༄༅།། གཙང་གསུམ་འབྱུང་ཡུལ་དུ་ཁྲུང་ཁྲུང་མགོ་ཁྲ་ལ་སྲུང་སྐྱོབ་བཟང་བོ་བྱས་ཡོད།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-16



 

         ཁྲུང་ཁྲུང་མགོ་ཁྲ་ནི་མདོ་དབུས་མཐོ་སྒང་ནས་རྒྱུན་དུ་མཐོང་བའི་དབྱར་ཁའི་དུས་བྱ་ཞིག་ཡིན་ཞིང་། དེ་ཚོ་ནི་མདོ་དབུས་མཐོ་སྒང་གི་མཚེའུ་ཆེ་ཆུང་མང་པོའི་འགྲམ་ངོགས་ན་འཚོ་བཞིན་ཡོད། ཞིབ་འཇུག་ལས་གསལ་བ་ལྟར་ན། ཁྲུང་ཁྲུང་མགོ་ཁྲ་ནི་མཚན་མོ་དང་ཞོགས་པའི་སྐབས་གནས་སྤོར་བྱེད་པར་མ་ཟད། ད་དུང་ཆུ་ཚོད4.5ཡི་ནང་ལ་རི་བོ་ཧི་མ་ལ་ཡའང་བརྒལ་ཐུབ་སྟབས། ཨ་རིའི་རྒྱལ་ཁབ་ས་རྒྱུས་དུས་དེབ་ཀྱིས“འཛམ་གླིང་གི་འཕུར་ཚད་ཆེས་མཐོ་བའི་བྱ་རིགས”ཞེས་འབོད།


        མིག་སྔར། ཁྲུང་ཁྲུང་མགོ་ཁྲ་འདི《འཛམ་གླིང་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་གྱི་སྟོངས་ཉེན་ཡོད་པའི་སྲོག་ཆགས་རིགས་རྒྱུད་ཀྱི་མིང་ཐོ་དམར་པོ》ཡི་ནང་དུ་བཅུག་ཡོད། རང་ཞིང་གི་མངའ་ཁོངས་ཀྱི་མཐོ་སྒང་མཚེའུ་མང་པོ་ནི་ཁྲུང་ཁྲུང་མགོ་ཁྲའི་རིགས་རྒྱུད་གསོ་སྤེལ་གྱི་གནས་གལ་ཆེན་ཞིག་ཡིན་པ་དང་། འབྲི་ཆུའི་མགོ་ཁུངས་ཀྱི་དམར་ཆུའི་བཞུར་རྒྱུད་ཀྱི་བན་དེ་མཚོ་ནི་ཁྲུང་ཁྲུང་མགོ་ཁྲ་འདུས་སྡོད་ཀྱི་གྲངས་ཁ་ཆེས་མང་བའི་ས་ཆ་ཞིག་ཡིན། ལོ་རེའི་ཟླ་བཞི་པ་ནས་དྲུག་པའི་ཟླ་དཀྱིལ་བར་ལ། ཁྲུང་ཁྲུང་མགོ་ཁྲ་སྟོང་ཕྲག་ལྷག་རྒྱ་གར་དང་བལ་ཡུལ་ནས་ས་ཆ་འདིར་འཕུར་ཡོང་སྟེ་བྱ་ཕྲུག་གསོ་སྤེལ་བྱེད་པ་དང་། ཟླ་བཅུ་པའི་ཟླ་སྟོད་ལ། བྱ་ཕྲུག་རྣམས་ཁྲིད་དེ་ཨེ་ཤ་ཡ་ལྷོ་མའི་ས་ཆ་རུ་ཕྱིན་ནས་དགུན་སྒྲོལ་བྱེད་པ་ཡིན། 

  

        ལྗང་མདོག་གཙང་པོའི(绿色江河)འགན་འཁུར་པ་དབྱང་ཞིན་གྱིས་བརྟག་དཔྱད་གཞི་གྲངས་སུ་གསལ་བ་ལྟར་མཚམས་སྦྱོར་བྱས་ན། 2012ལོའི་ཡར་སྔོན་ལ། བན་དེ་མཚོའི་ས་ཁུལ་དུ། ལོ་རེ་ལ་ཁྲུང་ཁྲུང་མགོ་ཁྲའི་སྒོ་ང2000ལྷག་མི་ཡིས་འཁྱེར་འགྲོ་བ་དང་། གནས་ཚུལ་དེ་ལ་གཞིགས་ནས། ལྗང་མདོག་གཙང་པོས2012ལོར“ཁྲུང་ཁྲུང་མགོ་ཁྲའི་སྲུང་སྐྱོབ་དང་བརྟག་དཔྱད་ལས་གཞི”སྒྲུབ་མགོ་ཚུགས་ཏེ་དང་བླངས་པ་དང་འབྲོག་པའི་སྐོར་སྲུང་རུ་ཁག་མཉམ་འབྲེལ་གྱི་རྣམ་པ་སྤྱད་ནས་བན་དེ་མཚོའི་ས་ཁུལ་དང་དེའི་ཉེ་འཁོར་གྱི་ཁྲུང་ཁྲུང་མགོ་ཁྲའི་རྒྱུད་སྤེལ་ཁྱབ་ཁོངས་སུ་སྐྱེ་ཁམས་སྲུང་སྐྱོབ་ཀྱི་བྱ་བ་བསྒྲུབས་པ་དང་། དུས་མཚུངས་སུ་ཁྱབ་ཁོངས་ནང་གི་ཁྲུང་ཁྲུང་མགོ་ཁྲའི་རིགས་རྒྱུད་གསོ་སྤེལ་གནས་ཚུལ་ལ་བརྟག་དཔྱད་བྱས་པ་རེད།

      ལོ་བཅུའི་རིང་ལ། ལས་གཞི་དོན་འཁྱོལ་བྱས་པ་དང་འབྲོག་པ་མང་ཚོགས་ཀྱིས་སྲུང་སྐྱོབ་བྱས་པ་བརྒྱུད། འབྲི་ཆུའི་མགོ་ཁུངས་ནི་གཞི་རྩའི་ཆ་ནས་ཁྲུང་ཁྲུང་མགོ་ཁྲའི་སྒོ་ང་རྐུ་བའི་བྱ་སྤྱོད་མེད་པ་ཞིག་ཏུ་གྱུར་པ་དང་། བན་དེ་མཚོའི་ས་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀ་ཡང2012ལོར1052ཙམ་མ་གཏོགས་མེད་པ་ནས2021ལོར4520ལ་འཕར་ཏེ་སྲུང་སྐྱོབ་གྲུབ་འབྲས་མངོན་གསལ་ཡིན་པ་རེད།

        “བན་དེ་མཚོའི་ལོ་ལྟར་གྱི་ཁྲུང་ཁྲུང་མགོ་ཁྲའི་རིགས་རྒྱུད་ཀྱི་གྲངས་ཀར་བསྡུར་ན། 2021ལོར་ཁྲུང་ཁྲུང་མགོ་ཁྲ4520ཡོད་པ་ནི་ཆེས་མང་བའི་དུས་ཡིན་པ་དང་། འདི་ནི་ཡར་སྔོན་གྱི་ཟིན་ཐོ་གང་ཞིག་ལས་ཀྱང་མཐོ་ཞིང་། 2015ལོ་དང་བསྡུར་ན63.71%གིས་འཕར་བ་དང་། གྲངས་ཀ་ཇེ་མང་དུ་གྱུར་པ་མངོན་གསལ་རེད། རིགས་རྒྱུད་ཀྱི་གྲངས་ཀའི་ལྟ་ཞིབ་རིས་འགྲེལ་སྤྱི་འགྲོས་ལ་གཞིགས་ན། 2015ལོ་ནས2021

ལོའི་བར་གྱི་བན་དེ་མཚོའི་ཁྲུང་ཁྲུང་མགོ་ཁྲ་ཡི་གྲངས་ཀ་འཕེལ་ཚུལ་ནི་ཧ་ཅང་ལེགས་པ་དང་། ལོ་ལྟར་དུ་ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀ་ཇེ་མང་དུ་འགྲོ་བཞིན་འདུག”ཅེས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཆེད་མཁས་པ་ལེན་ཞིན་མིང་གིས་དབྱེ་ཞིབ་གཞི་གྲངས་ལ་གཞིགས་ཏེ་བཤད།  

  

        གཞན2020ལོ་དང2021ལོ་གཉིས་ལ། ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀ4000ལས་བརྒལ་བ་དང་། འདི་ཡིས་ཕྱོགས་གཅིག་ནས་ལོ་འདི་དག་རིང་ལ་ཁྲུང་ཁྲུང་མགོ་ཁྲ་ལ་སྲུང་སྐྱོབ་བྱས་པ་ལས་བན་དེ་མཚོའི་ས་ཁུལ་གྱི་ཁྲུང་ཁྲུང་མགོ་ཁྲའི་གྲངས་ཀ་འཕར་བ་ལ་ཕན་ནུས་ཐོན་ཚུལ་མཚོན་པ་དང་། ཕྱོགས་གཞན་ཞིག་ནས་བན་དེ་མཚོའི་ས་ཁུལ་གྱི་བྱ་རིགས་ཤོང་ཚད་ནི་དེ་སྔོན་གྱི་ཚོད་དཔག་བྱས་པའི་གྲངས་ཀ3000ལས་མཐོ་བ་དང་། བན་དེ་མཚོ་རུ་འཚོ་གནས་བྱས་ཆོག་པའི་བྱ་རིགས་ཀྱི་གྲངས་ཚད་ཅི་འདྲ་ཡིན་པ་ལ་རྗེས་ཕྱོགས་ཀྱི་ལྟ་ཞིབ་ཚད་འཇལ་བྱ་དགོས་པ་མཚོན་ཡོད། 

  

        ལྟ་ཞིབ་ཚད་འཇལ་ལས་གསལ་བ་ལྟར་ན། 2021ལོར་བན་དེ་མཚོ་ནས་དཔེར་མཚོན་གྱི་ཆུ་བྱའི་རིགས་རྒྱུད21ལ་ལྟ་ཞིབ་དང་ཟིན་ཐོར་བཀོད་ཐུབ་པ་ལས། བན་དེ་མཚོ་ནི་ཆུ་བྱ་གནས་སྤོར་ལམ་བར་གྱི་ངལ་གསོ་ས་ཞིག་ཡིན་པ་དང་། དེ་ཡིས་བན་དེ་མཚོའི་བརླན་སའི་ཆུ་ཁོངས་ཁོར་ཡུག་བཟང་བར་མ་ཟད། ད་དུང་བྱ་རིགས་ཀྱི་ཁ་ཟས་འབྱུང་ཁུངས་ཀྱང་ཕུན་སུམ་ཚོགས་པ་མཚོན་ཞེས་ལེན་ཞིན་མིང་གིས་བསྟན།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1