༄༅།། བོད་ལུགས་གསོ་རིག་ལས་ལུས་སེམས་དང་འབྲེལ་བའི་སྒོ་ནས་ཚེ་བསྲིང་བའི་ཐབས།

ཨུ་རྒྱན་འཚོ། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-16



ཨུ་རྒྱན་འཚོ། སྡེ་དགེ་རྫོང་སྨན་རྩིས་ཁང་། 


 ཇི་ལྟར་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས། །

 མ་རིག་ལྡན་པའི་འགྲོ་བའི་བློ་ངོ་ཡི། །

 དུག་ལྔའི་རྟོག་པ་གཅིག་ཅར་འཇོམས་མཛད་པའི། །

 གཡུ་ཐོག་ཟུང་དང་མེས་པོ་བཅས་རྣམས་བསྟོད། །

 འགྲོ་དྲུག་གཙོ་བོར་གྱུར་པའི་མི་ལུས་ལ། །

 ན་བར་མེད་པ་ཡུན་དུ་གནས་པ་དང་། །

 ཇི་སྲིད་བར་དུ་ཚེ་སྲོག་བརྟན་པའི་ཕྱིར། །

 བླང་དོར་གནད་ཀྱི་སྒྲོན་མེ་འདི་རུ་བསྟན། །

        དེ་ཡང་སྤྱི་ཚེ་ཞེས་པ་མི་སྐྱེས་ནས་མ་འཆི་བའི་བར་གྱི་དུས་ཡུན་དེར་བྱ་སྟེ། དེ་ཡང་ཚེ་བསྲིང་བ་ཞེས་དུས་ཡུན་དེ་ཡུན་ཇེ་རིང་དུ་བཏང་བ་ཞིག་གི་དོན་དང་། དེ་ལྟར་བཤད་པའི་ཚེ་དེ་ཡུན་རིང་དུ་གནས་དགོས་ན་ཐོག་མར་ཟས་སྤྱོད་ཀྱི་འཕྲོད་བསྟེན་ལ་སྤང་བླངས་ལེགས་པོ་ཞིག་ཤེས་དགོས་ཤིང་དེ་ལྟར་མ་ཡིན་པ་ཟས་སྤྱོད་ཀྱི་སྤང་བླངས་ལ་འཕྲོད་བསྟེན་ལེགས་པོ་མེད་ན་ཚེ་རིང་བར་འདོད་པ་ནི་མོ་གཤམ་གྱི་བུ་དང་རི་བོང་གི་རྭ་ནམ་མཁའི་མེ་ཏོག་ཇི་བཞིན་ནོ། ཚེ་རིང་བའམ་ཚེ་བསྲིང་བའི་ཐབས་དེ་ལ་ཡང་ལུས་ཀྱི་སྒོ་ནས་ཚེ་བསྲིང་བ་དང་སེམས་ཀྱི་སྒོ་ནས་ཚེ་བསྲིང་བ་བཅས་གཉིས་ཡོད་པ་ལས།


 དང་པོ་ལུས་ཀྱི་ནད་གསོ་ཐབས།


 1.ཟས་སྐོམ།

        ནད་ལ་གསོ་བར་བྱེད་པའི་གཉེན་པོ་བཞི་ཡི་ཡ་གྱལ་ལུས་སྲོག་འཚོ་ཞིང་ལུས་ཟུངས་འཕེལ་བར་བྱེད་པའི་རོ་དྲུག་གི་བདག་ཉིད་ཅན་གྱི་ཟས་སྐོམ་གང་ཡང་ཟས་ཀྱི་གཡོ་སྦྱོར་ལ་མཁས་པ་ཞིག་ནི་གཙོ་གནད་ཅིག་ཡིན་པ་དང་། རྒྱུད་ལས། ཟས་སྐོམ་ལེགས་སྤྱད་ལུས་དང་སྲོག་འཚོ་ཞིང་། །དམན་ལྷག་ལོག་གྱུར་ནད་སྐྱེད་འཕྲལ་སྲོག་འཇོམས། །དེ་ཕྱིར་ཟས་སྐོམ་སྦྱོར་བ་མཁས་པར་གཅེས། །ཞེས་དང་། ཟས་སྐོམ་ལེགས་པར་སྤྱད་ན་ལུས་སྲོག་ཡུན་རིང་དུ་གནས་པ་དང་།ལུས་སེམས་ལྷན་ཅིག་ཏུ་འཚོ་བ་ནི་ལུས་ཀྱི་ཁམས་སྙོམས་བྱེད་ཀྱི་ལུས་ཟུངས་ལ་རག་ལས་ཤིང་ལུས་ཟུངས་སྨིན་དགོས་ན་དེ་སྐྱེད་བྱེད་ཀྱི་མེ་དྲོད་ལ་བསྟེན་དགོས།མེ་དྲོད་དེ་ཡང་ཟས་སྐོམ་གྱི་སྦྱོར་བ་ལ་རག་ལས་པ་ཡིན་ནོ། དེ་ལྟར་བཤད་པའི་ཟས་སྐོམ་དེ་ཡང་མ་རུལ་མ་རྙིང་པ་གསར་བཅུད་ལྡན་པའི་དུས་སུ་ཟ་དགོས་ལ། རྒྱུན་དུ་ཤིང་ཏོག་དང་སྔོ་ཚལ་སོས་པ་མང་དུ་བསྟེན་ཞིང་འབྲུ་ཡི་རིགས་ཀྱང་མང་པོ་ཟ་བ་དང་། གཞན་ཤ་དང་ཚིལ་སོགས་སྣུམ་ཞག་ཆེ་བའི་རིགས་དང་ཅུང་ཟད་བསྟེན་པ་ལས་ཧ་ཅང་བཅུད་ཆེ་བའི་རིགས་བསྟེན་དྲགས་ན་ཕོ་བ་དང་རྒྱུ་མའི་ནུས་འགུལ་དང་ཟག་ཐོན་ནུས་པ་ཤུགས་རྐྱེན་ཡོང་སླ་བས་ཟས་སྐོམ་བསྟེན་པའི་དུས་ཚོད་གཏན་འཁེལ་དང་འབོར་ཚད་གཏན་འཁེལ་བྱས་ཏེ་དུས་མིན་གྱི་ཟས་མི་བཟའ་བར་ཟས་སྣེ་མང་ཙམ་དང་། ཚ་གྲང་རན་པོ། སྲ་སྙི་སྙོམས་པ། རྗེན་པ་དང་གྲང་མོ་ཁ་ཚའི་རིགས་དང་དེ་བཞིན་དེང་རབས་གསར་དར་གྱི་ཟས་སྐོམ་སྟེ་རྫས་འགྱུར་གྱིས་ལས་སྣོན་བྱས་པའི་ཟས་སྐོམ་ལ་ཧ་ཅང་འཛེམ་དགོས།ཟས་སྐོམ་གྱི་ཚད་ལ་ཡང་རང་གི་ལྟོ་བའི་ཆ་བཞིར་བགོས་ཏེ་ཆ་གཉིས་ཟས་དང་ཆ་གཅིག་སྐོམ་ཆ་བཞི་བ་རླུང་རྒྱུ་བའི་གནས་སུ་བཞག་དགོས་ལ། རྒྱུད་ལས། ལྟོ་བ་ཆ་གཉིས་ཟས་ལ་ཆ་གཅིག་སྐོམ། །ཆ་བཞི་པ་ནི་རླུང་གི་གནས་སུ་བཞག། ཅེས་པ་ལས་ཀྱང་ཤེས་ནུས་སོ། གཙོ་ཆེ་དུས་དང་རྣམ་པ་ཀུན་ཏུ་ཕོ་བའི་མེ་དྲོད་དང་འཇུ་བྱེད་མ་ལག་ལ་དོ་སྣང་བྱེད་པ་ནི་ཧ་ཅང་གི་གནད་འགག་ཆེ་བ་ཞིག་ཏུ་མཐོང་། རྒྱུ་མཚན་ནི་ཟུངས་བདུན་གྱི་གྲུབ་ཆ་དེ་ལེགས་པོར་སྨིན་དང་མ་སྨིན་པ་དེ་ཕོ་བའི་མེ་དྲོད་ལ་རག་ལས་ཡོད་པའི་ཕྱིར་རོ། དེ་ལྟར་བཤད་པའི་ཟས་སྐོམ་དེ་ཡང་ཞོགས་ཟས་བཅུད་ལྡན་ཟོ། ཉིན་གུང་ལྟོ་བ་རྒྱག་པར་ཟ་དགོས།དགོང་ཟས་ཉུང་དགོས།


 2.སྤྱོད་ལམ།

        སྤྱོད་ལམ་གྱི་ཐད་རྒྱུད་ལས་གསུངས་པ་བཞིན་དབྱར་ལ་གད་སྟེང་དང་དགུན་ལ་ཤིང་སྐམ་སྟེང་འཛེགས་བ་དང་འགྲོ་བ་སོགས་སྤང་དགོས་པ་དང་། དྲག་ཤུལ་བྱེད་ཆེས་པ་དང་ཧ་ཅང་གི་དལ་བར་འདུག་པ་ཡང་དགོས། གཉེན་ཉེ་འཁོར་དང་རང་གི་ཁོར་ཡུག་གི་གྲོགས་དང་འགྲོགས་ཅི་བདེར་བྱ། དུས་རྒྱུན་དུ་ངལ་རྩོལ་དང་ལུས་སྦྱོང་རན་པོ་བྱས་ཚེ་ལུས་པོའི་ཚིགས་ངང་ཤ་རྒྱུས་ཀྱི་བྱ་བ་ལ་སྐུལ་འདེད་ཀྱིས་ལུས་ཀྱི་དབང་པོ་དང་གྲུབ་ཆ་ཁག་གི་བྱེད་ནུས་སླར་གསོ་བྱེད་ཐུབ། གཉིད་ཆག་ན་ལུས་ཁམས་ལ་ཧ་ཅང་གནོད་པས་མཚན་གཉིད་མི་ཆགས་པ་ནི་ཅི་ནས་ཀྱང་གལ་ཆེ།རྒྱུད་ལས། གཉིད་བཀག་གཡལ་མང་ལུས་སྙོམ་མགོ་བོ་ལྕི། །མིག་འགྲིབ་ཁ་ཟས་མི་འཇུ། ཞེས་དང་། གཉིད་ལེགས་པོར་ཁུག་ཐུབ་ཚེ་རྒས་ཀ་སྲ་བ་ཡིན་པས་མཚན་མོར་ཅི་བདེར་གཉིད་ལོག་དགོས། ལྷག་པར་དུ་ལུས་ཟུངས་ཞན་པ་དང་། མྱ་ངན་གྱིས་བཏབ་པ། རླུང་འཕེལ་བའི་ནད། སྙིང་ནད་ཅན། རྩོལ་བས་དུབ་པ།བཅས་དེ་དག་ལ་ཉིན་མོར་གཉིད་ལོག་ན་ལུས་སྣུམ་པར་འགྱུར་བས་ཕན་ནོ། །


 གཉིས་པ་སེམས་ཁམས་ཀྱི་ནད་གསོ་ཐབས།

        སེམས་ཁམས་ཀྱི་ནད་གསོ་ཐབས་འདི་ལ་ཆེས་ལེགས་པ་ནི་ནང་པའི་ཆོས་ཀྱི་ཐབས་ལམ་ལ་བསྟེན་ཏེ་སེམས་ཀྱི་སྤང་བླངས་བསྟེན་པ་གལ་ཆེ། ཞོར་དུ་དེ་མཐུན་གྱི་སེམས་ཁམས་གསོ་ཐབས་ལ་བློ་བག་ཕེབས་པོར་གནས་དགོས་པ་དང་། བློ་རྒྱ་ཆེན་པོ་དང་།སྤྲོ་སྣང་ལྡན་པ། བྱ་བ་གང་ཡང་སྔངས་སྐྲག་མེད་པ། སེམས་ཀྱི་ཁུར་པོ་ཇེ་ཡང་དུ་གཏོང་བ་དང་རང་གི་འདོད་མོས་ཡོད་པའི་ལས་ཀར་སྒྲུབ་པ། ལྷག་པར་སྙིང་ནད་དང་མྱ་ངན་སེམས་ལས་ཅན་གྱི་མིས་རབ་ན་ཞི་གནས་ལ་མཉམ་པར་བཞག་པ་དང་། གཞན་ཡང་གླུ་གཞས་ཉན་པ་དང་། མེ་ཏོག་ལྡུམ་ར་ལྟ་བུའི་གནས་སུ་འགྲོ་འདུག་བྱེད་པ་སོགས་རང་རང་གི་འདོད་པ་དང་བསྟུན་པའི་བྱ་བ་མང་ཙམ་བྱས་ཚེ་ཀླད་པའི་ངར་ཤུགས་དང་སྙིང་གི་བྱེད་ནུས་ཁག་གི་ནུས་པ་ཡར་རྒྱས་ཡོང་བ་དང་། ཁྲག་རླུང་གི་ནད་དང་། ཁྲག་རྩ་སྲ་འགྱུར་ནད།ཀླད་ཁྲག་འཁར་འགག་གི་ནད།ཕོ་རྒྱུའི་འཇུ་ནུས་སོགས་ནད་གཞི་མང་དག་ཅིག་སྔོན་འགོག་ཐུབ། མདོར་ན་རང་འཚོ་གནས་བྱེད་སའི་ཁོར་ཡུག་གཙང་ཞིང་ཉམས་དགའ་བ་དང་། རང་བྱུང་གི་སྐྱེ་དངོས་ཕུན་སུམ་ཚོགས་པ། བྱ་བྱིའུ་སོགས་འདབ་ཆགས་ཀྱི་སྐད་སྙན་པའི་གནས་སུ་འགྲོ་སྡོད་བྱས་ན་སེམས་ཁམས་ཀྱི་འགྱུར་བ་ལ་ཕན་ནུས་ཡག་པོ་ཐོན་པ་ཡིན་པས་ཚེ་རིང་བར་ཕན་ཐོགས་ཆེན་པོ་ཡོད་དོ།


 འགྲོ་མང་སྲོག་གི་ཉེར་འཚོ་རིང་གནས་ཤིང་། །

 ལུས་སེམས་ཟུང་གི་དུཿཁའི་སྡུག་བསྔལ་གྲོལ། །

 མི་ཚེའི་རྒྱུད་རིམ་ཁྲོད་ཀྱི་བྱ་བཞག་ལ། །

 ནད་མེད་ཚེ་རིང་བདེ་སྐྱིད་ལྡན་པར་ཤོག །  


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1