༄༅།།ཁམས་ལི་ཐང་སྤོ་བོ་ཡུལ།

ལྟག་ཨོ་རྒྱན་ཆོས་འཕེལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཁམས་པའི་རིག་གནས་དྲ་བ། སྤེལ་དུས། 05-16


    སྤོ་བོ་དང་སྤོ་ཁོག་ཅེས་འབོད་པའི་ཡུལ་ནི་ཁམས་ལི་ཐང་ཀཾ་པོ་གངས་ཀྱི་ར་བའི་ལྷོ་ནུབ་ཀྱི་མཚམས་སུ་ཡོད།དེང་སང་འབའ་ཐང་རྫོང་གི་ཁོངས་སུ་གཏོགས།༼  སྤོ་བོ༽ ལ་སྤོ་སྟོད་དང་སྤོ་སྨད་ཅེས་གཉིས་སུ་བགོས།སྔོན་གྱི་ལུགས་བཞིན་སྤོ་བོའི་གྲྭ་པ་རྣམས་ཀཾ་པོ་གནས་སྒོ་དགོན་གྱི་ཚོགས་ཆོས་སུ་ཕེབས་སྲོལ་ཡོད།  སྤོ་ཡུལ་ནི་སྦས་པའི་ཞིང་ཁམས་ལྟར།  རི་ཀླུང་གི་བཀོད་པ་མཛེས་པའི་དཀྱིལ་དུ་རིན་པོ་ཆེ་ཡི་གཏེར་ཁ་དང་།མེ་ཏོག་དང་འབྲས་བུ་མང་པོ་དང་།སྨན་རིགས་སྣ་ཚོགས་ཀྱི་དྲི་མ་གང་སར་ཁྱབ།ལྷག་པར་དུ་བྱ་བྱེའུ་ཚོགས་ཀྱི་སྐད་སྙན་དང་འགྲོགས་པའི་རི་དྭགས་དང་གཅན་གཟན་རྣམས་བག་ཕེབས་སུ་རྒྱུ་བ་བཅས་དགེ་བའི་ཡུལ་ལུང་ངོ་མཚར་བ་ཞིག་གོ།།   དེ་རིང་ཀཾ་པོ་གནས་ཀྱི་ལྷ་ལུང༼  སྤོ་བོ༽ ཞེས་གསོལ་བའི་ཡུལ་འདི་དམིགས་སུ་བཤད་འདོད་པ་ནི།  སྔར་ཡིག་ཚགས་སུ་མ་མཐོང་ལ་ཁ་རྒྱུན་དུ་ཡོད་པའི་ངོ་མཚར་བའི་གཏམ་རྒྱུད་ཅིག་ཡིན།  ཤོད་སྲོལ་དུ་གནའ་སྔ་མོ་ཞིག་ལ་སྤོ་བོའི་ཡུལ་འདི་རུ་སྤོ་རྒྱལ་ཆེན་པོ་བཞུགས་ཏེ། དེ་ལ་ཕོ་རྩལ་སྣ་དགུ་དང་། ཡོན་ཏན་ཅི་རིགས་འཛོམས་པའི་སྲས་སྟོབས་དང་ལྡན་པ་ཞིག་འཁྲུངས།  རྒྱལ་བུ་དེ་ནར་སོན་རྗེས་ཕ་མེས་ཀྱི་ལུང་བསྟན་བཞིན་དུ་སྟེང་ལྷ་ཡུལ་དུ་རིན་ཆེན་གསེར་ལེན་དུ་འགྲོ་འདོད་དེ།ཡབ་ཆེན་ལ་བཀའ་ཞུས།  སྤོ་རྒྱལ་གྱི་སེམས་ནང་།  ངའི་བུ་འདི་ནི་ཐབས་དང་དཔྱད་པ་གཉིས་འཛོམས་པས།  ད་ལྟ་ཡང་རྒྱང་རིང་དུ་བཞུད་པའི་སྤོབས་པ་དང་སྙིང་སྟོབས་ཡོད་པ་ལ་དགའ་དང་ཡིད་མགུ་སྟེ།  གཅེས་པའི་བུ་ལ།  གནའ་དུས་ཁྱུང་ཆེན་གྱིས་ནམ་འཕང་གཅོད་དེ་གནམ་སའི་ཁ་ཕྱེ་བ་ཡོད།མ་འོངས་པར་བུ་ཁྱོད་ཀྱིས་འཇིག་རྟེན་ཐམས་ཅད་དབང་དུ་བསྒྱུར་བར་ཤོག་ཅེས་སྨོན་ལམ་བཏབ་བོ།།  དེ་ནས་རྒྱལ་བུས་དམག་སྟོང་སྐོར་ཁྲིད་དེ་གཙང་པོའི་རྒྱུན་དེད་དེ་ཡར་ཀླུང་བཙན་ཐང་གོང་མའི་རི་ལ་འབྱོར།   ཡུལ་དེའི་བཀོད་པ་མཐོང་བ་དང་འདི་ནི་ཕ་མེས་ཀྱི་ལུང་བསྟན་ནས་བྱུང་བའི་གསེར་ལུང་ཡིན་པ་ཤེས་ཏེ་གནས་དེའི་བདག་པོ་བྱས།  ཡུལ་དེའི་འབངས་མི་རྣམས་ཀྱིས་གཟི་སྟོབས་ལྡན་པའི་རྒྱལ་སྲས་འདི་མཐོང་བ་དང་ལྷད་མེད་ཀྱི་དད་པ་འཁྲུངས་ཏེ།   གཉའ་བར་ཁྲི་བྱས་ཏེ་འཛམ་གླིང་གི་རྒྱལ་པོ་རུ་གསོལ་ལོ།།དེ་ལ་གཉའ་ཁྲི་བཙན་པོ་ཞེས་བོད་ཀྱི་རྒྱལ་པོ་སྔ་བ་དེ་ཡིན་སྐད།   རྗེས་སོར་སྤོ་བོའི་ཡུལ་གྱི་བགྲེས་སོང་འགས།གནའ་སྔ་མོའི་དུས་སུ་ལོ་ལྟར་ཡར་ཀླུངས་ཀྱི་ཡུལ་ནས་ཀཾ་པོ་གངས་ཀྱི་ར་བའི་སྤོ་ཡུལ་དུ་ས་གསོལ་མཁན་གྱི་བློན་པོ་དང་དམག་རྣམས་ཡོང་བར་བཤད་དོ།།  དགེའོ།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1