མེ་ཏོག་རྫོང་ནས་ཀྲུང་གོའི་སྐམ་ས་ཆེན་པོའི་ཤིང་སྡོང་མཐོ་ཤོས་རྙེད་པ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། སྤེལ་དུས། 05-11



  
  ཉེ་ཆར། གསར་འགོད་པར་བོད་ལྗོངས་ནགས་རྩྭ་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། པེ་ཅིང་སློབ་ཆེན་གྱིས་སྣེ་ཁྲིད་པའི་ཚན་ཞིབ་ཚོགས་པ་ཞིག་དང་མཉམ་ལས་བྱས་པ་བརྒྱུད། མེ་ཏོག་རྫོང་འབྲས་སྤུངས་ཤང་དགྱེ་གླིང་གྲོང་ཚོར་མཐོ་ཚད་ལ་སྨི་76.8ཟིན་པའི་འབྲུག་ཡུལ་གསོམ་ཤིང་ཞིག་རྙེད་པ་དེ་ཡུན་ནན་ཀའོ་ལི་ཀུང་རི་བོར་སྐྱེས་པའི་མཐོ་ཚད་ལ་སྨི་72ཡོད་པའི་ཐུའུ་ཧྲན་གསོམ་ཤིང་ལས་མཐོ་བ་ཡོད་པ་དེ་མིག་སྔའི་ཀྲུང་གོའི་སྐམ་ས་ཆེན་པོ་ནས་ཤེས་རྟོགས་བྱུང་བའི་ཤིང་སྡོང་མཐོ་ཤོས་སུ་གྱུར་ནས། མིང་དོན་མཚུངས་པའི་སྡོང་པོ་ཀུན་གྱི་རྒྱལ་པོར་གྱུར་ཡོད་པ་རེད།
  2022ལོའི་ཟླ་4པར། མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་མངགས་བཅོལ་ལྟར། པེ་ཅིང་སློབ་ཆེན་ལུའེ་ཀྲི་དང་ཀུའོ་ཆིང་ཧྭ་ཞིབ་འཇུག་ཚོགས་པས་ཤིས་ཙི་གཙང་པོའི་སྐྱེ་ཁམས་སྲུང་སྐྱོང་ལྟེ་གནས་དང་རི་ཆུ་རང་བྱུང་སྲུང་སྐྱོང་ལྟེ་གནས་སོགས་ཚན་པ་མང་པོ་དང་མཉམ་དུ་མཉམ་འབྲེལ་བརྟག་ཞིབ་རུ་ཁག་ཅིག་བཙུགས་ནས། མེ་ཏོག་རྫོང་ཁོངས་ཀྱི་འབྲུག་ཡུལ་གསོམ་ཤིང་ལ་བརྟག་ཞིབ་བྱས་པ་རེད། མཉམ་འབྲེལ་བརྟག་ཞིབ་རུ་ཁག་དེས་མི་མེད་གནམ་གྲུ་སྤྱད་དེ་ཁྱབ་ཁོངས་ཆེན་པོར་ཚད་འཇལ་རིས་འབྲི་བྱས་མཐར་མཐོ་ཚད་ལ་སྨི་70ཡན་ཟིན་པའི་སྡོང་རྒན་11ཤེས་རྟོགས་བྱུང་བ་རེད། དེ་རྗེས་བརྟག་ཞིབ་ཚོགས་པས་རྒྱབ་འཁུར་སྐུལ་འོད་ལེ་ཏ་ཁྱེར་ནས་ནགས་ཚལ་དཀྱིལ་དུ་བསྐྱོད་དེ་སྡོང་རྒན་དེ་དག་ལ་ཚད་འཇལ་རིས་འབྲི་ཞིབ་ཕྲ་བྱས་པ་རེད།
  “སྐུལ་འོད་ལེ་ཏ་ནི་རང་འགུལ་རྒྱང་ཚོར་ལག་རྩལ་ཞིག་ཡིན་པས་ཐད་ཀར་དང་། མགྱོགས་མྱུར། གནད་ལ་འཁེལ་བ་བཅས་ཀྱི་སྒོ་ནས་ཞིབ་འཇུག་བྱ་ཡུལ་གྱི་དཀྱུས་ཞེང་དཔངས་གསུམ་གསལ་པོར་ཤེས་ཐུབ”ཅེས་ཀུའོ་ཆིང་ཧྭ་ཡིས་བཤད། ཤེས་རྟོགས་བྱུང་བར་གཞིགས་ན། སྐུལ་འོད་ལེ་ཏ་ནི་མིག་སྔའི་རྒྱལ་སྤྱི་ཐོག་དབང་གྲགས་ལྡན་ཞིང་ཐུན་མོང་དུ་སྤྱོད་པའི་སྡོང་པོ་ཚད་འཇལ་ཐབས་ཤིག་ཡིན་ལ། སྲོལ་རྒྱུན་གྱི་ཚད་འཇལ་ཐབས་དང་བསྡུར་ན་དེ་བས་དོན་དངོས་དང་མཐུན་པ་དང་། དེ་བས་གནད་ལ་འཁེལ་བ། དེ་བས་ཞིབ་ཕྲ་ཡིན་པ་བཅས་ཀྱི་ཁྱད་ཆོས་ལྡན་ཡོད། ཐེངས་འདིར་ཚད་འཇལ་རིས་འབྲི་བྱེད་སྐབས། མི་མེད་གནམ་གྲུ་དང་རྒྱབ་འཁུར་སྐུལ་འོད་ལེ་ཏ་སྤྱད་དེ་མཐོ་ཚད་ལ་སྨི་70ཡན་ཟིན་པའི་སྡོང་རྒན་11གི་དཀྱུས་ཞེང་དཔངས་གསུམ་སོགས་ཚད་འཇལ་གནད་དུ་སྨིན་པ་བྱས་པ་རེད།
  དུས་ཡུན་ཉིན་བཅུའི་ཡུལ་དངོས་བརྟག་ཞིབ་དང་གྲངས་གཞི་འཚོལ་སྡུད་སོགས་ཀྱི་ལས་དོན་སྤེལ་མཐར། མཐོ་ཚད་ལ་སྨི་76.8ཟིན་པའི་འབྲུག་ཡུལ་གསོམ་ཤིང་ཞིག་རྙེད་པ་དེས་མིག་སྔའི་ཀྲུང་གོའི་སྐམ་ས་ཆེན་པོའི་ཐོག་གི་སྡོང་པོ་མཐོ་ཤོས་ཀྱི་ཟིན་ཐོ་ལས་བརྒལ་ཏེ་ཟིན་ཐོ་གསར་པ་བཏོད་ཡོད། ཞིབ་འཇུག་ཚོགས་པས་སྡོང་པོ་མཐོ་ཤོས་ཀྱི་དཀྱུས་ཞེང་དཔངས་གསུམ་སོགས་ཀྱི་གྲངས་གཞི་ཡང་ཤེས་རྟོགས་བྱས་པ་དང་ཆབས་ཅིག མི་མེད་གནམ་གྲུ་སྤྱད་དེ་པར་བརྒྱབ་པ་མཉམ་དུ་སྦྱར་ནས་སྡོང་རྒན་དེའི་མཐོ་ཚད་དང་མཉམ་པའི་པར་རིས་ཀྱང་བཟོས་པ་རེད། གཞན་ཡང་། བརྟག་ཞིབ་ཚོགས་པས་མི་མེད་གནམ་གྲུ་ལས་ཚད་འཇལ་ཐག་པ་དང་ཡང་ན་ཁྲེ་ཙེ་སྒྲིལ་མས་ཚད་འཇལ་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ་མཐོ་ཚད་སོགས་ཚད་འཇལ་ན་གྲངས་གཞི་ཞིབ་ཕྲ་ཐོ་འགོད་བྱས་ཡོད་པ་རེད།
  ཐེངས་འདིའི་བརྟག་ཞིབ་ཁྲོད། ཞིབ་འཇུག་ཚོགས་པས་དགྱེ་གླིང་གྲོང་ཚོར་མཐོ་ཚད་ལ་སྨི་70.2ནས་76.8བར་ཏེ་སྨི་70ཡན་ཟིན་པའི་སྡོང་རྒན་ཁྱོན་8ཤེས་རྟོགས་བྱུང་བས། དགྱེ་གླིང་གྲོང་ཚོ་ནི་མིག་སྔའི་ཀྲུང་གོའི་སྐམ་ས་ཆེན་པོའི་ཐོག་གནད་སྨིན་ཚད་འཇལ་བྱས་ནས་ཤེས་རྟོགས་བྱུང་བའི་སྡོང་རྒན་མང་ཤོས་ཀྱི་ས་ཁོངས་སུ་གྱུར་ཡོད་པ་དང་། འདིའི་ཐོག་ནས་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོ་ཁུལ་གྱི་ནགས་ཚལ་སྐྱེ་ཁམས་མ་ལག་གི་གདོད་མའི་རང་བཞིན་གང་ལེགས་མངོན་ཡོད་པ་རེད།
  མེ་ཏོག་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་སྐལ་བཟང་བག་དྲོས“གོམ་སྟབས་རྗེས་མར། ནགས་རྩྭ་སྡེ་ཚན་གྱིས་ཞིབ་འཇུག་ཚོགས་པ་དང་མཉམ་ལས་གང་ལེགས་བྱ་རྒྱུ་ཡིན། སྔར་བས་ལྷག་པའི་གྲངས་གཞི་འཚོལ་སྡུད་དང་ཚན་རིག་དང་མཐུན་པའི་དབྱེ་ཞིབ་བྱས་པ་བརྒྱུད། སྡོང་པོ་མཐོ་ཤོས་དང་དེ་བཞིན་མེ་ཏོག་རྫོང་གི་སྡོང་རྒན་གཞན་དག་གི་སྐྱེ་འཚར་ཆ་རྐྱེན་རྩད་གཅོད་ཞིབ་དཔྱད་ཐུབ་ནས། སྡོང་རྒན་དག་དང་དེ་བཞིན་ཡར་ཀླུང་གཙང་པོའི་གྲོག་རོང་ཆེ་མོའི་ནགས་ཚལ་སྐྱེ་ཁམས་མ་ལག་ཡུན་རིང་སྲུང་སྐྱོང་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་ཐུབ་རེ་བྱེད་ཀྱི་ཡོད”ཅེས་བཤད་པ་རེད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1