒྱུ་ཡིན་ཞིང་། དངོས་པོའི་སྣང་ཚུལ་ཐམས་ཅད་ཀྱི་གཞི་ཡིན། རིལ་རྡུལ་དེ་རེ་རེའམ་ཐུན་མོང་གི་ཚུལ་དུ་ཕན་ཚུན་ལ་བྱེད་ནུས་ཐེབས་པ་དང་ཕན་ཚུན་ལ་ཚོད་འཛིན་བྱེད་པ། ཕན་ཚུན་འཕོ་འགྱུར་བྱུང་ནས་འཇིག་རྟེན་སྟེང་རྣམ་པ་སྣ་ཚོགས་ཀྱི་དངོས་པོ་གྲུབ་པ་དང་། འགྱུར་ལྡོག་སྣ་ཚོགས་ཀྱི་དངོས་པོའི་སྣང་ཚུལ་བསྟན་དང་སྟོན་བཞིན་ཡོད།

གཅིག དངོས་ལུགས་རིག་པའི་ཁྲོད་ཀྱི་དངོས་པོ།
        མིག་སྔར་དངོས་ལུགས་རིག་པའི་འགྲོ་ཕྱོགས་གཙོ་བོའི་ཁྲོད་ཀྱི་དངོས་ལུགས་རིག་པ་བ་ཕལ་ཆེར་གྱིས་འཇིག་རྟེན་ནི་བར་སྟོང་དང་དུས་ཚོད། དེའི་ཁྲོད་དུ་གནས་པའི་དངོས་པོ་ཡོད་ཚད་ཀྱི་སྤྱི་སྡོམ་ཡིན་པར་བསམ། འདིས་འཇིག་རྟེན་ནི་ཁག་གཉིས་ཀྱིས་བསྡུས་པར་སྙམ་སྟེ། ཁག་གཅིག་ནི་དུས་དང་བར་སྟོང་ཡིན། ཁག་གཞན་ཞིག་ནི་དུས་དང་བར་སྟོང་ཁྲོད་དུ་གནས་པའི་དངོས་པོ་ཡིན། འོན་ཀྱང་དངོས་ལུགས་རིག་པ་བ་ལ་ལས་འཇིག་རྟེན་ནི། དུས་དང་བར་སྟོང་། དངོས་པོ། འགུགས་ཤུགས་ར་བ་བཅས་ཁག་གསུམ་གྱིས་གྲུབ་པར་འདོད། དུས་དང་བར་སྟོང་གི་གོ་དོན་དང་དེའི་འབྲེལ་ཡོད་ཆོས་ཉིད་དང་མཚུངས་པར། དངོས་པོའི་གོ་དོན་དང་། དེའི་འབྲེལ་ཡོད་ཆོས་ཉིད་ནི་དངོས་ལུགས་རིག་པས་སྔར་བཞིན་གཏིང་ཟབ་ཏུ་ཞིབ་འཇུག་བྱེད་པའི་གནད་དོན་ཞིག་ཡིན་པ་མ་ཟད། མཚན་ཉིད་རིག་པས་ཀྱང་རྒྱུན་དུ་གྲོས་བསྡུར་བྱེད་ཅིང་ཀུན་གྱིས་དོ་སྣང་བྱེད་ཡུལ་དུ་གྱུར་པའི་གནད་དོན་ཞིག་ཀྱང་རེད། མཚན་ཉིད་རིག་པ་དང་དངོས་ལུགས་རིག་པས་དངོས་པོའི་གོ་དོན་དང་། དེའི་འབྲེལ་ཡོད་ཆོས་ཉིད་ཀྱི་གོ་བ་ལེན་སྟངས་ལ་ཁྱད་པར་ཡོད། དངོས་ལུགས་རིག་པའི་སྟེང་ནས། དངོས་པོའི་གོ་དོན་དང་འབྲེལ་ཡོད་གོ་དོན་རྣམས། ཡང་ན་དངོས་བཤེར་རྨང་གཞི་བྱས་ནས་ཐད་ཀར་བཙུགས་པ་ཡིན་ལ། ཡང་ན་ཆ་བཞག་ཅིག་ཡིན་རུང་། དེའི་རིགས་དཔག་ནི་ངེས་པར་དུ་དངོས་བཤེར་ལ་བརྟེན་ནས་ར་སྤྲོད་དགོས་པའི་བླང་བྱ་བཏོན་ཡོད། འོན་ཀྱང་མཚན་ཉིད་རིག་པའི་སྟེང་ནས། དངོས་པོ་དང་འབྲེལ་ཡོད་ཀྱི་གོ་དོན་དག་ནི་རྟག་པར་དངོས་བཤེར་བརྒྱུད་ནས་ར་འཕྲོད་དགོས་པའི་བླང་བྱ་འདོན་གྱིན་མེད།
        དངོས་ལུགས་རིག་པའི་སྟེང་ནས་བཤད་ན། དངོས་པོ་གདོས་བཅས་གང་རུང་གཉིས་བར་དུ་འགུགས་ཤུགས་ཡོད་པ་དང་། དངོས་པོ་གདོས་བཅས་རེ་རེས་དེའི་ཁོར་ཡུག་བར་སྟོང་དུ་འགུགས་ཤུགས་ར་བ་གྲུབ་ཅིང་།འགུགས་ཤུགས་ར་བ་རེ་རེས་དེའི་ཁྲོད་དུ་གནས་པའི་དངོས་པོ་གདོས་བཅས་གཞན་པར་འགུགས་ཤུགས་ཀྱི་བྱེད་ནུས་འདོན་བཞིནཡོད། འགུགས་ཤུགས་ར་བ་ལའང་རྫས་ཚད་དང་ནུས་ཚད། འགུལ་ཚད་ལྡན་པས། དེའང་དངོས་པོ་གདོས་བཅས་རིགས་ཤིག་རེད། མིག་སྔར་དངོས་ལུགས་རིག་པའི་ཁྲོད་དུ། ཕན་ཚུན་ལ་བྱེད་ནུས་འདོན་པའི་ར་བ་གཞན་པ(དཔེར་ན་གློག་སྡུད་ར་བ་སོགས་ལྟ་བུ)དངོས་པོ་ཡིན་པར་བལྟས་པ་དང་མཚུངས་པར། དངོས་ལུགས་རིག་པའི་གཙོ་རྒྱུག་གི་ལྟ་ཚུལ་ཡང་འགུགས་ཤུགས་ར་བ་དེ་དངོས་པོ་རིགས་ཤིག་ཏུ་ལྟ་བ་ཡིན། འོན་ཏེ་དངོས་ལུགས་རིག་པ་བ་ལ་ལས། འགུགས་ཤུགས་ར་བ་དང་དངོས་པོ་ནི་དངོས་ལུགས་གདོས་བཅས་མི་འདྲ་བ་རིགས་གཉིས་ཡིན་ལ། འགུགས་ཤུགས་ར་བ་དེ་དངོས་པོ་ཡིན་པར་བལྟས་ན། མི་རིགས་པར་འགུགས་ཤུགས་ར་བ་དེ་དངོས་པོ་དང་རིམ་མཚུངས་ཀྱི་དངོས་ལུགས་གདོས་བཅས་རིགས་གཞན་ཞིག་ཏུ་བལྟས་ན་འཚམ་པར་འདོད།
        དུས་རབས20པའི་ལོ་རབས70པའི་སྔོན་དུ། དངོས་ལུགས་རིག་པས་འདི་ལྟར་འདོད་དེ། ཕལ་ཆེར་ཕན་ཚུན་ལ་བྱེད་ནུས་འདོན་པའི་ཚད་ལྡན་གྱི་པོ་སོན་རྡུལ(འོད་རྡུལ་དང་སྤྱིན་རྡུལ། wཔོ་སོན་རྡུལ། zཔོ་སོན་རྡུལ། ད་དུང་འགུགས་ཤུགས་རྡུལ་ཡང་ཡོད་སྙམ)ལས་གཞན། འཇིག་རྟེན་ཁམས་ཀྱི་དངོས་པོ་ནི་གཙོ་བོ་ལྗིད་རྡུལ་རིགས་དང་ཡང་རྡུལ་རིགས་ཏེ་གཞི་རྩའི་རིལ་རྡུལ་གྱིས་གྲུབ་པ་ཡིན། ལྗིད་རྡུལ་རིགས་ཀྱི་གཞི་རྩའི་རིལ་རྡུལ་ལ་ཁུར་ཁི་རིགས་དྲུག་སྟེ། གོང་ཁུར་ཁི། འོག་ཁུར་ཁི། ཁྱད་མཚར་ཁུར་ཁི། ཡིད་འོང་ཁུར་ཁི། ཞབས་ཁུར་ཁི། རྩེ་ཁུར་ཁི་བཅས་སོ། ། ཡང་རྡུལ་རིགས་ཀྱི་གཞི་རྩའི་རིལ་རྡུལ་ལ་ཡང་རྡུལ་རིགས་དྲུག་སྟེ། གློག་རྡུལ།μརྡུལ།τརྡུལ། གློག་རྡུལ་མ་ནིང་ཕྲན་རྡུལ།μརྡུལ་མ་ནིང་ཕྲན་རྡུལ།τརྡུལ་མ་ནིང་ཕྲན་རྡུལ་བཅས་སོ། །རྫས་རྡུལ་དང་མ་ནིང་རྡུལ་ནི་ཁུར་ཁིས་གྲུབ་པ་དང་།མ་རྡུལ་ཉིང་ནི་རྫས་རྡུལ་དང་མ་ནིང་རྡུལ་གྱིས་གྲུབ། མ་རྡུལ་ཉིང་དང་གློག་རྡུལ་གྱིས་མ་རྡུལ་གྲུབ། མ་རྡུལ་ཡང་བསྡེབས་ནས་ཆ་རྡུལ་གྲུབ། མཐར་གཏུགས་ན། དེ་དག་ཐམས་ཅད་ལྗིད་རྡུལ་རིགས་དང་ཡང་རྡུལ་རིགས་ཀྱི་གཞི་རྩའི་རིལ་རྡུལ་གྱིས་གྲུབ་པ་ཡིན། དེའི་ཕྱིར་དངོས་པོ་རིགས་འདིར་ལྗིད་རྡུལ་ཡང་རྡུལ་དངོས་པོ་ཟེར། དེ་བསྡུས་ན་ལྗིད་རྡུལ་དངོས་པོ་ཟེར། ང་ཚོས་སའི་གོ་ལའི་སྟེང་དུ་མཐོང་བའི་དངོས་པོ་སྣ་ཚོགས་དང་སྐར་མའི་གོ་ལ་གྲུབ་པའི་དངོས་པོ་ཐམས་ཅད་ལྗིད་རྡུལ་དངོས་པོ་རིགས་འདི་རེད། དེ་དག་ལ་ཡང་རྒྱུན་པར་རྒྱུན་ལྡན་དངོས་པོ་ཟེར། དེའི་རྗེས། སྐར་རྒྱུད་ཀྱི་འགུལ་སྐྱོད་ལ་ཞིབ་འཇུག་བྱས་པའི་རྐྱེན་གྱིས། (མངོན་མེད་དངོས་པོ)གསར་རྙེད་བྱུང་།
        དུས་རབས20པའི་ལོ་རབས90པའི་མཇུག་ཏུ། འཇིག་རྟེན་རིག་པར་ཞིབ་འཇུག་བྱས་པ་ལས། གནམ་རིག་ལྟ་ཞིབ་ཚད་འཇལ་བྱས་རྐྱེན། སླར་ཡང(མངོན་མེད་ནུས་ཚད)གསར་རྙེད་བྱུང་། མངོན་མེད་དངོས་པོ་དང་མངོན་མེད་ནུས་ཚད་ཐམས་ཅད་འོད་མི་འཕྲོ་བས། དེ་དག་ལ་འོད་རིག་བྱེད་ཐབས་སྤྱད་དེ་ལྟ་ཞིབ་ཚད་འཇལ་བྱེད་ཐབས་མེད། དངོས་ལུགས་རིག་པའི་ཞིབ་འཇུག་ལས་མཚོན་པ་ལྟར་ན། མངོན་མེད་དངོས་པོ་དང་མངོན་མེད་ནུས་ཚད་ཀྱི་དངོས་ལུགས་ཁྱད་གཤིས་དང་རྒྱུན་ལྡན་གྱི་ལྗིད་རྡུལ་དངོས་པོའི་དངོས་ལུགས་ཀྱི་ཁྱད་གཤིས་དེ་ཧ་ཅང་མི་འདྲ་བས། དེ་དག་ནི་ལྗིད་རྡུལ་རིགས་དང་ཡང་རྡུལ་རིགས་ཀྱི་གཞི་རྩའི་རིལ་རྡུལ་ལས་གྲུབ་པའི་དངོས་པོ་མིན་པ་ཤས་ཆེ་སྲིད། དེའི་ཕྱིར་ལྗིད་རྡུལ་ཡང་རྡུལ་མིན་པའི་དངོས་པོ་ཟེར་ཆོག དེ་བསྡུས་ན་ལྗིད་རྡུལ་མིན་པའི་དངོས་པོ་ཟེར། ལྗིད་རྡུལ་མིན་པའི་དངོས་པོའི་ངོ་བོ་དང་འབྱུང་ཁུངས་ཐད་དུ། དེང་སྐབས་ད་རུང་དེ་འདྲ་གསལ་ཆ་མི་འདུག དེའི་ཐད་ལ་ལྟ་ཚུལ་མང་པོ་བཏོན་ཡོད་རུང་། ཐམས་ཅད་ཆེས་མཐའ་མཇུག་གི་ཚིག་ཐག་ཆོད་པའི་བཤད་ཚུལ་དུ་བརྩི་མི་རིགས།
        མངོན་མེད་དངོས་པོ་དང་མངོན་མེད་ནུས་ཚད་ཕན་ཚུན་བར་དུའང་ཁྱད་པར་ཆེན་པོ་ལྡན། དངོས་ལུགས་རིག་པ་བ་མང་ཆེ་ཤོས་ཀྱིས་དེ་དག་ནི་མི་འདྲ་བའི་དངོས་པོ་རིགས་གཉིས་ཡིན་པར་བསམ། དེས་ན། ད་ལྟ་དངོས་ལུགས་རིག་པས་འཇིག་རྟེན་ཁམས་ཀྱི་སྐར་གཟིགས་དང་སྐར་རྒྱུད་ཡོངས་རྫོགས་འགྲུབ་བྱའི་དངོས་པོ་གཙོ་བོ་རིགས་གསུམ་དུ་དབྱེ་ཆོག་པར་འདོད་དེ། གཅིག ལྗིད་རྡུལ་དངོས་པོ། གཉིས། མངོན་མེད་དངོས་པོ། གསུམ། མངོན་མེད་ནུས་ཚད་བཅས་སོ། ། གནམ་རིག་གི་ལྟ་ཞིབ་ཚད་འཇལ་དང་གཞུང་ལུགས་ཞིབ་འཇུག་བྱས་ནས་རྟོགས་པ་ལྟར་ན། ད་ལྟའི་དུས་རིམ་གྱི་དངོས་པོ་ཡོངས་རྫོགས་སུ། མངོན་མེད་ནུས་ཚད་ཀྱིས་ཕལ་ཆེར་བརྒྱ་ཆའི73ཟིན་པ་དང་། མངོན་མེད་དངོས་པོས་ཕལ་ཆེར་བརྒྱ་ཆའི23ཟིན། ལྗིད་རྡུལ་དངོས་པོས་ཕལ་ཆེར་བརྒྱ་ཆའི4ཟིན།
        མིག་སྔར། དངོས་ལུགས་རིག་པས་དངོས་པོར་མཚན་ཉིད་རགས་བསྡུས་ཙམ་བཞག་པ་འདི་ལྟར། དངོས་པོ་ནི་དུས་དང་བར་སྟོང་ཁྲོད་དུ་གནས་པའི་ཕྱི་རོལ་ཡུལ་གྱི་དངོས་གནས་ཤིག་ཡིན། དངོས་ལུགས་སྣང་ཚུལ་ཡོད་ཚད(དཔེར་ན་འོད་ཀྱི་སྣང་ཚུལ། ཚ་བའི་སྣང་ཚུལ། གཞི་རྩའི་རིལ་རྡུལ་གྱི་སྐྱེ་འབྱུང་དང་འགག་འཇིག་སྣང་ཚུལ་སོགས)དང་། དངོས་ལུགས་ཚད་ཡོད་ཚད(དཔེར་ན་གོམས་གཤིས་རྫས་ཚད། འགུལ་ཚད། ནུས་ཚད། རང་འཁྱིལ། གློག་ཚད་སོགས)ཀྱི་ཐེག་གཟུགས(དཔེར་ན་ཚ་བའི་སྣང་ཚུལ་གྱི་དོན་དངོས་ནི་ཆ་རྡུལ་གྱི་སྲོལ་མེད་འགུལ་སྐྱོད་ཡིན། ཚ་བའི་སྣང་ཚུལ་གྱི་ཐེག་གཟུགས་ནི་ཆ་རྡུལ་སྐོར་ཞིག་ཡིན། ཆ་རྡུལ་སྐོར་འདི་རྣམས་དངོས་པོ་ཡིན་པ་སྨོས་མ་དགོས་སོ། ། ཡང་དཔེར་ན་གཞི་རྩའི་རིལ་རྡུལ་ཐམས་ཅད་ལ་རང་འཁྱིལ་ལྡན། གཞི་རྩའི་རིལ་རྡུལ་ནི་རང་འཁྱིལ་གྱི་ཐེག་གཟུགས་ཡིན། གཞི་རྩའི་རིལ་རྡུལ་དངོས་པོ་ཡིན་པ་སྨོས་མ་དགོས་སོ)སོགས་ཡིན། རྒྱུན་པར་བཤད་ཚུལ་ཞིག་ཡོད་པ་ནི། ཕྱི་རོལ་ཡུལ་གྱི་དངོས་གནས་ཡིན་ན་དངོས་པོ་ཡིན་པའི་ཁྱབ་པར་འདོད། དངོས་པོ་ནི་ཕྱི་རོལ་ཡུལ་གྱི་དངོས་གནས་ཤིག་ཡིན་པ་ལྡོག་ཏུ་མེད་ཀྱང་ཕྱི་རོལ་ཡུལ་གྱི་དངོས་གནས་ཐམས་ཅད་དངོས་པོ་ཡིན་པའི་མ་ཁྱབ། དཔེར་ན། ཉི་མའི་འོད་དངོས་གཟུགས་ཤིག་གི་སྟེང་དུ་འཕྲོས་ན་དེར་གྲིབ་མ་གྲུབ་ཐུབ། གྲིབ་མ་གྲུབ་པའི་སྣང་ཚུལ་ལ་མཚོན་ནས་བཤད་ན། གྲིབ་མ་དེའང་ཕྱི་རོལ་ཡུལ་གྱི་དངོས་གནས་རིགས་ཤིག་ཡིན་རུང་། གྲིབ་མ་དེ་ཏག་ཏག་དངོས་པོ་མིན། རྒྱུ་མཚན་ནི་གྲིབ་མ་དེར་རྫས་ཚད་དང་འགུལ་ཚད། ནུས་ཚད་བཅས་དངོས་ལུགས་ཀྱི་ཚད་སྤྱད་དེ་གྲངས་ཚད་ངེས་གཏན་གྱིས་མཚོན་ཐབས་བྲལ་བས་ཕྱིར་རོ། ། དངོས་པོ་ཞིག་ཡིན་ཕྱིན་དངོས་ལུགས་ཀྱི་ཚད་འདི་དག་གིས་གྲངས་ཚད་ངེས་གཏན་གྱིས་མཚོན(དངོས་པོ་ལ་ལར། ཚད་འདི་རྣམས་ཁྲོད་ཀྱི་གྲངས་ཐང་དེ་ཐིག་ལེ་ཡིན་པའི་གནས་ཚུལ་ཁྱད་པར་ཅན་ཡང་ཡོད)ཐུབ་པ་མ་ཟད། ད་དུང་དངོས་ལུགས་ཚད་འདི་རྣམས་ལ་མཚན་ཉིད་ནན་མོ་ཡོད་པ་དང་། དེ་རྣམས་ལ་རྩིས་རིག་སྤྱི་འགྲོས་འདེད་རྩིས་ཐུབ་ཅིང་། དེའི་རིགས་པ་རྗེས་དཔག་དངོས་བཤེར་ལ་བརྟེན་ནས་ར་སྤྲོད་བྱས་ཆོག

གཉིས། ཁུར་ཁི་བཟང་བཙོན་སྣང་ཚུལ།

        1969ལོར་ཨ་མེ་རུ་ཁའི་དངོས་ལུགས་རིག་པ་བM•ཀེལ-མཱན(MurryGell-Mann)གྱིས་དངོས་བཤེར་དོན་དངོས་གཞིར་བཟུང་སྟེSU(3)ཆ་འགྲིག་གཞུང་ལུགས་ཀྱི་རྨང་གཞིའི་སྟེང་། དྲག་རྡུལ་ཆགས་ཚུལ་གྱི་ཁུར་ཁི་དཔེ་དབྱིབས(དྲག་རྡུལ་ནི་རྫས་རྡུལ་དང་བར་རྡུལ་སོགས་ཡིན་པར་སྟོན)བཏོན་པ་སྟེ། ཁུར་ཁི་ནི་ཕྲ་མཐོང་རིལ་རྡུལ་གྲུབ་པའི་རིམ་པ་བཞི་བ་སྟེ། དངོས་པོ་གྲུབ་པའི་ལྷག་ཏུ་ཆུང་བའི་རིལ་རྡུལ་ཡིན་པར་འདོད། དཔེར་ན། དྲག་རྡུལ་ནི་གོང་ཁུར་ཁི་གཉིས་དང་འོག་ཁུར་ཁི་གཅིག་གིས་གྲུབ། བར་རྡུལ་ནི་འོག་ཁུར་ཁི་གཉིས་དང་གོང་ཁུར་ཁི་གཅིག་གིས་གྲུབ། དུས་རབས20པའི་ལོ་རབས70པའི་ནང་། ནུས་མཐོ་དངོས་ལུགས་རིག་པ་བས་དབྱིབས་ཆེ་མྱུར་སྣོན་ཆས་སྟེང་། ནུས་མཐོ་གློག་རྡུལ་དེ་སྒྱོགས་མདེལ་བྱས་ནས་རྫས་རྡུལ་དུ་རྡབ་རྡུང་གཏོང་བའི་དངོས་བཤེར་བསྒྲུབས། ཁོང་རྣམ་པས་རྫས་རྡུལ་གྱི་ཐོར་འཕྲོ་བཅད་ངོས་ལ་དབྱེ་ཞིབ་བྱས་པས། དྲག་རྡུལ་ནང་དུ་དངོས་གནས་ཚེག་རྣམ་པའི་རྫས་ཚད་མི་ཆེ་བ་དང་རིམ་བཅར་རང་དབང་གི་ཆགས་གཞི་ཞིག་ལྡན་པའི་འབྲས་བུ་ཐོབ། དངོས་བཤེར་འདིས་ཐོག་མར་ཁུར་ཁི་གནས་པ་བདེན་དཔང་བྱས་པ་དང་། ཁུར་ཁི་དཔེ་དབྱིབས་ལ་རྒྱབ་སྐྱོར་ཆེན་པོ་བྱས། དེ་བས། J.I.ཧྥི་རི་ཏི་མན་དངH.W.ཁེན་ཏལ། R.E.ཐའེ་ལོར་རྣམ་པར1990ལོའི་ནོ་པེལ་དངོས་ལུགས་བྱ་དགའ་ཐོབ། དེང་རབས་རིལ་རྡུལ་དངོས་ལུགས་རིག་པའི་དངོས་བཤེར་དོན་དངོས་དང་། གཞུང་ལུགས་ཞིབ་འཇུག་གིས་ཀྱང་ཁུར་ཁི་ནི་དངོས་གནས་དངོས་པོ་གྲུབ་པའི་ཆེས་གཏིང་རིམ་གྱི་རིལ་རྡུལ་ཡིན་པ་མཚོན། ད་བར་དུ་རྨང་གཞིའི་རིལ་རྡུལ་རིགས400ལྷག་རྙེད་པ་རུ། ཆེས་ཉུང་ཤས་ཀྱི་རིལ་རྡུལ(ཡང་རྡུལ་དང་འོད་རྡུལ)ལས་གཞན་ཐམས་ཅད་ཁུར་ཁི་ལས་གྲུབ། ཚན་རིག་འཕེལ་ནས་དེ་རིང་དུ་ཐོན་པར་ཁུར་ཁི་དཔེ་དབྱིབས་ཁས་ལེན་པའི་ཚན་རིག་པ་ཇེ་མང་ནས་ཇེ་མང་དུ་འགྲོ་བ་མ་ཟད། གཞུང་ལུགས་དང་དངོས་བཤེར་ཐད་དུའང་གྲུབ་འབྲས་ཆེན་པོ་ཐོབ། འོན་ཀྱང་། ནུས་མཐོ་དངོས་ལུགས་ཀྱིས་ད་བར་དུ་མ་རྡུལ་ཁྲོད་དུ་རང་དབང་གློག་རྡུལ་དང་རྫས་རྡུལ། བར་རྡུལ་སོགས་དབྱེ་འབྱེད་བྱུང་བ་ལྟར། ཁུར་ཁི་དེ་དྲག་རྡུལ་ཁྲོད་དུ་དབྱེ་འབྱེད་མ་ཐུབ་པའི་རྐྱེན་དང་། དངོས་བཤེར་གྱིས་ཀྱང་རང་དབང་ཁུར་ཁི་གནས་པ་བདེན་དཔང་བྱེད་མ་ཐུབ་པས། དངོས་ལུགས་རིག་པ་བ་མང་ཆེ་ཤོས་ཀྱིས་འདི་གཞིར་བཟུང་ནས་ཁུར་ཁི་དེར་བཀག་སྐྱིལ་བྱུང་ཞེས་ཚིག་ཐག་བཅད། དོན་དངོས་སུ། ཁུར་ཁི་ནི་དྲག་རྡུལ་ཁྲོད་དུ་རང་དབང་གིས་འགུལ་སྐྱོད་བྱེད་ཐུབ་ཀྱང་དེ་དྲག་རྡུལ་ཁྲོད་དུ་ཕྱིར་སྐྲོད་པ་ནི་ལས་ཧ་ཅང་དཀའ་མོ་ཞིག་རེད། ཚད་རྡུལ་མདོག་འགུལ་ཤུགས་རིག་པའི་རྗེས་དཔག་གཞིར་བཟུང་ན། ཁུར་ཁི་བར་དུ་ཐག་ཇི་ལྟར་ཉེ་ན། དྲག་པའི་བྱེད་ནུས་ཤུགས་དེ་ལྟར་ཆུང་བ་དང་། ཐ་ན་དེ་དག་རྩ་བ་ནས་རང་དབང་རིལ་རྡུལ་དུ་ལྟོས་ཀྱང་ཆོག དེ་ལས་ལྡོག་སྟེ། གལ་ཏེ་ཁུར་ཁི་བར་གྱི་བར་ཐག་ཇེ་ཆེ་རུ་འགྲོ་དུས། དྲག་པའི་བྱེད་ནུས་ཤུགས་དེ་ཇེ་ཆེར་འགྲོ་བ་དང་། ཁུར་ཁི་བར་གྱི་བར་ཐག་ཇེ་ཆེ་རུ་སོང་བ་དང་བསྟུན་ནས་དྲག་པའི་བྱེད་ནུས་ཤུགས་དེ་རྦད་དེ་ཚད་མེད་པར་ཇེ་དྲག་ཏུ་འགྲོ་སྲིད། ཁྱད་གཤིས་འདི་འགྱིག་སྐུད་ཅིག་ཏུ་དཔེ་བཞག་ཆོག འགྱིག་སྐུད་འཐེན་ནས་ཇི་ལྟར་རིང་ན། ཤེད་ཤུགས་དེ་ལྟར་ཆེའོ། ། ཡིན་པ་ནི་ཁུར་ཁི་དབྱེ་འབྱེད་ལ་མཁོ་བའི་ནུས་ཚད་དེ་ཁུར་ཁི་བར་གྱི་བར་ཐག་ཇེ་ཆེ་རུ་སོང་བ་དང་བསྟུན་ནས་ཚད་མེད་པར་ཇེ་དྲག་ཏུ་འགྲོ་མོད། འོན་ཀྱང་འདི་ནི་དཔེ་མི་སྲིད། དེའི་སྟབས་ཀྱིས་ཚན་རིག་པས་ཁུར་ཁི་བཟང་བཙོན་གྱི་རྟོག་བཟོ་འདི་བཏོན། མཚན་ཉིད་རིག་པའི་སྟེང་དུའང་དངོས་པོ་མཐར་ཐུག་ན་དབྱེ་འབྱེད་ཚད་མེད་ཐུབ་བམ་ཞེས་པའི་གནད་དོན་ཛ་དྲག་ཅན་འདི་ལྟ་བུ་ཞིག་བྱུང་ངོ་། །

གསུམ། དངོས་པོ་ཚད་མེད་དབྱེ་ཐུབ་ཀྱི་རང་བཞིན་ལ་དབྱེ་ཞིབ་བྱེད་པ།
        དངོས་པོ་མཐར་ཐུག་ན་ཚད་མེད་དུ་དབྱེ་འབྱེད་ཐུབ་བམ། ཡང་ན་ཆེས་མཇུག་གི་མཐའ་མཚམས་ཤིག་ཡོད་དམ་ཞེ་ན། གནད་དོན་འདི་ནི་དོན་ངོ་མ་དངོས་ལུགས་རིག་པའི་ཁྱབ་ཁོངས་སུ་དངོས་པོའི་གྲུབ་ཚུལ་སྐོར་གྱི་གནད་དོན་ཞིག་རེད། ཡིན་ནའང་། དངོས་པོ་ཚད་མེད་དུ་དབྱེ་འབྱེད་ཐུབ་མིན་ལ་ངོས་འཛིན་དང་ལྟ་སྟངས་ཇི་ལྟར་བཟུང་རྒྱུ་དེའང་། རྩོད་སྒྲུབ་རིག་པ་དང་གཟུགས་འདས་རིག་པ་སྟེ་འཕེལ་རྒྱས་ལྟ་བ་རིགས་མི་འདྲ་བ་དང་རྣམ་འགྱུར་རིགས་མི་འདྲ་བ་གཉིས་མཚོན། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་མཚན་ཉིད་རིག་པས་ཐོག་མཐའ་བར་གསུམ་དུ་དངོས་པོའི་ཕྱི་རོལ་ཡུལ་གྱི་དངོས་ཡོད་རང་བཞིན་ནི་བལྟོས་མེད་ཡིན་པར་འདོད། འདི་ནི་དངོས་གཙོ་རིང་ལུགས་ཀྱི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་གཞི་འཛིན་ས་རེད། དུས་མཉམ་དུའང་དངོས་པོའི་གྲུབ་ཚུལ་དང་དངོས་རྫས་ཁྱད་ཆོས་ཐད་ཀྱི་ངོས་འཛིན་ནི་རྫོགས་མཐའ་གཏན་དུ་བྲལ་བ་ཐག་ཆོད་མཐའ་གཅིག་ཏུ་བྱེད། རང་བྱུང་ཁམས་ནི་ཚད་མེད་པ་མ་ཟད་ཚད་མེད་པར་གནས་ཡོད། དཔག་ཏུ་མེད་པར་གནས། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པས། ད་ལྟའི་བར་དུ་མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བར་དུ་རྒལ་ཐབས་བྲལ་བའི་འགལ་རྐྱེན་ཆེན་པོ་ཞིག་ཡོད་པར་མི་འདོད་པ་དང་། མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བར་དུ་མཚམས་ཚད་ངེས་གཏན་ལྡན་པ་ཁས་ལེན་པ་དང་དུས་མཚུངས་སུ། ལྷག་ཏུ་ཡང་དེ་དག་བར་གྱི་ནང་གི་འབྲེལ་བར་མཐོང་ཆེན་བྱེད་པ་དང་། མཚན་ཉིད་རིག་པ་དང་རང་བྱུང་ཚན་རིག་བར་གཏན་ནས་དགྲ་ཟླར་ལངས་པའམ་རྩ་དོན་མེད་པའི་རྙོག་བཟོ་ལ་བློ་ཐག་རྦད་ཆོད་ཀྱིས་ངོ་རྒོལ་བྱེད་པ་ཡིན། ལྷག་ཏུ་ཡང་འགའ་རེས་དངོས་པོ་ཚད་མེད་དུ་དབྱེ་འབྱེད་ཐུབ་པའི་ལྟ་བ་དེའི་རྐང་ཚུགས་མི་ཐུབ་ལ། རྒྱུ་མཚན་ནི་དེ་གཏན་ཚིགས་དང་མི་མཐུན་པར་བློ་ཡུལ་ལ་ཤར་བའི་ཐོན་འབྲས་ཁོ་ན་ཡིན་ཞེས་སྨྲ། ལྟ་བ་འདི་རིགས་རྐང་ཚུགས་མི་ཐུབ། དངོས་པོ་ཚད་མེད་དུ་དབྱེ་འབྱེད་ཐུབ་མིན་ནི། མར་ཁེ་སིའི་རིང་ལུགས་ཀྱི་མཚན་ཉིད་རིག་པའི་རྩ་བའི་རིགས་པ་གཞིར་བཟུང་ན། དེ་ལ་ལེན་ཐག་ཆོད་ཅིག་སྟེར་རིགས་སོ། ། འདིའི་ཐད་ལ་ང་ཚོས་དངོས་པོ་ཚད་མེད་དབྱེ་འབྱེད་ཐུབ་པའི་དགོངས་པ་ལས་བཤད་དགོས་བྱུང་།

1.ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནི་ཚད་ཡོད་དང་ཚད་མེད་ཀྱི་རྩོད་སྒྲུབ་གཅིག་གྱུར་ཞིག་ཡིན།
        ཚན་རིག་གི་འཇིག་རྟེན་ལྟ་ཚུལ་དེས་ཚགས་དམ་པོའི་གཏན་ཚིགས་ཀྱིས་ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནི་དངོས་ཡོད་ལས་བརྒལ་བའི་འདུ་ཤེས་རིགས་ཤིག་གི་ཐོན་དངོས་མིན་ལ། མིའི་ཀླད་པར་ཤར་བའི་རང་སྣང་ཞིག་ཀྱང་མ་ཡིན་པར། དེའི་སྔར་ཡོད་ཆོས་ཉིད་ལྟར་འགུལ་སྐྱོད་བྱེད་པའི་དངོས་པོའི་འཇིག་རྟེན་ཞིག་ཡིན་པ་བདེན་དཔང་བྱེད་པ་རེད། འགུལ་སྐྱོད་ནི་དངོས་པོའི་རྩ་བའི་ཁྱད་ཆོས་ཤིག་ཡིན། འགུལ་སྐྱོད་བྱེད་པའི་དངོས་པོ་ནི་ཕྱི་རོལ་ཡུལ་དུ་གནས་པའི་རྣམ་པར་བརྟེན་ནས་དུས་དང་བར་སྟོང་ན་རྫོགས་མེད་གྲམ་པའི་གོ་རིམ་ཞིག་ཀྱང་ཡིན། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ནི་དུས་སྟེང་ནས་ཡུན་གཏན་ཞིག་དང་། བར་སྟོང་སྟེང་དུ་ཚད་མེད་ཅིག་ཡིན། མདུན། རྒྱབ། གོང། འོག། གཡས། གཡོན་གང་ཡིན་རུང་མཐའ་མེད་པ་ཞིག་སྟེ། མགོ་རྩོམ་ས་མེད་ལ། མཇུག་བསྡུ་སའང་མེད། འཚོ་བ་དངོས་ལས་བྱ་དངོས་བྱེ་བྲག་ཅིག་ལ་མཚོན་ན། དེའི་དུས་དང་བར་སྟོང་ནི་ཚད་ཡོད་ཅིག་ཡིན་ཡང་། འཇིག་རྟེན་ཁམས་ལ་མཚོན་ན། དུས་དང་བར་སྟོང་ཡང་ཚད་མེད་ཅིག་ཡིན། ཚད་མེད་ནི་ཚད་ཡོད་ཀྱིས་གྲུབ་པ་དང་ཚད་ཡོད་ནི་ཚད་མེད་ཀྱི་གྲུབ་ཆ་ཞིག་ཡིན། ཚད་མེད་དེ་ཚད་ཡོད་གནས་པར་བརྟེན་ནས་ཕྱིར་མངོན་པ་རེད། ཚད་ཡོད་དང་ཚད་མེད་གང་ཡིན་རུང་ཁེར་རྐྱང་དུ་གནས་མི་ཐུབ་པར་འདི་གཉིས་ནི་འགལ་ཟླའི་གཅིག་གྱུར་ཡིན། གལ་ཏེ་ཚད་ཡོད་རང་བཞིན་དེ་བལྟོས་མེད་ཅན་དུ་བསྒྱུར་ཏེ། དངོས་པོ་འགུལ་སྐྱོད་ལ་མཇུག་དང་མཐའ་ཡོད་སྙམ་ན། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ལ་ཚེ་སྲོག་དང་གསོན་ཤུགས་ཟད་པ་རེད།

2.དངོས་པོའི་འཇིག་རྟེན་གྱི་འགུལ་སྐྱོད་ཡོད་ཚད་འགུགས་འདྲེན་དང་ཕུད་འདེད་ཀྱི་ཕན་ཚུན་བྱེད་ནུས་ཁྲོད་དུ་གནས།
        ཕྱི་རོལ་ཡུལ་གྱི་བྱ་དངོས་འགུལ་སྐྱོད་ལ་རིགས་རྣམ་པ་གཉིས་ཡོད་དེ། རིགས་དང་པོ་ནི་བལྟོས་བཅས་སུ་ཞི་འཇག་ཏུ་གནས་པའི་ཚད་འགྱུར་རྣམ་པ་དང་། རིགས་གཉིས་པ་ནི་མངོན་སུམ་དུ་འགྱུར་བའི་སྤུས་འགྱུར་རྣམ་པའོ། ། རྣམ་པ་རིགས་འདི་གཉིས་ཕན་ཚུན་བསྡེབས་ནས་བྱེད་པས། དངོས་པོའི་འཇིག་རྟེན་གྱི་ཡུན་གཏན་འགུལ་སྐྱོད་ཀྱི་རི་མོ་ཞིག་མངོན་པ་རེད། འོ་ན་ཚད་འགྱུར་དང་སྤུས་འགྱུར་དེ་ཇི་ལྟར་བྱུང་བ་ཡིན་ཞེ་ན། འགལ་བ་ནི་བྱ་དངོས་ཡོད་ཚད་གནས་པ་དང་འཕེལ་བའི་སྒུལ་ཤུགས་རེད། འགུགས་འདྲེན་དང་ཕུད་འདེད་ནི་རང་བྱུང་ཁམས་ཀྱི་བྱ་དངོས་དང་སྣང་ཚུལ་ཡོད་ཚད་ཀྱི་འགལ་བ་མཚོན་པའི་གཞི་རྩའི་རྣམ་པ་རེད། གལ་སྲིད་བྱ་དངོས་ནང་ཁུལ་གྱི་འགལ་བ་ཕྱོགས་གཉིས་ཀྱི་འགུགས་འདྲེན་གྱི་ཤུགས་དེ་ཕུད་འདེད་ལས་ཆེ་སྐབས། འགལ་བ་དེ་གཅིག་གྱུར་རང་བཞིན་གྱི་རྣམ་པར་གནས་ཤིང་འགྱུར་ལྡོག་དེ་འདྲ་མངོན་སུམ་མིན་པ་ལྟར་མངོན། གལ་སྲིད་བྱ་དངོས་ནང་ཁུལ་གྱི་འགལ་བ་སོ་སོའི་ཕུད་འདེད་ཤུགས་དེ་འགུགས་འདྲེན་གྱི་ཤུགས་ལས་ཆེ་སྐབས། འགལ་བ་ཕྱོགས་གཉིས་ཀྱི་གོ་གནས་དང་བྱེད་ནུས་ལ་འཕོ་འགྱུར་བྱུང་སྟེ། སྤུས་འགྱུར་བྱེད་པ་ཡིན། འདི་ནི་འཇིག་རྟེན་ཁམས་འཕེལ་རྒྱས་ཀྱི་སྤྱིར་བཏང་གི་ཆོས་ཉིད་ཅིག་རེད། བྱ་དངོས་གང་ཡིན་རུང་ཐམས་ཅད་ལྕགས་ལེབ་ལྟ་བུ་མིན། ཆེ་མཐོང་གི་ཕྱི་རོལ་ཡུལ་ནས་ཕྲ་མཐོང་གི་རིལ་རྡུལ་བར། ནམ་ཡང་གཅིག་གཉིས་སུ་བགོས་པ་ལྟར་རེད། དེའི་འཕེལ་རྒྱས་འགྱུར་ལྡོག་ཐམས་ཅད་ནང་ཁུལ་གྱི་འགལ་བ་སྟེ་འགུགས་འདྲེན་དང་ཕུད་འདེད་ཀྱི་ཤུགས་ཕན་ཚུན་འཐབ་རྩོད་ལས་བྱུང་བའི་མཇུག་འབྲས་ཡིན། འགུགས་འདྲེན་དང་ཕུད་འདེད་མེད་ན། འགལ་བའི་གདོས་བཅས་ཀྱི་དངོས་པོ་ཞིག་གནས་མི་སྲིད་པས། དེ་ནི་བློ་ཡུལ་ལས་འདས་པ་ཞིག་རེད། བྱ་དངོས་འཕེལ་རྒྱས་ཀྱི་མུ་འབྲེལ་རང་བཞིན་དང་མཚམས་ཆད་རང་བཞིན་ནི། འགུགས་འདྲེན་དང་ཕུད་འདེད་འགལ་ཟླ་གཅིག་གྱུར་གྱི་མཚོན་སྟངས་རིགས་ཤིག་རེད། དངོས་པོའི་འགུལ་སྐྱོད་ནི་དུས་དང་བར་སྟོང་གི་རྒྱུན་མཐུད་རང་བཞིན་དང་། དུས་དང་བར་སྟོང་གི་མཚམས་ཆད་རང་བཞིན་གྱི་གཅིག་གྱུར་རེད། ཚད་འགྱུར་ནི་བྱ་དངོས་འཕེལ་རྒྱས་ཀྱི་རིམ་གཅར་གོ་རིམ་སྟེ། རྒྱུན་མཐུད་རང་བཞིན་ཡིན། སྤུས་འགྱུར་ནི་བྱ་དངོས་འཕེལ་རྒྱས་ཀྱི་རིམ་གཅར་གོ་རིམ་གྱི་མཚམས་ཆད་པ་སྟེ། མཚམས་ཆད་རང་བཞིན་ཡིན། ཚད་དང་སྤུས་གཉིས་ཕན་ཚུན་འགྱུར་བའི་ཆོས་ཉིད་ཀྱིས་ཕྱི་རོལ་ཡུལ་གྱི་བྱ་དངོས་དེ་འགུལ་སྐྱོད་ཁྲོད་མུ་འབྲེལ་རང་བཞིན་དང་མཚམས་ཆད་རང་བཞིན་གྱི་ཕན་ཚུན་འབྲེལ་བ་མཚོན། དངོས་པོའི་འཇིག་རྟེན་དེ་སྤྱིའི་ཆ་ནས་བལྟས་ན་མུ་འབྲེལ་ཡིན། ཕྲ་མཐོང་ཕྱོགས་ནས་བལྟས་ན། མུ་འབྲེལ་མིན་པའི་ཆ་རྡུལ། མ་རྡུལ་སོགས་ཕྲ་མོ་དང་ལྷག་ཏུ་ཕྲ་མོའི་རིལ་རྡུལ་ལས་གྲུབ།“གཞི་རྩའི་རིལ་རྡུལ”ཞེས་པའམ་ལྷག་ཏུ་ཆུང་བའི་རྫས་གང་ཞིག་དེ་ནི་བལྟོས་མེད་ཀྱི་མུ་འབྲེལ་གཟུགས་ཤིག་མིན་ལ། རྒྱུ་མཚན་ནི་དེའི་ནང་ཁུལ་དུ་འགུགས་འདྲེན་དང་ཕུད་འདེད་ཀྱི་འགལ་བ་ལྡན་པས། སྔར་བཞིན་དབྱེ་འབྱེད་ཐུབ་ལ་དབྱེ་འབྱེད་ཀྱི་རིམ་པར་རྫོགས་མཐའ་བྲལ། དེ་ལས་དངོས་པོའི་གྲུབ་ཚུལ་གྱི་རྒྱུད་རིམ་ནི། སྤྱིའི་སྐར་རྒྱུད་ནས། དགུ་ཚིགས་ཀྱི་ཁྱིམ་རྒྱུད། ཉི་མའི་ཁྱིམ་རྒྱུད། སའི་གོ་ལའི་སྟེང་གི་དངོས་གཟུགས་དང་། དེ་མིན་ཆ་རྡུལ་དང་མ་རྡུལ་ནས་གདོས་བཅས་དང་ར་བ་གྲུབ་པའི་ཆེས་ཕྲ་བའི་རིལ་རྡུལ་སྣ་ཚོགས་དེའི་སྤུས་ཚད་ཆེ་ཆུང་ལྟར་ཁག་འགའ་རུ་གྲུབ་པ་དང་། ཁག་གཅིག་འདྲའི་ནང་འགྱུར་ལྡོག་ནི་མུ་འབྲེལ་ཡིན་ཞིང་། ཁག་གཅིག་འདྲ་མིན་པའི་བར་དུ། རིམ་གཅར་གོ་རིམ་གྱི་མཚམས་ཆད་བྱུང་བ་འདི་རྟོགས་ཐུབ། དངོས་པོའི་ཚད་མེད་དབྱེ་ཐུབ་རང་བཞིན་དེ། རྩོད་སྒྲུབ་གཏན་ཚིགས་ཀྱི་ལྡོག་ཏུ་མེད་པའི་ཕུགས་འབྲས་ཡིན།

3.རང་བྱུང་ཁམས་ལ་བལྟོས་མེད་ཀྱི་ཆེས་ཐོག་མའི་སོ་ཕག་ཅིག་མེད།
        དངོས་པོའི་ཚད་མེད་དབྱེ་ཐུབ་སྨྲ་བར་དགག་པ་དག་གིས། དངོས་པོའི་གྲུབ་ཚུལ་ལ་ཆེས་མཇུག་གི་རིམ་པ་ཞིག་ལྡན་ལ། དཔེར་ན། བར་སྟོང་རིང་ཚད་ནི་ཕི་ལན་ཁི་རིང་ཚད་ཡིན། དེའི་གྲངས་ཚད་རིམ་པ་ཧ་ལམ་ལི་སྨི10-33རེད། རིང་ཚད་འདི་ལས་ཆུང་བའི་བར་སྟོང་ལ་དོན་སྙིང་མེད་པས། འདི་ལ་ད་དུང་དབྱེ་འབྱེད་བྱེད་དགོས་ཞེས་ན་ཤིན་ཏུ་ཐལ་ལོ། ། ཁོ་རྣམ་པས་འཇིག་རྟེན་ནི་ཆེ་ཆུང་འདི་འདྲའི་གཞི་རྩའི་རིལ་རྡུལ་ལས་གྲུབ་ཅིང་། འཇིག་རྟེན་ཁམས་ལ་བྱུང་ཁུངས་དང་བྱེད་པོ་ཡོད་པའི་སྒྲུབ་བྱེད་བཏོན། ལི་སྨི10-33ཡི་བར་སྟོང་རིང་ཚད་ཀྱི་རིལ་རྡུལ་ནི། འཇིག་རྟེན་བལྟོས་མེད་ཀྱི་ཆེས་ཐོག་མའི་སོ་ཕག་ཡིན་པར་འདོད། གལ་སྲིད། འཇིག་རྟེན་ནི་ཁོའི་འཕེལ་རྒྱས་ཀྱི་ཆུ་རྒྱུན་ཁྲོད། གདོད་མའི་རྣམ་པའམ་བལྟོས་མེད་ཀྱི་ཆེས་ཐོག་མའི་སོ་ཕག་ཅིག་ལྡན་ན། འོ་ན་དབྱེ་འབྱེད་མི་ཐུབ་པའི་ཆེས་ཐོག་མའི་སོ་ཕག་འདི་ཇི་ལྟར་བྱུང་ངམ་ཞེ་ན། འཛམ་གླིང་ནི་ཁོ་རང་ཉིད་ཀྱིས་བལྟོས་མེད་ཞི་འཇགས་ལས་ཐར་ཏེ་འགུལ་སྐྱོད་དུ་འགྱུར་མི་སྲིད། འགུལ་སྐྱོད་མེད་པ་ནས་སྤྱིར་བཏང་འགུལ་སྐྱོད་དུ་འགྱུར་བ་དེ་མུ་མེད་ཆུང་དུ་ཇི་ལྟར་བགོས་རུང་། འགྱུར་ལྡོག་འདིར་ཇི་ལྟར་རིང་བའི་རྒྱུན་སྐྱོང་དུས་ཚོད་བྱིན་ཡང་། སྡོད་གནས་ནས་ཧོ་སྨི་ཁྲི་ཆའི་གཅིག་ཀྱང་སྔོན་དུ་སྤོ་མི་སྲིད། ཞི་འཇགས་ནས་འགུལ་སྐྱོད་ཀྱི་མུ་འབྲེལ་རང་བཞིན་གྱི་ཟམ་པ། འདི་འདེད་འགུལ་ཤུགས་དང་པོ་ཁོ་ན་ཞིག་ལ་བརྟེན་དགོས་ཤིང་། མཐར་འདེད་འགུལ་ཤུགས་དང་པོ་འདིའང་འཇིག་རྟེན་བྱེད་པོའི་སྤྱོད་པ་རུ་ཕུགས་མི་འདེད་ཀ་མེད་རེད། དེའི་ཕྱིར། གོང་གི་དབྱེ་ཞིབ་ཀྱི་སྟེང་ནས། དོན་དངོས་དང་གཞུང་ལུགས་གང་གི་སྟེང་ནས་ཀྱང་། དངོས་པོའི་ཚད་མེད་དབྱེ་ཐུབ་སྨྲ་བ་དེ་བདེན་པ་ལས། དངོས་པོའི་ཚད་ཡོད་དབྱེ་ཐུབ་སྨྲ་བ་དེ་མི་བདེན་པ་གསལ་བཤད་བྱས། མར་ཁེ་སིའི་རིང་ལུགས་ཤེས་རྟོགས་ཀྱི་རྣམ་བཤད་ཀྱིས་ཐག་བཅད་པ་ལྟར་ན། མིའི་ཤེས་རྟོགས་ཀྱི་ངོ་བོ་ནི་ཚད་མེད་པ་སྟེ། འཛམ་གླིང་ན་རྟོགས་ཟིན་པ་དང་ད་དུང་མ་རྟོགས་པའི་དངོས་པོ་ཁོ་ན་ལས། གཏན་ཏུ་མི་རྟོགས་པའི་དངོས་པོ་ཞིག་ཡོད་མི་སྲིད། དངོས་པོའི་གྲུབ་ཚུལ་གྱི་ངོས་ཟིན་ནི་ཚད་མེད་ཡིན་ལ། དངོས་པོའི་དབྱེ་འབྱེད་ནི་ཚད་མེད་ཡིན། འཛམ་གླིང་ན་དབྱེ་འབྱེད་ཟིན་པ་དང་ད་དུང་དབྱེ་འབྱེད་མ་བྱས་པའི་དངོས་པོ་ཁོ་ན་ལས། གཏན་ཏུ་དབྱེ་འབྱེད་མི་ཐུབ་པའི་དངོས་པོ་ཞིག་ཡོད་མི་སྲིད། ངོས་ཟིན་ནི་ཚད་མེད་ཡིན་པ་དང་། དངོས་པོར་དབྱེ་འབྱེད་བྱེད་པའང་འཛད་མཐའ་མེད། དུས་ད་ལྟའི་བར་དུ། དེང་རབས་དངོས་ལུགས་རིག་པ་བ་རྣམས་ཀྱིས་དངོས་བཤེར་གྱི་བྱ་བ་འབོར་ཆེན་བསྒྲུབས་ཤིང་། དེ་སྔ་རྙེད་ཟིན་པའི་རིགས་བཞི་བརྒྱ་ལྷག་གི་གཞི་རྩའི་རིལ་རྡུལ་ཁྲོད་དུ། ལྷག་ཏུ་ཕྲ་བའི་ཁུར་ཁི་གསར་རྙེད་བྱུང་ལ་ཚན་རིག་པ་འགའ་ཤས་ཀྱིས་ད་དུང་དངོས་བཤེར་ཁྲོད་དུ་འགྱེད་འཕྲོའི་སྤྱིན་རྡུལ་དང་བརྟན་བརླིང་མིན་པའི་བར་རྡུལ་སོགས་གསར་དུ་རྙེད། འདི་ལྟར་མུ་མཐུད་དུ་གཏིང་དུ་ཕྱིན་པར་ཞིབ་འཇུག་བྱས་ན། ནམ་ཞིག་ལ་ལི་སྨི10-33ཡི་བར་སྟོང་རིང་ཚད་ཀྱི་དངོས་པོའི་ཕྲ་མཐོང་གྲུབ་ཚུལ་ཐད་ཀྱི་ཤེས་རྟོགས་སུ་སླེབས་པའམ་དེ་ལས་བརྒལ་ཐུབ། སྐབས་དེར་ཐོན་ན། དངོས་པོའི་དབྱེ་འབྱེད་ཚད་ཡོད་སྨྲ་བས་འགྲེལ་པ་ཇི་ལྟར་རྒྱག་གམ། རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་རྩ་བའི་རིགས་པ་དང་དེང་རབས་ཚན་རིག་གི་ཞིབ་འཇུག་འབྲས་བུས། ཡིད་ཆེས་ལྡན་པའི་སྒོ་ནས་ང་ཚོར་སྨྲས་པ་ནི། དངོས་པོའི་གྲུབ་ཚུལ་ལ་ཆེས་མཇུག་གི་མཐའ་མཚམས་ཤིག་གཏན་ནས་མེད་པ་དང་། འཇིག་རྟེན་ཁམས་ནི་མུ་མཐའ་མེད་ཅིང་ཐོག་མཐའ་མེད་པས་མགོ་རྩོམ་ས་དང་མཇུག་བསྡུས་ས་གཏན་དུ་མེད་པ་དང་། ཇི་སྲིད་བར་དུ་འགུལ་སྐྱོད་བྱེད་པའི་དངོས་པོའི་འཇིག་རྟེན་ཞིག་རེད། རང་བྱུང་ཚན་རིག་གི་གསར་རྙེད་རེ་དང་། དངོས་པོའི་གྲུབ་ཚུལ་གྱི་བརྒལ་བ་གསར་པ་རེ་ནས་མར་ཁེ་སིའི་རིང་ལུགས་ཀྱི་དངོས་པོའི་ལྟ་བ་མུ་མཐུད་དུ་ཞིབ་བཤེར་དང་ཕུན་སུམ་ཚོགས་པར་བཏང་ཞིང་། དེ་དག་གི་གཞུང་ལུགས་དང་ལག་ལེན་གསར་པས། དངོས་པོ་ནི་ཚད་མེད་པར་དབྱེ་འབྱེད་ཐུབ་པ་བདེན་དཔང་བྱས། དེ་དང་མཉམ་དུ་དངོས་པོའི་ཕྲ་མཐོང་གྲུབ་ཚུལ་རྟོགས་པའི་གོ་རིམ་དེ་ཡང་རྫོགས་མཐའ་གཏན་ནས་མེད་པ་འདི་ཤེས་དགོས།

བཞི། མཇུག་བསྡུ་བའི་གཏམ།
        ཐོག་མར། དངོས་པོ་གང་ཡང་རུང་བ་ཐམས་ཅད་ལ་གྲུབ་ཚུལ་གྱི་རིམ་པ་ངེས་ཅན་ཞིག་ལྡན། ཕྱི་རོལ་ཡུལ་གྱི་འཇིག་རྟེན་དུ་གྲུབ་ཚུལ་མེད་པའི་དངོས་པོ་ཞིག་གཏན་ནས་མི་འདུག་སྟེ། ད་བར་དུ་མིའི་རིགས་ཀྱིས་དངོས་པོའི་གྲུབ་ཚུལ་རིམ་པར་ངོས་ཟིན་པ་དེ། ཆུང་ཕྱོགས་ནས་གཞི་རྩའི་རིལ་རྡུལ་དང་། ཆེ་ཕྱོགས་ནས་འཇིག་རྟེན་གནམ་གཟུགས་སུ་གཏུགས་པ། ཆེ་མཐོང་ཕྱོགས་ནས་འོད་ལོ་ས་ཡ200ཡི་བར་སྟོང་དུ་རྒྱ་བསྐྱེད་ཟིན། ཕྲ་མཐོང་ཕྱོགས་ནས་དྲག་རྡུལ་གྱི་ནང་ཁུལ་དུ་གཏིང་ཕྱིན་ཡོད། འོན་ཀྱང་། མིའི་རིགས་ཀྱིས་ལྟ་ཞིབ་ཐུབ་པའི་ཆེས་ཆེ་བའི་དངོས་པོའི་རིམ་པའི་སྤྱིའི་སྐར་རྒྱུད་ཡིན་ནའང་འདྲ། ཆེས་ཆུང་བའི་དངོས་པོའི་རིམ་པའི་གཞི་རྩའི་རིལ་རྡུལ་ཡིན་ནའང་འདྲ། ཐམས་ཅད་མཐར་ཐུག་པ་ཞིག་མིན། དེས་དེང་རབས་ཚན་རིག་གིས་ངོས་ཟིན་ཐུབ་པའི་མཐའ་མཚམས་ཙམ་ཞིག་མཚོན་པ་ཡིན། ཚན་རིག་འཕེལ་བ་དང་བསྟུན་ནས། མིའི་རིགས་ཀྱིས་མཐོང་ཐུབ་པའི་དངོས་པོའི་རིམ་པ་དེ་སྣེ་གཉིས་སུ་ཚད་མེད་པར་བསྲིང་ཐུབ་པ་ཡིན། དངོས་པོའི་གྲུབ་ཚུལ་གྱི་རིམ་པའང་འཛད་མཐའ་བྲལ་བས་དེའི་དབྱེ་ཐུབ་རང་བཞིན་ཡང་ཚད་མེད་པ་ཞིག་ཡིན་ནོ། །
        དེའི་རྗེས། དངོས་པོའི་གནས་ཚུལ་ལ་རྣམ་པ་སྣ་ཚོགས་ཡོད་པས། དབྱེ་འབྱེད་ཀྱི་ཐབས་ཀྱང་རྣམ་པ་སྣ་ཚོགས་ཡོད། ཡིན་ན་ཡང་དངོས་པོའི་རིམ་པ་རེ་རེ་ནི་རིམ་པ་གོང་མའི་བསྐྱར་ཟླས་སླ་མོ་ཞིག་མིན། རིམ་པ་རེ་རེའི་དབྱེ་ཐབས་ཀྱང་འདྲ་མཚུངས་མ་ཡིན་ནོ། ། ཁུར་ཁི་དང་རིལ་རྡུལ་གཞན་པ་བསྡུར་ན། དེ་ནི་གཏིང་ཟབ་པའི་རིམ་པར་གནས་ཤིང་། གྲུབ་ཚུལ་ཤིན་ཏུ་རྙོག་འཛིང་ཆེ་བ། ཐ་ན་རིལ་རྡུལ་གཞན་པར་རྩ་བ་ནས་མི་ལྡན་པའི་ཁྱད་ཆོས་ཁྱད་པར་ཅན་ལྡན་པས། ཁུར་ཁི་དབྱེ་ནའང་ཆ་རྐྱེན་ཁྱད་པར་ཅན་ལྡན་དགོས་པ་དང་ཐབས་ཁྱད་པར་ཅན་སྤྱོད་དགོས་པ་གདོན་མི་ཟའོ། ། དེར་སྲོལ་རྒྱུན་གྱི་གཅོད་ཐབས་བཀོལ་ཏེ་ཁུར་ཁི་དབྱེ་འབྱེད་མི་ཆོག་ལ། དོན་དངོས་ཀྱིས་ཀྱང་དེ་ལྟར་མི་ཐུབ་པ་བདེན་དཔང་བྱས་ཡོད།
        མཇུག་མཐར། དངོས་པོའི་ཚད་མེད་པ་དབྱེ་ཐུབ་རང་བཞིན་དེ་མཚན་ཉིད་རིག་པའི་གཞལ་བྱ་ཞིག་ཡིན་པའི་ཆ་ནས། འགྱུར་བ་མེད་པའམ་ཡང་ན་ཚད་རྐྱང་གིས་དབྱེ་བའི་ཕྱོགས་ནས་གོ་བ་ལེན་མི་རུང་། དངོས་གཙོ་རྩོད་སྒྲུབ་སྨྲ་བས་རང་བྱུང་གི་གོ་རིམ་ཡོངས་རྫོགས་ནི་མུ་འབྲེལ་རང་བཞིན་དང་མུ་འབྲེལ་མིན་པའི་རང་བཞིན་གྱི་གཅིག་གྱུར་ཡིན་པར་འདོད། མུ་འབྲེལ་རང་བཞིན་གྱིས་དབྱེ་ཐུབ་ཀྱི་ཚད་མེད་རང་བཞིན་མཚོན་པ་དང་། མུ་འབྲེལ་མིན་པའི་རང་བཞིན་གྱིས་དབྱེ་ཐུབ་ཀྱི་ཚད་ཡོད་རང་བཞིན་མཚོན། དངོས་པོའི་ཚད་མེད་དབྱེ་ཐུབ་ནི་དེའི་ཚད་ཡོད་དང་ཚད་མེད་ཀྱི་འགལ་ཟླའི་གཅིག་གྱུར་ཡིན། ཚན་རྩལ་གྱི་ཆ་རྐྱེན་ངེས་ཅན་ཞིག་གི་འོག་ཏུ་བཤད་ན་དབྱེ་ཐུབ་ནི་ཚད་ཡོད་དང་བལྟོས་བཅས་ཤིག་ཡིན་མོད། ཚན་རྩལ་འཕེལ་བའི་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོ་ལས་བཤད་ན་དབྱེ་བ་དེ་ཚད་མེད་དང་བལྟོས་མེད་ཅིག་ཀྱང་ཡིན། དེའི་ཕྱིར། དངོས་པོས་དབྱེ་མི་ཐུབ་པ་ནི་བལྟོས་བཅས་དང་ཚད་ཡོད་ཡིན་ལ། དབྱེ་བ་ནི་བལྟོས་མེད་དང་ཚད་མེད་ཡིན།
        མདོར་ན། གལ་ཏེ་ཡང་དག་དང་རྩོད་སྒྲུབ་ཀྱིས་དངོས་པོའི་ཚད་མེད་དབྱེ་ཐུབ་ཀྱི་དོན་སྤྱིར་གོ་བ་ལེན་ན། དངོས་པོའི་ཚད་ཡོད་དབྱེ་ཐུབ་རང་བཞིན་གྱི་བཤད་ཚུལ་དེ་འགྲན་སློང་ཞིག་མིན་པ་མ་ཟད། ད་དུང་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་དངོས་པོའི་ཚད་མེད་དབྱེ་ཐུབ་གཞུང་ལུགས་ཐད་དུ་དཔེ་གསར་པ་ཞིག་བསྣན་ཡོད་པས། དབྱེ་ཐུབ་རང་བཞིན་གྱི་གཞུང་ལུགས་དེ་སྔར་ལས་ལྷག་པར་གོང་འཕེལ་དང་ཕུན་སུམ་ཚོགས་པར་བཏང་བ་རེད། དུས་མཚུངས་སུ། ཁུར་ཁི་བཟང་བཙོན་རྙེད་པ་དེས། དེ་སྔོན་མི་ཁ་ཤས་ཀྱིས་དངོས་པོའི་དབྱེ་ཐུབ་ཀྱི་དོན་སྤྱིར་གོ་བ་བླངས་པ་སླ་བདེ་ཅན་དང་བལྟོས་མེད་ཅན་དུ་གྱུར་པ་གསལ་བཤད་བྱས། ཁུར་ཁི་བཟང་བཙོན་རྙེད་པ་དེས་དོན་སྤྱི་འདི་ལྷག་ཏུ་གནད་ལ་འཁེལ་བ་དང་ལྷག་ཏུ་རྩོད་སྒྲུབ་སྨྲ་བར་མཐུན་པར་ཕན་ཐོགས་ཤིང་། དེར་བརྟེན་ནས་དངོས་པོར་ལྷག་ཏུ་གཏིང་ཟབ་པ་དང་ལྷག་ཏུ་ཡང་དག་པ་དང་ལྷག་ཏུ་རྩོད་སྒྲུབ་སྨྲ་བར་མཐུན་པར་ངེས་ཤེས་འདྲོང་ཐུབ། དོན་སྙིང་འདིའི་སྟེང་ནས་བཤད་ན། ཁུར་ཁི་བཟང་བཙོན་དེ་རྩོད་སྒྲུབ་དངོས་གཙོ་རིང་ལུགས་ཀྱི་དངོས་པོའི་ཚད་མེད་དབྱེ་ཐུབ་ཀྱི་གཞུང་ལུགས་ཐད་དུ་འགྲན་སློང་ཞིག་མ་ཡིན་པར། ཕྱོགས་རྐྱང་ཐིག་ལྟ་བུའི་བསམ་གཞིག་བྱེད་སྟངས་དེར་འགྲན་སློང་བ་རེད། འདིས་སྔར་ལས་ལྷག་པར་གཟུགས་འདས་རིག་པའི་བསམ་གཞིག་བྱེད་སྟངས་དེ་བསལ་བར་བསྐུལ་ནུས་ཐོན་པ་ཡིན། །


དཔྱད་གཞིའི་ཡིག་ཆ།

[1]ཧང་ཐའོ། དངོས་པོའི་གཏིང་རིམ་པའི་གྲུབ་ཚུལ་ལ་དཔྱད་པ། [M] ཅི་ལིན་མི་དམངས་དཔེ་སྐྲུན་ཁང་། 1998ལོ།
[2]ལི་ཞིའེ་ཞན། དུས་རབས21པའི་ཚན་རིག་དཀའ་གནད100དང་དུས་རབས21པའི་ཚན་རིག་སྣོལ་བའི་དཀའ་གནད། [M] ཚན་རིག་དཔེ་སྐྲུན་ཁང་། 2005ལོ།
[3]མར་ཁེ་སི་ཨེན་ཁི་སིའི་གསུང་རྩོམ་གཅེས་བསྡུས། [M] མི་དམངས་དཔེ་སྐྲུན་ཁང་། 1995ལོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1