དེ་རིང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐུན་མོང་སློབ་སྦྱོང་ཐེངས་སོ་ལྔ་པ་འཚོགས་པའི་ནང་དོན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་རྒྱུ་དེ་རེད། ད་ཐེངས་ཀྱི་སློབ་སྦྱོང་བཀོད་སྒྲིག་བྱེད་པའི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཕན་འབྲས་ཕྱོགས་བསྡོམས་དང་། གནད་དོན་དང་མི་འདང་སར་དབྱེ་ཞིབ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བཅས་བྱས་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་དེ་རེད།
“ཁྲིམས་ཀྱིས་བཅལ་ན་དྲང་བདེན་ཡོང་”ཞེས་པ་ལྟར། ང་ཚོའི་ཏང་དབུ་བརྙེས་པའི་ཉིན་ནས་བཟུང་སྟེ་ཁྲིམས་སྐྱོང་འཛུགས་སྐྲུན་བྱེད་པར་ཚད་མཐོའི་མཐོང་ཆེན་བྱེད་བཞིན་ཡོད། དམངས་གཙོའི་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ་ང་ཚོའི་ཏང་གིས་《ཀྲུང་ཧྭ་སུའུ་ཝེ་ཨེད་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་རྩ་གནད་》དང་བཅའ་ཁྲིམས་དང་བཀའ་ཁྲིམས་འབོར་ཆེན་གཏན་འབེབས་བྱས་པ་དང་། “མ་ཞི་ཝུའུ་ཡི་འདྲི་གཅོད་བྱེད་སྟངས་”གསར་གཏོད་བྱས་ཏེ་བཅའ་ཁྲིམས་དང་ལམ་ལུགས་གསར་པ་འཛུགས་པར་ལག་ལེན་གྱི་ཉམས་མྱོང་བསགས་ཡོད། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ་ང་ཚོའི་ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རྩ་ཁྲིམས་དང་རྒྱལ་ཁབ་སྒྲིག་གཞིའི་རྩ་འཛུགས་བཅའ་ཁྲིམས་དང་། འདེམས་བསྐོའི་བཅའ་ཁྲིམས། གཉེན་སྒྲིག་བཅའ་ཁྲིམས་སོགས་བཅའ་ཁྲིམས་དང་ཁྲིམས་སྲོལ་གལ་ཆེན་རབ་དང་རིམ་པ་གཏན་འབེབས་བྱས་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་ལུགས་གཞི་སྒྲོམ་མ་ལག་བཙུགས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གཏན་འཁེལ་བྱས་ཡོད། སྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་དུས་སྐབས་སུ། ང་ཚོའི་ཏང་གིས་“བརྩི་སྲུང་བྱེད་སའི་ཁྲིམས་ཡོད་པ་དང་། ཁྲིམས་བཟོས་ཕྱིན་ངེས་པར་དུ་བརྩི་སྲུང་བྱེད་པ། ཁྲིམས་འཛིན་དུས་ངེས་པར་དུ་གཟབ་ནན་བྱེད་པ། ཁྲིམས་དང་འགལ་ཚེ་ངེས་པར་དུ་རྩད་གཅོད་བྱེད་པ་”བཅས་ཀྱི་བྱེད་ཕྱོགས་བཏོན་པ་དང་། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་གཞི་རྩའི་ཇུས་གཞི་གཏན་འཁེལ་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་དམིགས་འབེན་གལ་ཆེན་དུ་གཏན་འཁེལ་བྱས་ཏེ། རྩ་ཁྲིམས་ལྟེ་བར་འཛིན་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བཅའ་ཁྲིམས་མ་ལག་རིམ་བཞིན་ཆགས་པར་བྱས་ཡོད།
ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་དེ་“ཕྱོགས་ཡོངས་བཞིའི་”འཐབ་ཇུས་བཀོད་སྒྲིག་ནང་བཅུག་ནས་སྐུལ་འདེད་ནུས་ལྡན་བཏང་བ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་ཐབས་ཇུས་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པ། ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་ཨུ་ཡོན་ལྷན་ཁང་བཙུགས་པ། ཏང་གིས་ཁྲིམས་འཛུགས་ལ་འགོ་ཁྲིད་དང་། ཁྲིམས་བསྟར་འགན་ལེན། ཁྲིམས་འཛིན་རྒྱབ་སྐྱོར། ཁྲིམས་སྲུང་སྣེ་ཁྲིད་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་བཏང་བ་བཅས་བྱས་པས་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་སྤྱིའི་རྣམ་པ་གཞི་རྩའི་ཆ་ནས་ཆགས་ཡོད། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་སྤྱིའི་དམིགས་འབེན་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན་བྱེད་རྒྱུ་དེ་ཡིན་ཞེས་གསལ་པོར་བཏོན་ཡོད། ང་ཚོས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་སྤྱིའི་འཛིན་སྤྱད་འདི་དམ་འཛིན་བྱས་ནས། ཏང་གི་འགོ་ཁྲིད་དང་། མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་པ། ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བ་བཅས་གཅིག་གྱུར་དམ་ཚགས་རྒྱུན་འཁྱོངས་བྱེད་པ། ཁྲིམས་ལྟར་རྒྱལ་སྐྱོང་དང་། ཁྲིམས་ལྟར་སྲིད་སྐྱོང་། ཁྲིམས་ལྟར་སྲིད་འཛིན་བཅས་མཉམ་དུ་སྤེལ་རྒྱུ་རྒྱུན་འཁྱོངས་བྱེད་པ། ཁྲིམས་སྐྱོང་རྒྱལ་ཁབ་དང་། ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་གཅིག་ཅན་དུ་འཛུགས་སྐྲུན་བྱེད་རྒྱུ་རྒྱུན་འཁྱོངས་དང་། ཕྱོགས་ཡོངས་ནས་ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ། བཅའ་ཁྲིམས་ཚད་ལྡན་མ་ལག་དང་། ཁྲིམས་སྐྱོང་ལག་བསྟར་མ་ལག ཁྲིམས་སྐྱོང་ལྟ་སྐུལ་མ་ལག ཁྲིམས་སྐྱོང་འགན་སྲུང་མ་ལག ཏང་ནང་ཁུལ་གྱི་ཁྲིམས་སྲོལ་མ་ལག་བཅས་འཛུགས་སྐྲུན་བྱེད་པར་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཅས་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་ལོ་རྒྱུས་ཀྱི་རང་བཞིན་ལྡན་པའི་གྲུབ་འབྲས་ཐོབ་ཡོད།
དུས་མཚུངས་སུ། རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་ལ་ད་དུང་ཞན་ཆ་དང་མི་འདང་ས་འགའ་ཤས་གནས་ཡོད་པ་ཡང་ང་ཚོས་ཤེས་དགོས་པ་སྟེ། གཙོ་བོ་ནི་བཅའ་ཁྲིམས་ཚད་ལྡན་མ་ལག་དེ་ཙམ་འཐུས་ཚང་མིན་པ་དང་། གཙོ་གནད་ཁྱབ་ཁོངས་དང་གསར་དར་ཁྱབ་ཁོངས་ཀྱི་འབྲེལ་ཡོད་བཅའ་ཁྲིམས་ལམ་ལུགས་ལ་ཞན་ཆ་དང་སྟོང་ཆ་གནས་ཡོད། ཁྲིམས་སྐྱོང་ལག་བསྟར་མ་ལག་ཕན་འབྲས་དེ་ཙམ་ཆེན་པོ་མེད་པ་དང་། ཁྲིམས་བསྟར་དང་ཁྲིམས་འཛིན་གྱི་འགན་དབང་འཁོར་སྐྱོད་ལམ་སྲོལ་ཚན་རིག་དང་མཐུན་མེད་པ། ཁྲིམས་སྐྱོང་གི་ལྟ་སྐུལ་མ་ལག་དམ་པོ་རང་མེད་པ་དང་། ཕྱོགས་སོ་སོའི་ལྟ་སྐུལ་ཐད་སྡེབ་ཤུགས་དངོས་སུ་ཆགས་མེད་པ། ཁྲིམས་སྐྱོང་གི་འགན་སྲུང་མ་ལག་དེ་ཙམ་ནུས་ལྡན་མེད་པ། ཁྲིམས་སྐྱོང་གི་ཆེད་ལས་དཔུང་ཁག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས་པ། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་གི་ཞན་ཆ་ཅུང་མངོན་གསལ་ཡིན་པ་སོགས་རེད། གནད་དོན་འདི་དག་ངེས་པར་དུ་ཞིབ་འཇུག་དང་ཐག་གཅོད་བྱེད་རྒྱུ་དམ་འཛིན་བྱེད་དགོས།
ངས་ཐེངས་མང་པོར་ནན་བཤད་བྱས་མྱོང་སྟེ། ཁྲིམས་སྐྱོང་དར་ན་མི་རིགས་དར། ཁྲིམས་སྐྱོང་དར་ན་རྒྱལ་ཁབ་སྟོབས་དང་ལྡན་པ་རེད། མིག་སྔར། རང་རྒྱལ་ནི་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པའི་འགག་རྩའི་དུས་སྐབས་སུ་གནས་ཡོད་པས། འཛམ་གླིང་གི་ལོ་ངོ་བརྒྱ་ལྷག་རིང་གི་འཕོ་འགྱུར་ཆེན་པོ་བྱུང་མེད་པའི་འཕོ་འགྱུར་མགྱོགས་མྱུར་བྱུང་བ་དང་། སྒྱུར་བཅོས་འཕེལ་རྒྱས་བརྟན་ལྷིང་གསུམ་གྱི་ལས་འགན་དཀའ་ཚེགས་ཆེ་ཞིང་ལྗིད་རྫོབ་ཆེ་བ། ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་གཏིང་ཟབ་ཏུ་སྤེལ་བ་བཅས་ལ་ཁྲིམས་སྐྱོང་གི་རྩ་བ་བརྟན་དུ་གཏོང་བ་དང་། སྔོན་དཔག་བརྟན་པོ་བྱེད་པ། ཕུགས་ལ་ཕན་པ་བཅས་ཀྱི་ནུས་པ་སྔར་ལས་ལྷག་པར་འདོན་སྤེལ་བྱེད་དགོས།
རྒྱལ་ནང་ནས་བལྟས་ན། ང་ཚོ་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔུང་འཇུག་བྱེད་པའི་འཐབ་ལམ་གསར་པར་བསྐྱོད། འཕེལ་རྒྱས་ཀྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་གཏོད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་དམངས་གཙོ་དང་། ཁྲིམས་ལུགས། དྲང་གཞག དྲང་བདེན། བདེ་འཇགས། ཁོར་ཡུག་སོགས་ཐད་ཀྱི་ཉིན་བཞིན་ཆེ་རུ་འགྲོ་བའི་དགོས་མཁོ་སྐོང་བ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་ཚང་མས་ཁྲིམས་སྐྱོང་འཛུགས་སྐྲུན་ལ་དེ་བས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། ང་ཚོས་ངེས་པར་དུ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ནུས་པ་དང་ཆུ་ཚད་མཐོ་རུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་ཆེད་ཁྲིམས་སྐྱོང་གི་འགན་ལེན་ནུས་ལྡན་བྱེད་དགོས།
རྒྱལ་སྤྱིའི་ཐོག་ནས་བལྟས་ན། འཛམ་གླིང་འདི་ཟང་ཟིང་གི་འཕོ་འགྱུར་བྱུང་བའི་དུས་སྐབས་སུ་སླེབས་ཡོད་ཅིང་། རྒྱལ་སྤྱིའི་འགྲན་རྩོད་དེ་ལམ་ལུགས་དང་། སྒྲིག་སྲོལ། བཅའ་ཁྲིམས་བཅས་ཐད་ཀྱི་རྩོད་རེས་མཚོན་བཞིན་ཡོད། ང་ཚོས་ངེས་པར་དུ་ཕྱི་འབྲེལ་བཅའ་ཁྲིམས་དང་ཁྲིམས་སྲོལ་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཕྱི་འབྲེལ་ཁྲིམས་བསྟར་གྱི་ཁྲིམས་འཛིན་ཕན་ནུས་ཆེ་རུ་བཏང་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས།
ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པར་བྱ་གཞག་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་བསྟུན་ཞིང་། མ་ལག་གི་འདུ་ཤེས་རྒྱུན་འཁྱོངས་དང་ཕྱོགས་ཡོངས་ནས་སྐུལ་སྤེལ་གཏོང་དགོས། མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་རིང་གཤམ་གསལ་ཕྱོགས་འགའི་ལས་དོན་དམ་འཛིན་ལེགས་པོ་བྱེད་པར་ཤུགས་རྒྱག་དགོས།
དང་པོ། ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་གྱི་ཡང་དག་པའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བར་སྐུལ་འདེད་གཏོང་བའི་དོན་ཆེན་འདི་ཡག་པོ་སྒྲུབ་ཐུབ་མིན་གྱི་གནད་འགག་ཆེ་ཤོས་ནི་ཁ་ཕྱོགས་ཡང་དག་པ་ཡིན་མིན་དང་། ཆབ་སྲིད་ཀྱི་འགན་ལེན་བརྟན་པོ་ནུས་ལྡན་ཡིན་མིན་དེ་ཡིན་ཞེས་ངས་བཤད་མྱོང་། ཞིབ་ཏུ་བཤད་ན་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་རྒྱུན་འཁྱོངས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ལག་ལེན་མཐར་ཕྱིན་བཅས་བྱེད་དགོས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པའི་ངོ་བོ་ཁོང་དུ་བརྟན་པོར་ཆུད་པར་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་འགྲོ་ལམ་ཐོག་བསྐྱོད་དེ་ཆབ་སྲིད་དང་ཁྲིམས་སྐྱོང་དང་། སྒྱུར་བཅོས་དང་ཁྲིམས་སྐྱོང་། ཁྲིམས་ལྟར་རྒྱལ་སྐྱོང་། སྤྱོད་བཟང་ལ་བརྟེན་ནས་རྒྱལ་སྐྱོང་། ཁྲིམས་ལྟར་རྒྱལ་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་བཅས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ཏང་གི་ཕྱོགས་ཡོངས་ཀྱི་འགོ་ཁྲིད་རྒྱུན་འཁྱོངས་དང་མི་དམངས་ཀྱིས་རང་ཁྱིམ་རང་བདག་བྱེད་རྒྱུར་འགན་ལེན་བྱེད་པ་སོགས་ཀྱི་གནད་དོན་གལ་ཆེན་ཐད་རིག་པ་ཧ་ཅང་གསལ་པོ་དང་ལངས་ཕྱོགས་ཧ་ཅང་བརྟན་པོ་ཡོང་བ་བྱེད་དགོས། མི་དམངས་ལྟེ་བར་འཛིན་རྒྱུ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་དང་། ཁྲིམས་སྐྱོང་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་། མི་དམངས་ལ་བརྟེན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ། མི་དམངས་ལ་སྲུང་སྐྱོང་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ཏེ་མི་དམངས་ཀྱི་ཁེ་ཕན་མཚོན་པ་དང་། མི་དམངས་ཀྱི་འདོད་བློ་མཚོན་པ། མི་དམངས་ཀྱི་ཁེ་དབང་སྲུང་སྐྱོང་བྱེད་པ། མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་བཅས་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་དོན་འཁྱོལ་བྱེད་དགོས། ང་ཚོས་འཛུགས་སྐྲུན་བྱེད་དགོས་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་དེ་ངེས་པར་དུ་ཀྲུང་གོའི་རིག་གནས་ལ་གཞི་ཚུགས་པ་དང་། ཀྲུང་གོའི་རྒྱལ་ཁབ་ཀྱི་གནས་ཚུལ་ལ་གཞི་ཚུགས་པ། ཀྲུང་གོའི་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་ཁྲིམས་སྐྱོང་མ་ལག་ཅིག་ཡིན་དགོས་པ་ལས་ནུབ་ཕྱོགས་ཀྱི་ནོར་འཁྲུལ་བསམ་བློའི་རླབས་རྒྱུན་གྱིས་ཁྲིད་ནོར་བྱེད་མི་རུང་།
གཉིས་པ། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་མགྱོགས་སུ་གཏོང་དགོས། གནའ་མིའི་ངག་རྒྱུན་དུ། “འཇིག་རྟེན་དགེ་བའི་ཁྲིམས་བཙུགས་ན། གནམ་འོག་ཐམས་ཅད་བདེ་བར་འགྱུར། རྒྱལ་ཁབ་དགེ་བའི་ཁྲིམས་བཙུགས་ན། རྒྱལ་ཁམས་གང་དེ་བདེ་བར་འགྱུར་”ཞེས་པ་ལྟར། རྒྱལ་ཁབ་ཀྱི་བདེ་འཇགས་དང་། ཚན་རྩལ་གསར་གཏོད། སྤྱི་པའི་འཕྲོད་བསྟེན། སྐྱེ་དངོས་བདེ་འཇགས། སྐྱེ་ཁམས་དཔལ་ཡོན། ཉེན་ཁ་འགོག་ཟོན་སོགས་ཁྱབ་ཁོངས་གལ་ཆེན་གྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། གྲངས་འཛིན་དཔལ་འབྱོར་དང་། དྲ་སྦྲེལ་དངུལ་རྩ། མིས་བཟོས་རིག་ནུས། གཞི་གྲངས་ཆེན་པོ། སྤྲིན་རྩིས་སོགས་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་གོམ་སྟབས་མགྱོགས་སུ་གཏོང་བ། རྒྱལ་ཁབ་བཅོས་སྐྱོང་གི་དགོས་མཁོ་ཉིན་བཞིན་ཆེ་རུ་འགྲོ་བའི་མི་དམངས་ཀྱི་འཚོ་བའི་དགོས་མཁོ་སྐོང་བར་མེད་དུ་མི་རུང་བའི་བཅའ་ཁྲིམས་དང་ལམ་ལུགས་ཧུར་ཐག་ངང་འཐུས་ཚང་དུ་གཏོང་དགོས། སྒྲིག་སྲོལ་ལྟར་ཏང་སྐྱོང་བ་དེས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ལ་ཐོན་པའི་ཆབ་སྲིད་ཀྱི་འགན་ལེན་ནུས་པ་འདོན་སྤེལ་བྱས་ནས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་དང་ཏང་ནང་ཁུལ་གྱི་ཁྲིམས་སྲོལ་གཅིག་ལ་གཅིག་བརྟེན་གྱི་རྣམ་པ་ཞིག་ཆགས་པ་བྱེད་དགོས། མི་དམངས་མང་ཚོགས་ཀྱིས་རེ་སྒུག་ཆེན་པོ་བྱེད་པར་དམིགས་ནས་དམངས་འཚོའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་དགོས། མི་དམངས་མང་ཚོགས་ཀྱིས་བསམ་འཆར་ཆེན་པོ་འདོན་པའི་གློག་འཕྲིན་དང་དྲ་རྒྱའི་མགོ་སྐོར་གཡོ་ལེན་དང་། དུག་རྫས་ཀྱི་ཉེས་གསོག་གསར་པ། “ལོག་ཆོས་”མི་སྣ་གྲགས་ཅན་གྱི་རྗེས་སྙེག “གསོལ་ཟས་”གང་བྱུང་གི་བརྙན་འཕྲིན། “ངོ་ལྐོག་གན་རྒྱ་”སོགས་རོལ་རྩེད་ལས་རིགས་ཀྱི་གནད་དོན་མངོན་གསལ་དོད་པོར་བཅའ་ཁྲིམས་འཐུས་ཚང་དུ་གཏོང་རྒྱུ་ནས་འགོ་བཙུགས་ཏེ་སྒྲིག་སྲོལ་བཟོ་བ་དང་། ལྟ་སྐུལ་དོ་དམ་གྱི་སྐྱོན་ཆ་དང་ཞན་ཆ་གསབ་ཐབས་བྱེད་པ་ལས་རྒྱ་ཡན་དུ་གཏན་ནས་གཏོང་མི་རུང་། ལོ་འདི་དག་གི་རིང་ལ། མ་རྩ་གོ་རིམ་མེད་པར་རྒྱ་སྐྱེད་པའི་གནད་དོན་ཅུང་འབུར་ཐོན་ཡིན་པ་དང་། ལས་སྟེགས་ཁ་ཤས་ཀྱི་དཔལ་འབྱོར་དང་གྲངས་འཛིན་དཔལ་འབྱོར་གདུག་རྩུབ་ངང་འཚར་ལོངས་བྱུང་བ་དང་ལྟ་སྐུལ་དོ་དམ་མ་བྱས་པས་གནད་དོན་མང་པོ་བྱུང་ཡོད། སྒེར་སྡེམ་ལ་རྒོལ་བའི་བཅའ་ཁྲིམས་དང་ཚུལ་མིན་འགྲན་རྩོད་ལ་རྒོལ་བའི་བཅའ་ཁྲིམས་སོགས་བཟོ་བཅོས་རྒྱག་པའི་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་དང་། འབྲེལ་ཡོད་བཅའ་ཁྲིམས་དང་ལམ་ལུགས་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་དགོས།
བློ་མཐུན་མའོ་ཙེ་ཏུང་གིས་“རྩ་ཁྲིམས་ལག་ལེན་བསྟར་བ་ནི་ཚན་རིག་སྤེལ་བ་ཡིན་”ཞེས་གསུངས་མྱོང་། ཁྲིམས་འཛུགས་སྤུས་ཚད་ཀྱི་འགག་རྩ་དེ་དམ་འཛིན་བྱས་ནས་ཚན་རིག་དང་མཐུན་པའི་ཁྲིམས་འཛུགས་དང་། དམངས་གཙོའི་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། ཁྲིམས་འཛུགས་དང་། ཁྲིམས་བཅོས། ཁྲིམས་རྩིས་མེད་བཟོ་བ། ཁྲིམས་འགྲེལ། ཁྲིམས་སྡུད་སྒྲིག་བཅས་ལ་གཅིག་འགྱུར་འཆར་འགོད་བྱས་ནས་ཁྲིམས་འཛུགས་ཀྱི་ལས་ཕྱོད་ཆེ་རུ་བཏང་སྟེ་ཁྲིམས་འཛུགས་ཀྱི་བརྒྱུད་རིམ་རང་བཞིན་དང་། སྤྱི་ཡོངས་རང་བཞིན། མཐུན་སྦྱོར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། རྒྱལ་ཁབ་ཀྱི་ཁྲིམས་སྐྱོང་གཅིག་གྱུར་སྲུང་སྐྱོང་བྱེད་རྒྱུ་ནི་ཆབ་སྲིད་ཀྱི་གནད་དོན་གཟབ་ནན་ཞིག་ཡིན་པས། ཁྲིམས་འཛུགས་ལས་ཁུངས་དང་ལས་སྒྲུབ་སྡེ་ཁག་རིམ་པ་ཁག་གིས་ཁྲིམས་འཛུགས་ཀྱི་གོ་རིམ་བརྩི་སྲུང་དང་། ཁྲིམས་འཛུགས་ཀྱི་དབང་ཚད་ནན་སྲུང་བྱས་ཏེ། དབང་ཚད་ལས་བརྒལ་ནས་ཁྲིམས་འཛུགས་དང་། ཡང་བསྐྱར་ཁྲིམས་འཛུགས། རྨོངས་ཚོད་ཀྱིས་ཁྲིམས་འཛུགས་བཅས་བྱེད་རིགས་སྔོན་འགོག་ཏན་ཏིག་དང་། སྡེ་ཁག་གི་ཁེ་ཕན་དང་ས་གནས་སྲུང་སྐྱོང་རིང་ལུགས་ཀྱི་ཤུགས་རྐྱེན་ཕན་ནུས་ལྡན་པར་སྔོན་འགོག་བྱེད་དགོས།
“གནམ་འོག་གི་བྱ་བ་ནི་ཁྲིམས་འཛུགས་པར་དཀའ་བ་མིན་ལ། ཁྲིམས་ལག་ལེན་དུ་བསྟར་བར་དཀའ་”ཞེས་པ་ལྟར། ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གཙོ་གནད་དང་དཀའ་གནད་ནི་ཁྲིམས་འཛིན་ནན་པོ་དང་། གཞུང་དྲང་ཁྲིམས་འཛིན། དམངས་ཡོངས་ཀྱིས་ཁྲིམས་སྲུང་བཅས་བྱས་པ་བརྒྱུད་བཅའ་ཁྲིམས་ལག་བསྟར་ཡང་དག་བྱེད་པར་སྐུལ་འདེད་བཏང་ནས་“ཤོག་བུའི་ཐོག་གི་བཅའ་ཁྲིམས་”དེ་“བྱ་སྤྱོད་སྟེང་གི་བཅའ་ཁྲིམས་”སུ་འགྱུར་བ་བྱེད་རྒྱུ་དེ་རེད། བཅའ་ཁྲིམས་ཀྱི་མདུན་དུ་མི་ཚང་མ་འདྲ་མཉམ་ཐོག་ནས་འགན་སྲུང་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རྒྱལ་ཁབ་ཀྱི་ཁྲིམས་ལུགས་གཅིག་གྱུར་དང་། ལ་རྒྱ། དབང་གྲགས་བཅས་སྲུང་སྐྱོང་བྱས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་དང་འགལ་བའི་བྱ་སྤྱོད་ཡོད་ཚད་ངེས་པར་དུ་རྩད་གཅོད་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་འགོ་ཁྲིད་ལས་བྱེད་པ་ཚང་མས་དར་ཆ་གསལ་སྒྲེང་གིས་ཁྲིམས་འཛིན་ལས་ཁུངས་ཀྱིས་ཁྲིམས་ལྟར་རང་ཚུགས་ངང་འགན་དབང་སྤྱོད་རྒྱུར་རྒྱབ་སྐྱོར་བྱེད་དགོས་པ་ལས་འགན་དབང་སྤྱད་དེ་ཁྲིམས་འཛིན་ལ་ཐེ་ཇུས་དང་གྱོད་གཞིར་ཐེ་ཇུས་གཏན་ནས་བྱེད་མི་ཆོག
གསུམ་པ། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཟབ་སྤེལ་བྱེད་དགོས། མིག་སྔར་ཁྲིམས་སྐྱོང་ཁྱབ་ཁོངས་སུ་མངོན་གསལ་དོད་པའི་འགལ་བ་དང་གནད་དོན་ཁ་ཤས་གནས་ཡོད་པའི་རྒྱུ་རྐྱེན་ནི་སྒྱུར་བཅོས་ད་དུང་རྦད་དེ་གནད་ལ་འཁེལ་བ་ཞིག་བྱུང་མེད་པ་དེ་རེད། མི་དམངས་མང་ཚོགས་ལ་བཅའ་ཁྲིམས་ཀྱི་ལམ་ལུགས་རེ་རེ་དང་། ཁྲིམས་བསྟར་གྱི་ཆོད་དོན་རེ་རེ། ཁྲིམས་འཛིན་གྱི་གྱོད་དོན་རེ་རེ་སོགས་ཀྱི་ཁྲོད་ནས་དྲང་སྙོམས་དྲང་བདེན་གྱི་དམིགས་འབེན་འདི་མྱོང་ཚོར་བྱེད་དུ་བཅུག་སྟེ། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་བསྡུས་ཆ་འགྲིག་སྒྱུར་བཅོས་ཟབ་སྤེལ་དང་། དྲང་གཞག་དང་། ལས་ཕྱོད་ཆེ་བ། དབང་གྲགས་ལྡན་པ་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་འཛིན་ལམ་ལུགས་གང་མགྱོགས་འཛུགས་སྐྲུན་བྱེད་དགོས། སྤྱི་ཚོགས་དྲང་སྙོམས་དྲང་བདེན་གྱི་ཁྲིམས་སྐྱོང་འགན་སྲུང་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། སྤྱི་ཕན་གཏུག་བཤེར་ལམ་ལུགས་འཐུས་ཚང་དུ་གཏོང་བ། ཁྲིམས་བསྟར་དབང་ཆ་དང་། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་ཀྱི་འཁོར་སྐྱོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ། དབང་ཆར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། རྒྱུད་ཁོངས་ཆ་ཚང་དང་། ཚད་ལྡན། ལས་ཕྱོད་ཆེ་བའི་ཁྲིམས་བསྟར་ཁྲིམས་འཛིན་གྱི་ཚོད་འཛིན་ལྟ་སྐུལ་མ་ལག་གང་མགྱོགས་བཙུགས་ནས། ཁྲིམས་འཛུགས་དབང་ཆ་དང་། ཁྲིམས་བསྟར་དབང་ཆ། ལྟ་ཞིབ་དབང་ཆ། ཁྲིམས་འཛིན་དབང་ཆ་བཅས་ལ་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་དང་། སྤྱི་བདེ་ལས་ཁུངས། ཞིབ་དཔྱོད་ལས་ཁུངས། འདྲི་གཅོད་ལས་ཁུངས། ཁྲིམས་འཛིན་སྲིད་འཛིན་ལས་ཁུངས་བཅས་ཀྱིས་རང་འགན་རང་འཁུར་དང་། མྱུལ་ཞིབ་དབང་ཆ་དང་། ཞིབ་དཔྱོད་དབང་ཆ། འདྲི་གཅོད་དབང་ཆ། ལག་བསྟར་དབང་ཆ་བཅས་ཕན་ཚུན་ཚོད་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཁྲིམས་བསྟར་ཁྲིམས་འཛིན་གྱི་ལྷུ་ཚིགས་ཁག་དང་བརྒྱུད་རིམ་ཧྲིལ་པོ་དེ་ཚོད་འཛིན་དང་ལྟ་སྐུལ་ནུས་ལྡན་བྱེད་པའི་འོག་སྤེལ་བར་འགན་ལེན་ཏན་ཏིག་བྱེད་དགོས། གཅིག་གྱུར་གྱིས་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཁྲིམས་སྐྱོང་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་བ། ཁྲིམས་རྩོད་པ་དང་། གཞུང་དཔང་། ཁྲིམས་འཛིན་གསལ་འབྱེད། འདུམ་གཅོད། འདུམ་འགྲིག་སོགས་བཅའ་ཁྲིམས་ཞབས་ཞུའི་དཔུང་ཁག་འཕེལ་རྒྱས་མགྱོགས་སུ་བཏང་སྟེ། ཏང་ལ་བློ་དཀར་སེམས་དཀར་དང་། རྒྱལ་ཁབ་ལ་བློ་དཀར་སེམས་དཀར། མི་དམངས་ལ་བློ་དཀར་སེམས་དཀར། བཅའ་ཁྲིམས་ལ་བློ་དཀར་སེམས་དཀར་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལས་དོན་དཔུང་ཁག་ཅིག་འཛུགས་སྐྲུན་བྱེད་པར་ཤུགས་རྒྱག་དགོས། ཁྲིམས་བསྟར་ཁྲིམས་འཛིན་མི་སྣའི་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་ཟབ་སྤེལ་བྱས་ཏེ། ཁྲིམས་སྐྱོང་ཆེད་ལས་དཔུང་ཁག་གི་དོ་དམ་སློབ་གསོ་དང་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས། མུ་མཐུད་དུ་སྲིད་ཁྲིམས་དཔུང་ཁག་གི་སློབ་གསོ་དག་ཐེར་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་ཁྲིམས་འཛིན་ཁྲིམས་འཛིན་ཁྱབ་ཁོངས་ཀྱི་རུལ་སུངས་བྱེད་སྤྱོད་ལ་རྡུང་རྡེག་གཏོང་བ་དང་ནག་ཚོགས་གཙང་སེལ་རྒྱུན་གཏན་ཅན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས།
ནན་བཤད་བྱེད་དགོས་པ་ཞིག་ནི། ཁྲིམས་སྐྱོང་ཁྱབ་ཁོངས་ཀྱི་སྒྱུར་བཅོས་ཀྱི་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེ་བས་ངེས་པར་དུ་རྩ་དོན་སྟངས་འཛིན་དང་མཐའ་ཚད་བརྟན་སྲུང་བྱེད་དགོས་པ་ལས། སྒྱུར་བཅོས་དེ་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་མ་ལག་ལ་“དཔེ་བསྡུར་”དང་ནུབ་ཕྱོགས་ཀྱི་ཁྲིམས་སྐྱོང་ལག་ལེན་ལ་“ངོ་བསྟོད་”དུ་གཏན་ནས་འགྱུར་མི་རུང་།
བཞི་པ། ཁྲིམས་སྐྱོང་གི་བྱེད་ཐབས་སྤྱད་དེ་རྒྱལ་སྤྱིའི་འཐབ་རྩོད་སྤེལ་དགོས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་འགྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ་ཁྲིམས་སྐྱོང་བྱེད་ཐབས་སྤྱད་དེ་རྒྱལ་ཁབ་དང་མི་དམངས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རྒྱལ་ནང་གི་ཁྲིམས་སྐྱོང་དང་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་འཕྲལ་མཁོ་སྔོན་ལ་ལག་བསྟར་བྱེད་པའི་རྩ་དོན་ལྟར་ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ལ་ཤུགས་སྣོན་རྒྱག་པ་དང་། བཀག་སྡོམ་ལ་ངོ་རྒོལ་དང་། ཐེ་གཏོགས་ལ་ངོ་རྒོལ། ལམ་ལུགས་ལ་ངོ་རྒོལ་བཅས་བྱེད་པའི་“དཔུང་རིང་བདག་ཁོངས་”ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སྔར་བས་འཐུས་ཚང་དུ་བཏང་སྟེ་རང་རྒྱལ་གྱི་མངའ་ཁོངས་ཕྱི་རོལ་དུ་སྤྱོད་གོ་ཆོད་པའི་བཅའ་ཁྲིམས་མ་ལག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས། ཁྲིམས་བསྟར་དང་ཁྲིམས་འཛིན་མཉམ་ལས་རྒྱ་སྐྱེད་གཏོང་རྒྱུ་དེ་ཕྱོགས་གཉིས་དང་ཕྱོགས་མང་གི་འབྲེལ་བ་འཛུགས་པའི་གྲོས་དོན་གལ་ཆེན་དུ་བཅུག་སྟེ་རང་རྒྱལ་གྱི་རྒྱལ་ཕྱིའི་ཁེ་ཕན་སྲུང་སྐྱོང་བྱེད་པའི་བདེ་འཇགས་ཀྱི་འབྲེལ་ཐག་རིང་དུ་གཏོང་དགོས། ཕྱི་ཕྱོགས་དང་འབྲེལ་བ་ཡོད་པའི་ཁྲིམས་སྐྱོང་ཤེས་ལྡན་མི་སྣ་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་དགོས།
ལྔ་པ། ཁྲིམས་སྐྱོང་གི་རིགས་པའི་གཞུང་ལུགས་ཞིབ་འཇུག་དང་དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་དགོས། ང་ཚོས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལག་ལེན་གྱི་ཆོས་ཉིད་ཕྱོགས་བསྡོམས་དང་། ཀྲུང་ཧྭའི་བཅའ་ཁྲིམས་རིག་གནས་ཀྱི་སྙིང་བཅུད་རྒྱུན་འཛིན། འཛམ་གླིང་གི་ཁྲིམས་སྐྱོང་ཤེས་དཔལ་གྱི་ཕན་ལྡན་གྲུབ་འབྲས་བསྡུ་ལེན་བཅས་བྱས་ཏེ་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་འདུ་ཤེས་གསར་པ་དང་བྱེད་ཐབས་གསར་པ་ཆགས་ཡོད། ངས་ཀྲུང་དབྱང་གི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ལས་དོན་གྲོས་ཚོགས་ཐོག་“རྒྱུན་འཁྱོངས་བཅུ་གཅིག་”ལ་སྙིང་བསྡུས་བྱས་པ་ཡིན། རང་རྒྱལ་གྱི་ཁྲིམས་སྐྱོང་གི་ཐོག་མའི་གསར་གཏོད་རང་བཞིན་གྱི་དོན་སྤྱི་དང་། བརྡར་གཅོད། ཁྱབ་ཁོངས། རིགས་པའི་གཞུང་ལུགས་བཅས་ལ་ཞིབ་འཇུག་བྱེད་པར་ཤུགས་སྣོན་རྒྱག་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་ཁྲིམས་ལུགས་རིག་པའི་རིག་ཚན་མ་ལག་དང་། རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་ཀྱི་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་དགོས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་བསམ་བློ་དེ་ཁྲིམས་ལུགས་རིག་པའི་རིག་ཚན་ཁག་གི་སློབ་གཞི་རྩོམ་འབྲི་དང་སློབ་ཁྲིད་ལས་དོན་ཁྲོད་དོན་འཁྱོལ་བྱས་ཏེ་སློབ་གཞི་དང་། སློབ་ཁང་། བསམ་བློ་བཅས་ཀྱི་ནང་བཅུག་ནས་ཕུགས་བསམ་དང་དད་སེམས་བརྟན་པོ་དང་། རྒྱལ་ཁབ་ཀྱི་བརྩེ་སེམས་ཆེན་པོ། ཁྲིམས་ལུགས་རིག་པའི་རྨང་གཞི་བརྟན་པོ་བཅས་ཀྱི་ཁྲིམས་སྐྱོང་ཤེས་ལྡན་པ་དེ་བས་མང་བ་གསོ་སྐྱོང་ཧུར་ཐག་བྱེད་དགོས། ཁྲིམས་རོགས་པའི་དཔུང་ཁག་ལ་ཆབ་སྲིད་ཀྱི་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱ་ཆེའི་ཁྲིམས་རོགས་པས་ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ་དང་རང་རྒྱལ་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་ལ་བརྩི་བཀུར་ཞུ་བ་སོགས་པའི་ལས་ཞུགས་ཀྱི་གཞི་རྩའི་བླང་བྱར་རང་རྟོགས་ངང་བརྩི་སྲུང་ཞུ་བར་སློབ་གསོ་དང་ཁྲིད་སྟོན་བྱས་ཏེ་ཏང་དང་མི་དམངས་ཀྱི་བློ་ལ་བབས་པའི་ཁྲིམས་རོགས་པ་ཡག་པོ་ཞིག་བྱེད་དགོས། དམངས་ཡོངས་ཀྱིས་ཁྲིམས་སྲུང་བ་དེ་རྨང་གཞིའི་ལས་གཞིར་བརྩིས་ཏེ་ཕྱོགས་ཡོངས་ནས་“སུས་ཁྲིམས་ལག་བསྟར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་”བཅའ་ཁྲིམས་ཁྱབ་གདལ་གཏོང་བའི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་བྱས་ནས་རྒྱ་ཆེའི་མང་ཚོགས་ལ་རང་རྟོགས་ངང་ཁྲིམས་སྲུང་བ་དང་། དོན་དག་འཕྲད་སྐབས་ཁྲིམས་འཚོལ་བ། གནད་དོན་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ་བཅས་བྱེད་རྒྱུའི་ཁྲིད་སྟོན་བྱེད་དགོས། རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་ཁྲིམས་སྐྱོང་ལག་ལེན་གྱི་ཉམས་མྱོང་ཕྱོགས་བསྡོམས་དང་། རང་རྒྱལ་གྱི་ཕུལ་བྱུང་སྲོལ་རྒྱུན་ཁྲིམས་སྐྱོང་རིག་གནས་རྒྱས་བཤད་བྱེད་པ། ཀྲུང་གོའི་ཁྲིམས་སྐྱོང་གཏམ་རྒྱུད་ཡག་པོ་ཤོད་པ་བཅས་བྱས་ནས་རང་རྒྱལ་གྱི་ཁྲིམས་སྐྱོང་མ་ལག་དང་ཁྲིམས་སྐྱོང་རིགས་པའི་གཞུང་ལུགས་ཀྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་སྐད་ཆ་ཤོད་དབང་ཆེ་རུ་གཏོང་དགོས།
རིམ་ཁག་ཏང་ཨུ་(ཏང་ཙུའུ་)ཡིས་བྱེད་པོའི་འགན་འཁྲི་ཡག་པོ་འཁུར་བ་དང་། བཀོད་སྒྲིག་གལ་ཆེན་དང་། ལས་འགན་གལ་ཆེན། ལས་དོན་འགངས་ཆེན་བཅས་ལ་དམིགས་ཏེ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ་དང་། རང་འགུལ་ངང་བྱས་རྗེས་འཇོག་ཅིང་། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་གཏན་འགོག་བྱེད་དགོས། ཀྲུང་དབྱང་ཁྲིམས་ལྟར་རྒྱལ་སྐྱོང་གཞུང་ལས་ཁང་གིས་འགན་ནུས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ནས་ཏང་ཀྲུང་དབྱང་གི་ཁྲིམས་སྐྱོང་འཛུགས་སྐྲུན་གྱི་ཐབས་ཇུས་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས། འཐབ་ཕྱོགས་ཁག་དང་སྡེ་ཚན་ཁག་གིས་མཉམ་འཛིན་སྤྱི་སྒྲུབ་དང་། འགན་འཁྲི་ཏན་ཏིག་འཁུར་བ། སྡེབ་ཤུགས་ཆགས་པ་བཅས་བྱས་ནས་ལས་ཀ་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས།
འབྲུག་ཕྱུག་ཚེ་རིང་གིས་བསྒྱུར།