“མདང་དགོང་གི་གཉིད་བདེ་འམ”ཞེས་པ་ནི་མཐོ་སྒང་དུ་རྒྱུན་པར་ཐོས་པའི་འཚམ་འདྲིའི་སྐད་ཆ་ཞིག་ཡིན་ཞིང་། མཚན་མོའི་གཉིད་མི་བདེ་བ་ནི་མཐོ་སྒང་ས་ཁུལ་དུ་འཚོ་བ་རོལ་བ་དང་ལས་ཀ་བྱེད་པའི་མི་ཚོའི་དཀའ་ངལ་ལྷག་མ་ཞིག་ཡིན།
“མཚན་མོའི་གཉིད་མི་བདེ་བ་ནི་མཐོ་སྒང་དུ་ཐག་གཅོད་ཆེས་དཀའ་བ་དང་ཆེས་རྒྱུན་མཐོང་གི་དོན་དག་ཅིག་ཡིན།” པེ་ཅིང་མཐོ་སྒང་འཕྲོད་མཐུན་ཞིབ་འཇུག་ཁམས་གསོའི་ལྟེ་གནས་ཡུས་ཧྲུའུ་ཡན་ལག་ལྟེ་གནས་ཀྱི་ཀྲུའུ་རེན་དང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྨན་ཁང་གི་འགོ་བ་ཀུའོ་ཡུང་ལགས་ཀྱིས་མཐོ་སྒང་གི་མཚན་མོའི་གཉིད་མི་བདེ་བའི་རྒྱུ་རྐྱེན་ནི་མཐོ་སྒང་གི་དབྱང་རླུང་དཀོན་པའི་ཁོར་ཡུག་གིས་ཤུགས་རྐྱེན་ཐེབས་པ་དང་། སེམས་ལ་འཚུབ་ཆ་ལངས་པ་དང་དངངས་སྐྲག་སྐྱེས་པ། ཉལ་བའི་སྔོན་གྱི་བཟའ་བཏུང་འོས་འཚམ་མིན་པ། དུས་ཡུན་རིང་བོ་ལ་གློག་རྡུལ་ཐོན་རྫས་སྤྱོད་པ་སོགས་ཀྱི་གོམས་གཤིས་མི་ལེགས་པས་བསྐྱེད་པ་ཡིན་ཞེས་བསྟན་པ་རེད།
གནས་ཚུལ་འདི་ལ་གཞིགས་ཏེ། ཀུའོ་ཡུང་ལགས་ཀྱིས་གཅིག་ནས་མཐོ་སྒང་ས་ཆར་ཐེངས་དང་པོར་ཡོང་བ་ཡིན་ན། སྒོ་ཕྱི་ནས་འགྲོ་འདུག་མང་ཙམ་བྱས་ཏེ་ཁོར་ཡུག་ལ་རྒྱུས་ལོན་བྱེད་པ་བརྒྱུད་ནས་སེམས་ནང་གི་དངངས་སྐྲག་དང་འཚབ་འཚུབ་ཀྱི་ཚོར་བ་མེད་པར་བྱ་དགོས་པ་དང་།
གཉིས་ནས་གོམས་གཤིས་མི་ལེགས་པ་རྣམས་བསྒྱུར་ཏེ་ཉལ་བའི་སྔོན་ལ་ཁ་པར་སོགས་གློག་རྡུལ་ཐོན་རྫས་ཡུན་རིང་ལ་མི་སྤྱོད་པ་དང་། ཚོར་སྐྱེན་ཟབ་པའི་གློག་བརྙན་སོགས་ལ་མི་ལྟ་བར་སེམས་ཁམས་ལྷོད་པོར་གནས་པ་རྒྱུན་འཁྱོངས་བྱེད་པ། རོལ་དབྱངས་སྙན་མོའི་རིགས་ལ་ཉན་ཏེ་གཉིད་ཡོང་སླ་བར་བྱེད་པ།
གསུམ་ནས་བཟའ་བཏུང་སྤྱོད་པ་ལ་མཉམ་འཇོག་བྱས་ཏེ་ཆོས་ཉིད་ཡོད་པར་བྱས་ན། ད་གཟོད་མཚན་མོའི་གཉིད་ལ་ཕན་པ་ཡིན་ཞེས་གྲོས་མགོ་བཏོན་ཡོད།
“དགོང་ཟས་ཟོས་པ་མང་དྲགས་པའམ་ཡང་ན་ཟ་མ་མི་ཟ་བ་ལྟ་བུའི་བཟའ་བཏུང་སྤྱོད་ཚུལ་གྱིས་ཀྱང་མཚན་མོའི་གཉིད་མི་བདེ་བར་བྱེད་པ་ཡིན།” ཉལ་བའི་སྔོན་ལ། ཆུ་ཁོལ་མའི་ནང་དུ་རྐང་བ་བཀྲུ་བའམ་ཡང་ན་ཉལ་གདན་བདེ་མོ་སྤྱོད་པ་སོགས་བྱས་ནའང་གཉིད་བདེ་བ་ལ་ཕན་པ་ཡིན། མཚན་མོར་གཉིད་ལས་སད་པ་ནི་གཉིད་ཀྱི་དུས་ཚད་རྒྱུན་ལྡན་པ་ཞིག་ཡིན་པས། སེམས་འཚབ་སོགས་བྱ་མི་དགོས། ཡིན་ནའང་། གཉིད་ལས་སད་རྗེས། ལག་ཁྱེར་ཁ་པར་རྩེ་བ་ལྟ་བུ་ཡིན་ན་གཉིད་མི་ཡོང་བར་མ་ཟད། ད་དུང་གཉིད་པའི་སྐབས་ལའང་ཡང་ནས་བསྐྱར་དུ་སད་པ་ཡིན།
གཉིད་བདེ་བ་དང་བཟའ་བཏུང་དོ་སྙོམས་ཡིན་པ། འགུལ་སྐྱོད་འོས་འཚམ་བྱེད་པ་བཅས་ནི་བདེ་ཐང་གི་རྨང་འདེགས་ཀ་བ་ལྟ་བུ་ཡིན། གཉིད་བདེ་མོ་ཞིག་ཡོད་མེད་ནི་སེམས་ཁམས་ཀྱི་བདེ་ཐང་ལ་འབྲེལ་བ་དམ་པོ་ཡོད་སྟབས། ས་ཆ་གང་དུ་འཚོ་བ་རོལ་བཞིན་ཡོད་ནའང་། གཉིད་བདེ་མོ་ཞིག་ཡོང་བ་ལ་གཙིགས་ཆེན་བྱ་དགོས།