གཙང་གསུམ་ཆུ་འགོའི་ས་ཁུལ་ནི་མཚོ་བོད་མཐོ་སྒང་གི་དབུས་སུ་གནས་པ་དང་རང་རྒྱལ་གྱི་ཚྭ་མེད་ཆུའི་འབྱུང་ཁུངས་གལ་ཆེ་ཤོས་དེ་ཡིན། འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཆུ་བོ་གསུམ་གྱི་ཆུ་འགོ་ལ་“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་”ཅེས་བརྗོད་པ་དང་། དེ་ནི་འཛམ་གླིང་ཐོག་མཐོ་སྒང་འདམ་རའི་སྐྱེ་ཁམས་མ་ལག་གཅིག་པུ་དེ་ཡིན་པས་རང་རྒྱལ་གྱི་ཧ་ཅང་གལ་ཆེ་བའི་སྐྱེ་ཁམས་སྲུང་ཡོལ་ཞིག་རེད།
“རྒྱལ་ཁའི་ངང་ཕྱིར་ལོག་པ།” 2021ལོའི་ཟླ་12པར་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ཆུ་དམར་ལེབ་རྫོང་མཚོ་ཁྲི་གྲོང་ཚོའི་གངས་རིའི་བྲག་སྒོག་སྟེང་ནས་གསའ་གཅིག་གིས་ས་གཞི་ཆེན་མོར་ཐུར་ལྟ་བྱེད་བཞིན་ཡོད། པར་རིས་དེ་ལ་དྲ་ཐོག་ནས་ལྟད་མོ་བ་མང་པོ་ཞིག་བྱུང་ཡོད།
གསའ་ལ་“ས་བབ་མཐོ་བའི་སྐྱེ་ཁམས་མ་ལག་བདེ་ཐང་ཡིན་མིན་གྱི་རླུང་གནོན་འཇལ་ཆས་”ཞེས་བརྗོད་སྲོལ་ཡོད། གནམ་གཤིས་འགྱུར་ལྡོག་དང་མིའི་རིགས་ཀྱི་བྱེད་སྒོའི་ཐུན་མོང་གི་ཤུགས་རྐྱེན་འོག་དུས་རབས་20པའི་དུས་དཀྱིལ་ནས་བཟུང་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་གངས་ཐིག་དང་འཁྱགས་རོམ་ལོ་རེ་བཞིན་ཆུང་དུ་ཕྱིན་པ་དང་། རྩྭ་ཐང་དང་མཚེའུ་དང་འདམ་རའི་རྒྱ་ཁྱོན་ཆུང་དུ་ཕྱིན་ལ། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གཞི་ཁྱོན་ཆེན་པོས་མེད་པར་གྱུར་དང་འགྱུར་བཞིན་ཡོད། མཐོ་སྒང་སྐྱེ་ཁམས་བཟའ་བཅའི་ཕྲེང་རྩེར་གནས་པའི་གསའ་ནི་དེ་བས་ཀྱང་སྟོངས་ཉེར་འགྲོ་བཞིན་ཡོད་པ་རེད།
2016ལོའི་ཟླ་8ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་ཕེབས་པ་དང་། རྣམ་སྲས་རྫ་ཆུའི་གྲོག་རོང་ཆེན་པོའི་གཟིགས་ཞིབ་ས་ཚིགས་དང་བརྙན་ལམ་སྦྲེལ་མཐུད་གནང་ནས་“རྫ་སྟོད་རྫོང་དུ་གསའ་ག་ཚོད་ཡོད་དམ།” “སྐྱེ་ཁམས་སླར་གསོའི་གནས་ཚུལ་གང་འདྲ་འདུག་གམ།” “སྐྱེ་ཁམས་དོ་དམ་སྲུང་སྐྱོང་པའི་སྟོབས་ཤུགས་བཀོད་སྒྲིག་བྱས་ཚུལ་ཇི་འདྲ་ཡིན་ནམ་”ཞེས་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། 2021ལོའི་ཟླ་3ཚེས་7ཉིན། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་བྱེད་ཡུལ་དུ་འཐུས་མི་ཁུང་ཆིང་ཅུས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལགས་ལ་གསའ་དང་བྱེ་ཐང་བྱི་ལའི་པར་རིས་བསྟན་ནས་གཙང་གསུམ་ཆུ་འགོའི་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་མངོན་གསལ་དོད་པོས་ལེགས་སུ་ཕྱིན་ཡོད་ཚུལ་ངོ་སྤྲོད་བྱས་པ་རེད། མིག་སྔར་འཛམ་གླིང་ཡོངས་སུ་གསའ་5000ཙམ་ཡོད་པ་དང་60%ཡན་རང་རྒྱལ་དུ་ཁྱབ་ཡོད། ལོ་ལྟར་ཟླ་10ཚེས་23ཉིན་གྱི་རྒྱལ་སྤྱིའི་གསའ་ཉིན་མོར། གངས་ལྗོངས་ཀྱི་གཅེས་སྲོག་དེ་ནི་འཛམ་གླིང་རིམ་པའི་“སྤྲིན་ཚོམ་གསོ་ཚགས་ཀྱི་དྲ་ཐོག་གྲགས་ཅན་”དུ་གྱུར།
བརྗོད་དོན་གཅིག་ལ་ལོ་5འདས་རྗེས་ཡུལ་དུས་ལས་བརྒལ་བའི་གླེང་མོལ་བྱུང་བ་ནི་གོང་འོག་ཀུན་གྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་ཚད་མཐོའི་མཐོང་ཆེན་དང་འབད་བརྩོན་ལྷོད་མེད་བྱས་པའི་རྐྱེན་གྱིས་རེད་ལ། དེས་གཙང་གསུམ་ཆུ་འགོའི་སྐྱེ་ཁམས་མ་ལག་ཁྱོན་ཡོངས་ནས་ཉམས་གསོ་བྱས་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་མཚོན་ཡོད།
སྔོན་ཆད་ཀྱི་“གངས་རིའི་དབེན་པ་”དེ། ད་ལྟ་“རྒྱལ་ཁའི་ངང་ཕྱིར་ལོག་པ་”རེད།
“སྲུང་སྐྱོང་བྱེད་རྒྱུ་ནི་གནམ་ལས་ཆེ་བ་ཡོད།” ཁྲི་འདུ་རྫོང་གི་རྒྱ་ཐང་རྩྭ་ཐང་དུ་ཁམས་པའི་ཕོ་རྒོད་ཅིག་ལ་འཕུར་མི་ཤེས་པའི་ཁྲུང་ཁྲུང་སྐེ་ནག་ཅེས་བརྗོད་ཀྱི་ཡོད། ཁོས་ལོ་རེའི་དཔྱིད་ཀར་ཁྲུང་ཁྲུང་སྐེ་ནག་ཐེངས་དང་པོ་བབས་ཐུབ་པའི་དུས་ཚོད་གནད་ལ་འཁེལ་བ་ཤེས་ཀྱི་ཡོད་པ་དང་། ཁྲུང་ཁྲུང་ཁྱུ་གཅིག་ཞོགས་པར་གང་ནས་ཟས་འཚོལ་བ་དང་། དགོང་མོ་གང་ནས་ངལ་གསོ་བ། ག་དུས་རླུང་དང་བསྟུན་ནས་ཞབས་བྲོ་འཁྲབ་པ་དང་སྒྲོ་སྒྲོ་འཕྱར་བར་དགའ་བ། ཁྲུང་ཁྲུང་གི་ཁྱུ་དང་ཐག་ཇི་ཙམ་ཉེ་ཚེ་ཁོ་ཚོ་ཟིང་ལོང་ལོང་བྱེད་པ་སོགས། ཁྲུང་ཁྲུང་སྐེ་ནག་ནི་གནམ་ལ་ཡོད་པ་དང་། ཁོ་ནི་ས་ལ་ཡོད། ཁོ་ཚོ་མཉམ་དུ་འགྲོགས་ནས་འགྲོ་བཞིན་ཡོད།
ཁོའི་མིང་ལ་ཚེ་འཕེལ་ཟེར་བ་དང་། ད་ལོ་ནི་ལོ་41ལ་སླེབས་ཡོད། ཁོའི་ཁ་སྤུ་རིང་ལ་ངོ་གདོང་ནག་པོར་གྱུར་ནས་རྡོ་སོལ་རིལ་བུ་ལྟར་གྱུར་ཡོད། ཚེ་འཕེལ་ནི་ཁྲུང་ཁྲུང་སྐེ་ནག་གི་མཛའ་གྲོགས་ཡིན་ལ་ཐུན་མོང་གི་ཁྱིམ་གཞིས་སྲུང་མཁན་ཞིག་ཀྱང་རེད། ང་ཚོས་ཁོ་བཙལ་ནས་རྙེད་པའི་སྐབས་སུ། ཁོས་ལུས་པོ་སྒུར་ནས་ལག་པ་སྦོམ་པོ་ཞིག་གིས་བཏུང་བྱའི་དམ་བེ་དང་གད་སྙིགས་ཀྱི་ཁུག་མ་སྒྲུག་པ་དང་། དེ་ནས་ཐག་པས་མཉམ་དུ་བསྡམས་ཏེ་སྐེད་པར་འཐམ་བཞིན་འདུག ཉེ་འགྲམ་གྱི་ཡུལ་མི་ཚོས་ཁོས་ཉིན་ལྟར་སྔ་མོ་ཉི་མ་ཤར་དུས་ནས་འཁོར་ལོ་བཞི་ཅན་གྱི་རླངས་འཁོར་བཏང་ནས་རྩྭ་ཐང་དང་། གཞུང་ལམ། ཆུ་ལམ་བཅས་སུ་གད་སྙིགས་གཙང་སེལ་བྱེད་པར་འགྲོ་བ་དང་ལོ་བཅུ་ཁ་ཉིན་གཅིག་ལྟར་བྱེད་ཀྱི་ཡོད་ཅེས་བཤད། ཁོའི་འབོད་སྐུལ་འོག་བུ་ཕྲུག་5ཡང་དེའི་ནང་ཞུགས་ཡོད་པ་རེད། བུ་མོ་ཆུང་ཤོས་ཀུན་མཆོག་ལྷ་མོ་ཡིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛིན་གྲྭ་ཡོངས་ཀྱི་སློབ་གྲོགས་ཚོར་“ཁོར་ཡུག་སྲུང་སྐྱོང་གི་དང་བླངས་པ་ཚོགས་པ་ཆུང་ཆུང་”འཛུགས་རྒྱུར་སྣེ་ཁྲིད་བྱས་ཏེ་2021ལོར་རྒྱལ་ཡོངས་ཀྱི་“དུས་རབས་གསར་པའི་ལོ་ཆུང་བཟང་པོ་”ཞེས་པའི་མཚན་སྙན་ཐོབ་པ་རེད།
“གཙང་གསུམ་ཆུ་འགོར་ཚེ་འཕེལ་ཕ་དང་བུ་མོ་ལྟ་བུ་བགྲང་གིས་མི་ལངས་པ་ཡོད།” ཡུལ་ཤུལ་ཁུལ་ཨུ་དྲིལ་བསྒྲགས་པུའུ་ཏ་ཀྲུང་ལུའུ་ཡིས་“སྐྱེ་ཁམས་བདག་སྐྱོང་པ་17211དང་ས་གནས་དེའི་མང་ཚོགས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་ཁྲོད་གཞན་གྱིས་ཚབ་བྱས་མི་ཐུབ་པའི་གཙོ་ཤུགས་ནུས་པ་འདོན་བཞིན་ཡོད་”ཅེས་བཤད། མི་རབས་ནས་མི་རབས་བར་ས་གཞི་དེའི་ཐོག་འཚོ་བ་སྐྱེལ་བཞིན་པའི་འབྲོག་པ་དེ་བས་མང་པོ་ཞིག་གིས་ཕྱུགས་འཚོ་མཚམས་བཞག་ནས་དཔུང་རྟགས་བཏགས་ཏེ་རྩྭ་ཐང་སྤྱོད་མཁན་ནས་ཐུན་མོང་གི་ཁྱིམ་གཞིས་སྲུང་མཁན་དུ་གྱུར་ཡོད།
ཁོང་ཚོས་རྟག་ཏུ་བཤད་པ་སྟེ། “སྲུང་སྐྱོང་བྱེད་རྒྱུ་ནི་གནམ་ལས་ཆེ་བ་ཡོད།”
“མི་དང་རི་སྔོན་གཉིས་ཀས་སྟོང་ཟད་དུ་མི་གཏོང་།” གཙང་པོ་དང་ཆུ་བོའི་འགོ་ཁུངས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་ས་གཞི་ཆེན་མོར་བསྐྱོད་པ་དང་། རྒྱང་རིང་གི་རི་བོ་དང་། འཁྱགས་རོམ། མཚེའུ། འབྲོག་ར། འདབ་ཆགས་ཁྱུ་དང་ཁྱུ་བཅས་མཐོང་ཚེ། རང་བྱུང་ཁམས་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྣམ་པ་དང་། བརྗིད་ཆགས། བརྗིད་ཉམས་བཅས་ཀྱིས་རང་དབང་མེད་པར་ཡིད་དབང་འཕྲོག་སོང་།
རང་བྱུང་ཁམས་དང་ང་རང་ཚོའི་བར་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་བར་གྱི་འབྲེལ་བ་ཡང་སྙིང་ཅི་འདྲ་ཞིག་ཡིན་ནམ། མིའི་རིགས་ཀྱི་ཤེས་རིག་འཕེལ་རྒྱས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་སྲུང་སྐྱོང་དང་འཕེལ་རྒྱས་ལ་ལྟ་རྟོག་ཇི་ལྟར་འཛིན་ན་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་བྱེད་ཐུབ་བམ།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་2016ལོ་དང་2021ལོར་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་མཚོ་སྔོན་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཐེངས་གཉིས་ཞུགས་པ་དང་། དེ་བཞིན་མཚོ་སྔོན་དུ་རྟོག་ཞིབ་ཐེངས་གཉིས་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་ལ་ཕྱིར་དྲན་བྱེད་སྐབས་དྲིས་ལན་གསལ་པོ་རྟོགས་ཐུབ། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་ནི་“རྒྱལ་ཁབ་ཀྱི་དོན་ཆེན་”ཡིན། མཚོ་སྔོན་གྱི་རིན་ཐང་ཆེ་ཤོས་ནི་སྐྱེ་ཁམས་ཡིན་པ་དང་། འགན་འཁྲི་ཆེ་ཤོས་ནི་སྐྱེ་ཁམས་ལ་རག་ལས་ལ། བག་ཉལ་སྟོབས་ཤུགས་ཆེ་ཤོས་ཀྱང་སྐྱེ་ཁམས་ལ་རག་ལས་ཡོད། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག་”ནི་རྒྱལ་ཁབ་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པས་གཙང་གསུམ་ཆུ་འགོ་སྲུང་སྐྱོང་ཡག་པོ་བྱེད་རྒྱུ་དེ་ཀྲུང་ཧྭ་མི་རིགས་འཕེལ་རྒྱས་གཏོང་བའི་ངོས་ནས་བརྗོད་ན་ཧ་ཅང་གལ་ཆེ་བ་ཞིག་རེད། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་ལ་མུ་མཐུད་དུ་སྐུལ་འདེད་གཏོང་དགོས་ཞེས་པ་སོགས། བརྡར་གཅོད་གལ་ཆེན་དང་བླང་བྱ་འདི་དག་གིས་ངེས་གནས་གཏན་འཁེལ་དང་། ཁ་ཕྱོགས་གསལ་སྟོན། ཐབས་ཤེས་འདོན་པ་བཅས་བྱས་ཡོད།
གཙང་གསུམ་ཆུ་འགོའི་རྒྱལ་ཁབ་སྤྱི་གླིང་ནི་རང་རྒྱལ་གྱི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་ཚོད་ལྟ་བྱེད་ཡུལ་དང་པོ་དེ་ཡིན་པ་དང་། ས་ནག་ཐང་ཕྱོགས་བསྡུས་བཅོས་སྒྲིག་དང་། ཞན་འགྱུར་རྩྭ་ར་ལེགས་བཅོས། བྱེ་འགྱུར་ས་ཆ་བཅོས་སྐྱོང་། ཆུ་འགོ་གསོ་སྐྱོང་སོགས་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོ་བྱེད་པའི་ལས་གཞི་ལག་བསྟར་བརྒྱུད། གཙང་གསུམ་ཆུ་འགོའི་སྐྱེ་ཁམས་མ་ལག་ཉམས་ཞན་དུ་འགྲོ་ཚུལ་གཞི་རྩའི་ཆ་ནས་བཀག་འགོག་ཐུབ་པ་དང་། རྩྭ་ཐང་གི་སྔོ་ཁེབས་ཁྱབ་ཚད་དང་རྩྭ་ཐོན་ཚད་ལོ་10ཡི་སྔོན་ལས་སོ་སོར་11%དང་30%ཡན་འཕར་བ། ཆུ་དང་འདམ་རའི་སྐྱེ་ཁམས་མ་ལག་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་308.91མང་དུ་ཕྱིན་པ་བཅས་ལ་བརྟེན་ནས། གཙང་གསུམ་ཆུ་འགོའི་མཚེའུ་སྟོང་གི་མཛེས་ལྗོངས་སླར་ཡང་མངོན་པ་རེད།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཁྲོད་རང་རྒྱལ་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་བོར་བྱེད་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་མགྱོགས་མྱུར་བསྐྲུན་ནས། རིམ་པ་བཞིན་དུ་རང་བྱུང་སྐྱེ་ཁམས་མ་ལག་གི་གལ་ཆེ་ཤོས་དང་། རང་བྱུང་མཛེས་ལྗོངས་ཀྱི་དམིགས་བསལ་ཆེ་ཤོས། རང་བྱུང་ཤུལ་བཞག་གི་ཉིང་བཅུད་ཆེ་ཤོས། སྐྱེ་དངོས་སྣ་མང་རང་བཞིན་མང་ཆེ་ཤོས་བཅས་ཀྱི་ས་ཁོངས་རྣམས་རྒྱལ་ཁབ་སྤྱི་གླིང་གི་མ་ལག་ནང་འཇུག་རྒྱུ་རེད། ཁག་དང་པོར་བཙུགས་པའི་གཙང་གསུམ་ཆུ་འགོ་སོགས་རྒྱལ་ཁབ་སྤྱི་གླིང་5ཡི་སྲུང་སྐྱོང་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི་23ཟིན་པ་དང་། སྐམ་ས་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོང་བྱེད་པའི་རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་རིགས་30%ལ་ཉེ་བ་ཞིག་ནང་དུ་ཚུད་ཡོད། རི་སྔོ་ཆུ་དྭངས་དང་རི་ཀླུང་རི་མོ་ལྟ་བུའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཀྲུང་ཧྭའི་ས་གཞི་ཆེན་མོའི་སྟེང་རིམ་གྱིས་མངོན་བཞིན་ཡོད།
གསར་འགོད་པའི་ལག་བྲིས།
གཙང་གསུམ་ཆུ་འགོར་སྐྱོད་སྐབས། ང་ཚོས་“སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་རྒྱུ་དེ་མིའི་རིགས་ཀྱི་འབྱུང་འགྱུར་དང་འབྲེལ་བ་ཡོད་”ཅེས་པའི་གོ་དོན་ལ་སྔར་བས་མྱོང་ཚོར་ཟབ་མོ་ལེན་ཐུབ། མི་ཡིས་རི་སྔོན་ལ་མ་གནོད་ན། རི་སྔོན་གྱིས་མི་ལ་གནོད་མི་སྲིད།
གཙང་གསུམ་ཆུ་འགོའི་སྐྱེ་ཁམས་མ་ལག་གི་ཞབས་ཞུའི་ནུས་པ་དང་། རང་བྱུང་མཛེས་ལྗོངས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ནི་ཀྲུང་གོ་དང་། ཨ་ཤེ་ཡ། ཐ་ན་གོ་ལ་ཧྲིལ་པོ་བཅས་ཀྱི་ངོས་ནས་བརྗོད་ན་དོན་སྙིང་ཧ་ཅང་གལ་ཆེན་ལྡན་ཡོད་པ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་མཛུབ་སྟོན་འོག་རྒྱལ་ཁབ་སྤྱི་གླིང་འཛུགས་པ་སོགས་ཀྱི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་ནས་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་ཀྱི་ཆུ་འགོའི་སྤྱི་ཡོངས་ཀྱི་སྲུང་སྐྱོང་མངོན་འགྱུར་བྱུང་བ་དང་། “གོ་ལའི་སྣེ་གསུམ་པའི་མཚོ་བོད་མཐོ་སྒང་གི་མཐོ་གྲང་སྐྱེ་ཁམས་མ་ལག་སྲུང་སྐྱོང་རྒྱ་ཆེར་བྱས་པའི་དཔེ་མཚོན་”ཞེས་ཀྱང་བརྗོད་ཀྱི་ཡོད། དེ་ནི་ཀྲུང་གོའི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ཐད་ལོ་རྒྱུས་རང་བཞིན་དང་། ཕྱོགས་སྒྱུར་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འཕོ་འགྱུར་བྱུང་བའི་བསྡུས་རིས་ཤིག་དང་། མིའི་རིགས་ཀྱི་དཔལ་ཡོན་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱེད་པའི་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཤིག ང་ཚོ་འཚོ་གནས་བྱེད་པའི་སའི་གོ་ལའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་བཅས་རེད།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས།
འབྲུག་ཕྱུག་ཚེ་རིང་གིས་བསྒྱུར།