མཐུན་སྒྲིལ་དང་ཞི་བདེ་དང་མཛའ་བརྩེ་ལྡན་པའི་ཨོ་རྩལ་འགྲན་ཚོགས།

ལྷག་པ་ཚེ་རིང་གིས་བསྒྱུར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-13


“པེ་ཅིན་སྐབས་ཉེར་བཞི་པའི་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་འགོ་ཚུགས་”ཞེས་2022ལོའི་ཟླ་2ཚེས་4ཉིན་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཟི་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་གནང་རྗེས། རྒྱལ་ཁབ་ཀྱི་ལུས་རྩལ་ཐང་དུ་འོད་མདངས་བཀྲ་བའི་ཤོག་སྦག་མཁའ་དབྱིངས་སུ་སྤར་ནས་སྐར་ལྔའི་དར་དམར་དང་ཨ་ལོང་ལྔ་སྦྲེལ་གྱི་འདུ་ཚོགས་ཀྱི་དར་ཆ་ལྷབ་ལྷུབ་ཏུ་གཡོ། ལོ་14ཡི་རྗེས་སུ་ཨོ་ལིམ་ཕིག་གི་དཔལ་འབར་སླར་ཡང་པེ་ཅིན་དུ་འབར་ནས་ཀྲུང་ཧྭའི་ཤེས་དཔལ་དང་ཨོ་ལིམ་ཕིག་ལུས་རྩལ་སླར་ཡང་ལག་གདང་སྦྲེལ་ཏེ་མིའི་རིགས་ཀྱི་མཐུན་སྒྲིལ་དང་། ཞི་བདེ། མཛའ་བརྩེ་བཅས་ཀྱི་འོད་སྟོང་འཕྲོ་བའི་ལེའུ་ཞིག་བརྩམས་ཡོད།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཇུས་ཐག་གཅོད་ལ་ཐབས་ཇུས་འདིང་ཞིང་སྐུལ་འདེད་མཛད། “འདིར་བཞུགས་པའི་གྲོགས་པོ་རྣམ་པས་ཏོག་གསར་གློ་ཚད་རིམས་ནད་ཀྱིས་བཟོས་པའི་དཀའ་ངལ་དང་སྟབས་མི་བདེ་བ་སྣ་ཚོགས་ཁྱད་བསད་བྱས་ཏེ་ལམ་ཐག་ལེ་དབར་དུ་མའི་ས་ནས་པེ་ཅིན་དུ་ཕེབས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ལ་དགའ་བསུ་དང་ཀྲུང་གོར་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།” པེ་ཅིན་གྱི་“དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་དུས་ཚོད་”འགོ་ཚུགས་སྐབས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོར་འགོ་ཚུགས་མཛད་སྒོ་ལ་ཕེབས་པའི་ཕྱིའི་རྒྱལ་ཁབ་ཀྱི་གཙོ་བདག་དང་། སྲིད་གཞུང་གི་འགོ་གཙོ། གོང་མ་ཚང་གི་ཁོངས་མི། དེ་བཞིན་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ་བཅས་ལ་དགའ་བསུ་ཞུ་བའི་གསོལ་སྟོན་འཚོགས་ནས། ཁོང་རྣམ་པར་ཚགས་དམ་པའི་ཐུག་འཕྲད་གནང་བ་དང་། གླིང་ཆེན་ལྔའི་གྲོགས་པོ་རྣམས་ལ་ཀྲུང་གོའི་མགྲོན་འབོད་སྣེ་ལེན་གྱི་སྤྲོ་སེམས་དང་མཛའ་མཐུན་གྱི་བརྩེ་སེམས་མཚོན་པར་བྱས་ཡོད།

འདས་ཟིན་པའི་ལོ་ངོ་6ལྷག་ལ་ཕྱིར་མིག་ལྟ་དུས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་པེ་ཅིན་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དང་། དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་དེ་རང་རྒྱལ་གྱི་ལོ་རྒྱུས་ཀྱི་དུས་ཚིགས་གལ་ཆེན་ལ་གཉེར་བའི་མཚོན་རྟགས་རང་བཞིན་གྱི་བྱེད་སྒོ་གལ་ཆེན་ཞིག་ཏུ་བརྩིས་ནས། སྐུ་ངོ་མས་ཇུས་ཐག་གཅོད་ལ་ཐབས་ཇུས་འདིང་ཞིང་སྐུལ་འདེད་མཛད་པ་སྟེ། འགྲན་སྡུར་ཁུལ་དུ་དངོས་སུ་རྟོག་ཞིབ་ཐེངས་5གནང་བ་དང་། “ངོ་མཚར་ཆེ་བ་དང་། སྤྱིར་བཏང་མིན་པ། ཕུལ་དུ་བྱུང་བ་”བཅས་ཀྱི་དམིགས་འབེན་ཁ་གསལ་བཟོས་པ་དང་། “ལྗང་མདོག་དང་། མཉམ་སྤྱོད། སྒོ་འབྱེད། སྤྱོད་གཙང་”བཅས་ཀྱི་འདུ་ཤེས་འཛུགས་པ། “གཙང་དངོས་དང་། བདེ་འཇགས། ངོ་མཚར་ཆེ་བ་”བཅས་ཀྱི་བླང་བྱ་ནན་གསུང་གནང་བ། “ཚན་རྩལ་དང་། བློ་གྲོས། ལྗང་མདོག གྲོན་ཆུང་”བཅས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པ། “མི་དུང་ཕྱུར་3གངས་འཁྱགས་ལུས་རྩལ་ནང་ཞུགས་པར་སྐུལ་ཁྲིད་བྱེད་དགོས་”ཞེས་བཏོན་པ། ས་གནས་ཁག་གིས་“དགུན་དུས་ཨོ་རྩལ་འགྲན་ཚོགས་གྲ་སྒྲིག་དང་ས་གནས་རང་གི་འཕེལ་རྒྱས་ཀྱི་ཕུལ་བྱུང་རྒྱུགས་ཤོག་གཉིས་འབུལ་དགོས་”ཞེས་བསྟན་པས། ཨོ་རྩལ་འགྲན་ཚོགས་ཀྱི་ལས་དོན་ཁག་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།

ཨོ་ལིམ་ཕིག་གི་སྙིང་སྟོབས་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཕན་ཚུན་འོད་མདངས་འཕྲོ་བ། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་འཛམ་གླིང་ས་གནས་ཁག་ནས་ཡོང་བའི་ན་གཞོན་76དཔུང་པ་མཉམ་གཤིབ་ཀྱིས་ལུས་རྩལ་ཐང་དུ་བསྐྱོད། དེ་ལས་འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་བདེ་སྡུག་མཉམ་མྱོང་དང་། ཐུན་མོང་ཐོག་རིམས་ནད་འགོག་པ། ཕུགས་འདུན་གྱི་ཆེད་དུ་འབད་བརྩོན་བྱེད་པ་བཅས་ཀྱི་པར་རིས་རེ་རེ་བཞིན་འགྲེམས་སྟོན་བྱས་པ་དང་། ཕྱོགས་གཉིས་ཀྱི་ཀྲུང་གོའི་ལྷས་མདུད་རི་མོ་དེ་“ཐུན་མོང་ཐོག་མ་འོངས་ལ་ཕྱོགས་”ཞེས་པའི་རྒྱ་ཡིག་དང་དབྱིན་ཡིག་གི་ཡིག་གཟུགས་སུ་རིམ་བཞིན་གྱུར།

“ཨོ་ལིམ་ཕིག་གི་སྙིང་སྟོབས་ནི་མིའི་རིགས་མཐུན་སྒྲིལ་ཡོང་བའི་ལམ་སྟོན་སྒྲོན་མེ་ཡིན།” མིའི་རིགས་ལ་ཞི་བདེ་དང་མཛའ་བརྩེ་འཚོལ་བའི་གཞི་རྟེན་ཞིག་དང་། གླེང་མོལ་དང་སྤེལ་རེས་བྱེད་པའི་འབྲེལ་ཟམ་ཞིག་བསྐྲུན་རྒྱུ་ནི་ཨོ་ལིམ་ཕིག་ལུས་རྩལ་གྱི་དོན་སྙིང་ཡིན། ད་ལྟ། དུས་སྐབས་ཀྱི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་བྱུང་ཚུལ་ཕན་ཚུན་གཅིག་ཐོག་གཅིག་བརྩེགས་ཡིན་པ་དང་། འཛམ་གླིང་འདི་ཟིང་ཆ་དང་འཕོ་འགྱུར་བྱུང་བའི་དུས་སྐབས་གསར་པར་སླེབས་ཡོད་པས། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་ཞི་བདེའི་ངང་འཕེལ་རྒྱས་ཡོང་བར་བཅངས་པའི་རེ་འདུན་སྔར་བས་ནན་པོ་ཡིན་པ་དང་། དྲང་སྙོམས་དྲང་བདེན་ཡོང་བར་བཅངས་པའི་འབོད་སྒྲ་སྔར་བས་དྲག་པོ་ཡིན་ལ། མཉམ་ལས་མཉམ་རྒྱལ་ཡོང་བར་བརྩོན་ལེན་བྱེད་པའི་འདུན་པ་སྔར་བས་བརྟན་པོར་གྱུར་ཡོད། 2021ལོར་ཨོ་ལིམ་ཕིག་གི་ལེགས་བཤད་ཐོག་མར་གསར་དུ་བརྗེས་ནས་“དེ་བས་མགྱོགས་པ་དང་། དེ་བས་མཐོ་བ། དེ་བས་སྟོབས་ཆེ་བ་”བཅས་ཀྱི་རྗེས་སུ་“དེ་བས་མཐུན་སྒྲིལ་”ཞེས་པ་ཞིག་བསྣན་ཡོད། སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་ཐོག་པེ་ཅིན་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་སྐབས་སུ་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ལ་མགྲིན་གཅིག་ཏུ་གྲོས་འཆམ་བྱུང་བ་དང་། རྒྱལ་ཁབ་173ཞུགས་ནས་མཉམ་འདོན་བྱས་པས། ཉེ་བའི་སྐབས་ཁ་ཤས་ཀྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་སྐབས་སུ་དམག་མཚམས་འཇོག་རྒྱུའི་གྲོས་ཆོད་ཐུན་མོང་ཐོག་བཏོན་པའི་རྒྱལ་ཁབ་ཀྱི་གྲངས་འབོར་མཐོ་ཤོས་བཏོད། དེ་ལས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་མཐུན་སྒྲིལ་དང་། ཞི་བདེ། མཛའ་བརྩེ་ལྡན་པའི་ཐུན་མོང་ངོས་འཛིན་ཟབ་མོ་མཚོན་པ་མ་ཟད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་རྒྱུའི་སྤྲོ་སེམས་དང་ཡིད་ཆེས་ཀྱང་མཚོན་ཡོད།

མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་ཨོ་ལིམ་ཕིག་ལུས་རྩལ་གྱིས་ཐེག་པའི་མིའི་རིགས་ཀྱིས་ཞི་བདེ་དང་། མཐུན་སྒྲིལ། ཡར་རྒྱས་བཅས་ལ་བཅངས་པའི་མཛེས་སྡུག་གི་རེ་སྙེག་དང་ཕན་ཚུན་མཉམ་འདྲེས་བྱུང་ཡོད། “འཛམ་གླིང་རྒྱལ་ཁབ་ཁག་རྣམས་གྲུ་གཟིངས་190ལྷག་གི་སྟེང་དུ་བསྡད་པ་ལས། གྲུ་གཟིངས་ཆེན་པོ་ཞིག་གི་སྟེང་དུ་ཐུན་མོང་ཐོག་སྔར་ལས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཞིག་གཏོད་ན་བཟང་། དེར་བརྟེན་ང་ཚོས་‘ཐུན་མོང་ཐོག་མ་འོངས་ལ་ཕྱོགས་’ཞེས་པའི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འབོད་ཚིག་བཏོན་པ་ཡིན། ཀྲུང་གོའི་ཕྱོགས་ཀྱིས་ཨོ་ལིམ་ཕིག་ལུས་རྩལ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་”ཞེས་བཏོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་ཁག་ལག་གདང་དཔུང་སྦྲེལ་གྱིས་འགྲོ་བ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་མཛེས་སྡུག་གི་ཕུགས་འདུན་གསོན་ཉམས་དོད་པའི་ངང་རྒྱས་བཤད་གནང་། མི་མང་གིས་དོ་སྣང་བྱེད་པའི་འདུ་ཚོགས་གཟབ་རྒྱས་འདིའི་ནང་ཨོ་ལིམ་ཕིག་གི་སྙིང་སྟོབས་ཀྱིས་ཐུན་མོང་གི་རེ་སྙེག་གོང་བུར་འགྲིལ་བ་དང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ཀྱིས་བསམ་བློའི་འོད་ཟེར་འཕྲོས་ནས། ལོ་བརྒྱའི་འགྱུར་ལྡོག་ཁྲོད་ཀྱི་འཛམ་གླིང་ལ་ཚ་ཚ་འུར་འུར་གྱི་འབད་འཐབ་མེ་ལྕེ་སྔར་ལས་ཚ་བ་སྤར་བ་དང་བཀྲག་མདངས་ཆེ་བའི་རེ་བའི་འོད་ཟེར་སྔར་ལས་བཀྲ་བ་མཆེད་ཡོད།

ཀྲུང་གོའི་ཁྱད་ཆོས་ལྡན་ལ་ངོ་མཚར་ཆེ་ཞིང་ཐུན་མོང་མ་ཡིན་པ། འཁྱགས་རོམ་ཐོག་གློག་དམར་འཁྱུག་པ་བཞིན་ཀྲུང་གོའི་ལམ་ཐུང་མྱུར་ཤུད་རུ་ཁག་གི་བདམས་ཐོན་པ་ཝུའུ་ཏ་ཅིང་གིས་ཐོག་མར་མཇུག་གནས་སུ་སླེབས་པ་དང་། གློག་འོད་དང་རྡོ་མེའི་བར་གྱི་དུས་ཚོད་སྐད་ཅིག་ཉིད་ལ་རྒྱལ་ཕམ་ཐག་གཅོད་བྱས། ཀྲུང་གོའི་འཐུས་མི་ཚོགས་པའི་གསེར་གྱི་རྟགས་མ་དང་པོ་དེ་ཐོབ་པ་དང་ཚོགས་ར་ཡོངས་ནས་དགའ་བསུ་ཆེན་པོ་ཐོབ། མཐའ་མའི་གདོང་མཆོང་དང་། ཚད་ལས་བརྒལ་བ། ཕུགས་འདུན་མངོན་འགྱུར་བཅས་བྱེད་སྐབས་ལུས་རྩལ་པ་ཚོས་“ངོ་མཚར་ཆེ་བའི་”མཚན་ཉིད་ཡང་བསྐྱར་མཐོ་ཚད་གསར་པ་ཞིག་ཏུ་སླེབས་སུ་བཅུག་ཡོད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་ཀྲུང་གོའི་འཐུས་མི་ཚོགས་པས་རྣམ་གྲངས་ཆེ་གྲས་7དང་ཁག་བགོས་རྣམ་གྲངས་15ཡི་“རྣམ་གྲངས་ཚང་མའི་འགྲན་བསྡུར་ནང་ཞུགས་པ་”ཐེངས་དང་པོ་ཡིན་པ་དང་། དེའི་ནང་རྣམ་གྲངས་ཆུང་གྲས་35ནི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་གར་སྟེགས་ཐོག་འཛེགས་པ་ཐེངས་དང་པོ་ཡིན་པ་རེད།

འགྲན་བསྡུར་སྐབས་སུ་འགྲན་ཟླ་ཡིན་ནའང་། འགྲན་བསྡུར་ཚར་རྗེས་གྲོགས་པོ་ཡིན། འཁྱག་ལྟིར་མཉམ་བསྲེས་འཁོར་རྒྱུག་འགྲན་བསྡུར་ནང་ཀྲུང་གོའི་རུ་ཁག་གིས་ཨ་རིའི་རུ་ཁག་དང་འགྲན་བསྡུར་བྱས་རྗེས། ཀྲུང་གོའི་རུ་ཁག་གི་ཧྥན་སུའུ་ཡོན་དང་ལིན་ཀྲི་ཡིས་འགྲན་ཟླ་ལ་ཨོ་རྩལ་འགྲན་ཚོགས་ཀྱི་དྲན་གསོའི་རྟགས་མ་“པིང་ཏུན་ཏུན་”ལེགས་སྐྱེས་སུ་སྤྲད་པ་དང་། ཐེངས་རྗེས་མའི་འགྲན་བསྡུར་མཇུག་འགྲིལ་རྗེས་ཨ་རིའི་རུ་ཁག་གི་བདམས་ཐོན་པས་ཨ་རིའི་རུ་ཁག་གི་མཚན་རྟགས་སྐྱེས་ལན་དུ་སྤྲད། སྤྲོ་སེམས་དང་ཕུགས་འདུན། འབད་བརྩོན་དང་ཧུར་ཐག ཞི་བདེ་དང་མཛའ་བརྩེ། བསམ་ཤེས་དང་ཁོང་ཡངས་བཅས་ནི་པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་བརྗོད་དོན་གཙོ་བོར་གྱུར་ཡོད།

དགུན་དུས་ཨོ་རྩལ་འགྲན་ཚོགས་ནི་རྩལ་འགྲན་ལུས་རྩལ་གྱི་འགྲེམས་སྟོན་སྟེགས་བུ་ཞིག་ཡིན་ལ་རིག་གནས་སྤེལ་རེས་དང་ཕན་ཚུན་མིག་དཔེ་ལྟ་བའི་སྟེགས་བུ་གལ་ཆེན་ཞིག་ཀྱང་རེད། འགྲན་རའི་ཇུས་འགོད་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་མཚོན་རྟགས་བར། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཐོག་མངོན་གསལ་དོད་པའི་ཀྲུང་གོའི་ཁྱད་ཆོས་དང་ཐུན་མོང་མ་ཡིན་པའི་ཀྲུང་གོའི་ཉམས་འགྱུར་མངོན་ཡོད་དེ། རྒྱལ་ཁབ་ཀྱི་མཆོང་སྟེགས་གངས་ཤུད་ལྟེ་གནས་སུ་“ཁ་བ་ཡིད་བཞིན་”གྱི་ཇུས་འགོད་དེ་སྲོལ་རྒྱུན་རིག་གནས་ཀྱི་མཚོན་རྟགས་“ཡིད་བཞིན་”ཞེས་པ་དཔྱད་གཞིར་བཟུང་བ་དང་། དཔལ་འབར་བརྒྱུད་སྤྲོད་ཀྱི་སྒྲོན་མེའི་བཟོ་དབྱིབས་ཀྱི་འཆར་སྣང་དེ་“ཀྲུང་ཧྭའི་གློག་སྒྲོན་ཨང་དང་པོ་”ཧན་རྒྱལ་རབས་ནུབ་མའི་ཁྲང་ཤིན་ཕོ་བྲང་གི་གློག་སྒྲོན་ལས་བྱུང་བ་ཞིག་ཡིན། ལྟེ་མཐུན་སྒོར་དབྱིབས་ཀྱི་གཡང་ཊི་འདྲ་བའི་གཟེངས་རྟགས་ནང་གནམ་འོག་སྤྱི་སྙོམས་ཆེན་པོའི་རེ་སྙེག་འདུས་ཡོད་པ་སོགས། ཀྲུང་ཧྭ་མི་རིགས་ཀྱི་ཡ་རབས་དང་གཏིང་ཟབ་པའི་ཤེས་རིག་གི་ཉམས་འགྱུར་དང་། འགྱུར་མེད་བརྟན་པོའི་ལོ་རྒྱུས་ཀྱི་གདེང་ཚོད་དང་རིག་གནས་ཀྱི་གདེང་ཚོད་མངོན་ཡོད།

ཧྲོའུ་ཀང་གངས་ཤུད་མཆོང་སྟེགས་ཆེན་མོ་ནི་སྐབས་འདིའི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་པེ་ཅིན་ལྟེ་བའི་གྲོང་ཁུལ་གྱི་གངས་ཤུད་རྣམ་གྲངས་ཀྱི་འགྲན་ར་ཉག་གཅིག་དང་འཛམ་གླིང་ཐོག་གི་གཏན་འཇགས་རང་བཞིན་གྱི་མཆོང་སྟེགས་ཆེན་མོའི་འགྲན་ར་ཐོག་མ་དེ་རེད། ལོ་14ཡི་སྔོན་པེ་ཅིན་ཨོ་རྩལ་འགྲན་ཚོགས་གཉེར་བའི་གོ་སྐབས་དང་བསྟུན་ནས་1919ལོར་ཧྲོའུ་ཀང་ཚོགས་པས་འདི་ནས་སྤོས་ཏེ་བཟོ་ལས་ཀྱི་ཤུལ་བཞག་ཡོད། ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱི་ཨ་ལོང་ལྔའི་མཚོན་རྟགས་དང་བཟོ་ལས་ཁུལ་རྙིང་པའི་ཤུལ་བཞག་གྲང་བཟོའི་མཆོད་རྟེན་དང་བཟོ་དབྱིབས་མཛེས་པའི་མཆོང་སྟེགས་ཆེན་པོའི་དབར་གཞན་དང་མི་འདྲ་བའི་མཛེས་པ་ཞིག་མངོན་པས། ལུས་རྩལ་པར་སྔར་བྱུང་མྱོང་མེད་པའི་འགྲན་བསྡུར་ནང་ཞུགས་པའི་མྱོང་ཚོར་ཞིག་དང་གོ་ལ་ཧྲིལ་པོའི་ལྟད་མོ་བ་རྣམས་ལ་ཐུན་མོང་མ་ཡིན་པའི་བག་ཆགས་ཟབ་མོ་བཞག་ཡོད།

ཀྲང་པེ་ཡི་རླུང་ནུས་དང་ཉི་ནུས་སོགས་དྭངས་གཙང་ནུས་ཁུངས་ཟམ་མི་འཆད་པར་མཁོ་འདོན་བྱས་པས་ཨོ་རྩལ་འགྲན་ཚོགས་ཀྱི་ལོ་རྒྱུས་ཐོག་ཐེངས་དང་པོར་འགྲན་ར་ཚང་མར་ལྗང་མདོག་གློག་ཤུགས་ཕྱོགས་ཡོངས་ནས་ཁེབས་པ་མངོན་འགྱུར་བྱུང་ཡོད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ལྟེ་བའི་མ་ལག་ཕྱོགས་ཡོངས་ནས་“སྤྲིན་རྩིས་ཐོག་འཇོག་པ་”དེ། ཨོ་རྩལ་འགྲན་ཚོགས་ལ་གཅིག་འགྱུར་འཆར་འགོད་ཀྱིས་བཀོད་གཏོང་དང་། རིག་ནུས་བརྒྱུད་གཏོང་། ནུས་རྒྱུ་བསྲི་ཚགས་དང་བཙོག་འབུད་ཉུང་གཏོང་བཅས་ཀྱི་ཀྲུང་གོའི་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ཇུས་གཞི་མཁོ་འདོན་བྱས་ཡོད། “གཉིས་ཟུམ་”དོ་དམ་བརྒྱུད་རིམ་སོགས་རིམས་ནད་སྔོན་འགོག་ཚོད་འཛིན་བྱེད་ཐབས་ཟམ་མི་འཆད་པར་ལེགས་སུ་བཏང་ནས་རྒྱལ་ཁབ་ཁག་གི་འཐུས་མི་ཚོགས་པའི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་པ་དང་། འགྲན་བསྡུར་ནང་གི་དང་བླངས་པ་ཁྲི་གཉིས་ཙམ་དང་མི་ཐེངས་ཁྲི་20ཙམ་གྱིས་ཀྲུང་གོ་མི་དམངས་ཀྱི་སྤྲོ་སེམས་དང་ལྷག་བསམ་མངོན་ཡོད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་འཛམ་གླིང་ཡོངས་ཀྱི་ལུས་རྩལ་པར་རང་ཉིད་མཚོན་པ་དང་། རང་ཉིད་ལས་བརྒལ་བ། ཕུགས་འདུན་མངོན་འགྱུར་བཅས་ཀྱི་གར་སྟེགས་ཤིག་བཏོད་དེ་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ལུས་རྩལ་གྱི་གོང་བུ་འགྲིལ་ཤུགས་མངོན་པར་བྱས་ཡོད།

རྒྱལ་ཁབ་ཀྱི་སྣང་བརྙན་མངོན་ཞིང་རྒྱལ་ཁབ་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མི་རིགས་ཀྱི་སྙིང་སྟོབས་ཆེར་སྐྱེད་བྱེད་པ། ལུས་རྩལ་ནི་རྒྱལ་ཁབ་ལ་མཚོན་ན་དཔལ་ཡོན་དར་ཞིང་སྟོབས་འབྱོར་ལྡན་པའི་མཚོན་རྟགས་གལ་ཆེན་ཞིག་ཡིན། “འདི་ནི་ལོ་བརྒྱའི་འགྱུར་ལྡོག་གི་བསྡུས་རིས་ཤིག་རེད། པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་གྱི་ཨོ་རྩལ་འགྲན་ཚོགས་བདེ་བླག་ངང་གཉེར་བ་དེས་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བའི་ཡིད་ཆེས་ཆེ་རུ་འགྲོ་བ་མ་ཟད། འཛམ་གླིང་ལ་སྐྱེ་སྟོབས་དང་། འབྱོར་ཕྱུག སྒོ་འབྱེད། རེ་བས་ཁེངས་པ་བཅས་ཀྱི་རྒྱལ་ཁབ་ཀྱི་གཟུགས་བརྙན་ཞིག་ཀྱང་མངོན་བ་རེད།” ལོ་བརྒྱ་ལྷག་གི་སྔོན་གྱི་“ཨོ་རྩལ་འགྲན་ཚོགས་སྐོར་གྱི་དྲི་བ་གསུམ་”ནས་ད་ཆའི་“ཨོ་རྩལ་འགྲན་ཚོགས་གཉིས་ཀྱི་གྲོང་ཁྱེར་”བར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསམ་གཞིག་གནང་བ་དེ་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་པོ་ལས་བརྒལ་ཡོད།

ཨོ་རྩལ་འགྲན་ཚོགས་གཉེར་ཡུལ་ཧོ་པེ་ཁྲུང་ལི་ཡིས་རྒྱལ་ཁབ་རིམ་པའི་དབུལ་པོའི་རྫོང་གི་ཞྭ་མོ་ཕུད་ནས་ས་གནས་དེའི་མི་5རེའི་ནང་མི་1གིས་“གངས་ཀྱི་ཕོར་བ་”བཀྱག་ཅིང་། “གངས་རི་འཁྱགས་རླུང་ཡང་གསེར་དངུལ་རི་ཡིན་”ཞེས་པར་འགྲེལ་བཤད་བྱས་ཡོད། ཅིང་ཀྲང་མྱུར་བགྲོད་ལྕགས་ལམ་དང་ཅིང་ལི་མྱུར་བགྲོད་ལྕགས་ལམ་སོགས་ཀྱིས་འགྲན་བསྡུར་ཐད་ཀྱི་ཞབས་ཞུར་ནུས་པ་གལ་ཆེན་འདོན་སྤེལ་བྱས་པ་མ་ཟད། པེ་ཅིན་དང་། ཐེན་ཅིན། ཧོ་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་ལ་སྣེ་ཁྲིད་ཀྱི་ནུས་པ་ཐོན་ནས་ནུབ་རྒྱུད་དར་རྒྱས་གཏོང་བར་སྐུལ་འདེད་དང་“རྒྱུད་གཅིག་ལམ་གཅིག་”འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་ཡང་ཁྱབ་འགྱེད་ཀྱི་ནུས་པ་ཐོན་ཡོད། མི་དུང་ཕྱུར་3གྱི་ཁྲོད་དུ་གངས་འཁྱགས་ལུས་རྩལ་ཁྱབ་གདལ་བཏང་སྟེ་རང་རྒྱལ་གྱི་རྩལ་འགྲན་ལུས་རྩལ་ལེགས་པ་དང་མང་ཚོགས་ཀྱི་ལུས་རྩལ་ཞན་པ། རྩལ་འགྲན་ལུས་རྩལ་ཁྲོད་ཀྱི་“དབྱར་དྲག་དགུན་ཞན་”དང་“འཁྱག་དྲག་གངས་ཞན་”སོགས་ཀྱི་གནད་དོན་ཐག་གཅོད་བྱས་ཡོད། 2008ལོའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ར་ཁྱོན་བསྡོམས་14ཡི་ཤུལ་བེད་སྤྱད་པ་དང་གསར་དུ་བསྐྲུན་པའི་འགྲན་ར་ནི་ཐོག་མ་ནས་འགྲན་བསྡུར་མཇུག་འགྲིལ་རྗེས་བེད་སྤྱོད་གཏོང་བའི་དགོས་མཁོར་བསམ་གཞིག་གང་ལེགས་བྱས།

སྐབས་76པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་གྱི་ཀྲུའུ་ཞི་ཧྲ་ཞི་ཏེས་“པེ་ཅིན་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱིས་མིའི་རིགས་ཀྱི་མཉེན་ཆ་དང་། མཐུན་སྒྲིལ། བདེ་སྐྱིད་ལ་བཅངས་པའི་རེ་སྙེག་བཅས་མངོན་པར་ཕན་ཐོགས་ཡོད། དེ་ནི་ས་བབ་ཐད་ཀྱི་ཆབ་སྲིད་ལས་བརྒལ་ནས་གོ་ལ་ཧྲིལ་པོའི་མཐུན་སྒྲིལ་དང་། ཞི་བདེ། མིའི་རིགས་ཀྱི་གསར་གཏོད་ནུས་པ་བཅས་ལ་སྐུལ་འདེད་གཏོང་བའི་གོ་སྐབས་གལ་ཆེན་ཞིག་རེད་”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།

“ལུས་རྩལ་སྙིང་སྟོབས་ནི་ཀྲུང་གོའི་སྙིང་སྟོབས་ཀྱི་མཚོན་ཚུལ་ཞིག་རེད།” པེ་ཅིན་དགུན་དུས་ཨོ་ལིམ་ཕིག་ལུས་རྩལ་འགྲན་ཚོགས་ཀྱིས་ཀྲུང་གོའི་མི་དམངས་ལ་བརྩེ་སེམས་ཀྱི་སྐུལ་རེས་ཟབ་མོ་ཞིག་སྤྲད་ཡོད་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཚ་ཚ་འུར་འུར་གྱི་གསར་གཏོད་སྙིང་སྟོབས་རླབས་པོ་ཆེ་དང་། འབད་འཐབ་སྙིང་སྟོབས་རླབས་པོ་ཆེ། མཐུན་སྒྲིལ་སྙིང་སྟོབས་རླབས་པོ་ཆེ། ཕུགས་འདུན་སྙིང་སྟོབས་རླབས་པོ་ཆེ་བཅས་ཀྱིས་དུས་རབས་ཀྱི་གཟི་བརྗིད་གསར་པ་བཏོད་པས། མི་རིགས་ཀྱི་སྤོབས་སེམས་ཆེས་ཆེར་འཕེལ་བ་དང་། མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་པ། མི་རིགས་ཀྱི་སྙིང་སྟོབས་འཕེལ་བ་བཅས་བྱས་ཡོད་ལ། ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་དེ་བས་རང་འགུལ་གྱི་བསམ་པའི་སྟོབས་ཤུགས་ཤིག་སྐྱེ་བ་དང་། དེ་བས་བརྗིད་རྔམ་ལྡན་པའི་འབད་འབུངས་སྟོབས་ཤུགས་ཤིག་ཆགས་པ་བྱེད་ངེས་རེད།

ལྷག་པ་ཚེ་རིང་གིས་བསྒྱུར།

 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1