༄༅།། མདོ་དབུས་མཐོ་སྒང་གི་དབྱར་ཁའི་ཆུའི་འཁོར་རྒྱུག་གི་གསང་བ་བརྟོལ་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། 05-17


        ཉེ་ཆར། གསར་འགོད་པས་ཀྲུང་གོའི་ཚན་རིག་ལག་རྩལ་སློབ་ཆེན་ནས་ཤེས་རྟོགས་བྱུང་བ་ལྟར་ན། སློབ་གྲྭ་དེ་གའི་སའི་གོ་ལ་དང་བར་སྟོང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེན་མོ་ཀྲའོ་ཁྲུན་གྱི་ཞིབ་འཇུག་བྱ་གཞི་ཚོ་ཆུང་གིས་ཐེངས་དང་པོར་སའི་གོ་ལ་འགྱུར་བ(全球变)ཡི་དབྱེ་འབྱེད་ཚད་ཀྱི་རྣམ་པ་སྤྱད་དེ་སྤྱི་ལེ་ཚད་གཞིའི་ནང་གི་དབྱར་ཁའི་མདོ་དབུས་མཐོ་སྒང་གི་ཆུའི་འཁོར་རྒྱུག་གི་ཁྱད་ཆོས་ཀྱི་གསང་བ་བརྟོལ་བ་རེད།


 

སའི་གོ་ལ་འགྱུར་བའི་དབྱེ་འབྱེད་ཚད་ཀྱི་དཔེ་རིས། པར་རིས་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱིས་འདོན་སྤྲོད་བྱས། 

        ཤེས་གསལ་ལྟར་ན། ཞིབ་འཇུག་བྱ་གཞི་ཚོ་ཆུང་གིས་ཐེངས་དང་པོར་སའི་གོ་ལ་འགྱུར་བའི་དབྱེ་འབྱེད་ཚད་ཀྱི་རྣམ་པ་སྤྱད་དེ་མདོ་དབུས་མཐོ་སྒང་ས་ཁུལ་གྱི་སྤྱི་ལེ་ཚད་གཞི(སྤྱི་ལེ4ཡི་མཚམས)ཡི་ནང་དུ། གྲངས་ཚད་ལད་ཟློས་ཚོད་ལྟ་བྱས་ཏེ་མཐོ་སྒང་གི་ས་བབ་རྙོག་འཛིང་ཆེ་བ་ཡིས་དབྱར་དུས་ཀྱི་ཆུ་རླངས་སྐྱེལ་འདྲེན་དང་ཆར་ཆུའི་འབབ་ཚད་ལ་ཤན་ཤུགས་ཐེབས་པའི་རྐྱེན་སྲོལ་ལ་ཞིབ་འཇུག་བྱས་པ་རེད།

        མདོ་དབུས་མཐོ་སྒང་ནི་འཛམ་གླིང་གི་མཚོ་འཕགས་ཆེས་མཐོ་བའི་མཐོ་སྒང་ཡིན་པར་མ་ཟད། ད་དུང་རྨ་ཆུ་དང་འབྲི་ཆུ། ཧིན་རྡུ་ཆུ་བོ་སོགས་ཀྱི་མགོ་ཁུངས་ཀྱང་ཡིན། ཨེ་ཤ་ཡའི་ཤེས་དཔལ་གྱི“ཆུ་གསོག་མཐོ་ལྕོག”འདི་གསོ་བ་ལ། ཁྱབ་ཁོངས་དེའི་ནང་གི་ཆར་ཆུའི་འབབ་ཚད་ཀྱིས་ཆུའི་འཁོར་རྒྱུག་དང་སྐྱེ་ཁམས་ཁོར་ཡུག་ལ་ཤན་ཤུགས་གལ་ཆེན་ཐེབས་ཡོད།


 

མདོ་དབུས་མཐོ་སྒང་། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས། 

         ལོ་རེའི་དབྱར་དུས་སུ། ཤར་ལྷོའི་ཕྱོགས་ཀྱི་རླུང་གིས་ཧིན་རྡུ་རྒྱ་མཚོའི་དྲོད་གཤེར་ཆུ་རླངས་མདོ་དབུས་མཐོ་སྒང་ཕྱོགས་ལ་སྐྱེལ་འདྲེན་བྱེད་པ་ལས་ཆར་ཆུའི་འབབ་ཚད་ཇེ་མང་དུ་གྱུར་ཡོད། མཐོ་སྒང་ཁྱབ་ཁོངས་དང་ལྷག་པར་དུ་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ས་དབྱིབས་གཟར་ཞིང་ལུང་གཞུང་དོག་པ། ས་བབ་རྙོག་འཛིང་ཆེ་བ་བཅས་དང་ཚད་གཞི་མང་བའི་རླུང་ཁམས་ཆེན་མོའི་གོ་རིམ་ནང་དུ་ཕན་ཚུན་བར་ལ་ནུས་པ་ཐོན་པ་ལས། དམིགས་བསལ་གྱི་ཆུ་རླངས་སྐྱེལ་འདྲེན་དང་གོ་རིམ་གྱི་རྐྱེན་སྲོལ་ཞིག་གྲུབ་ཡོད། དབྱར་དུས་ཀྱི་མདོ་དབུས་མཐོ་སྒང་གི་ཆུའི་འཁོར་རྒྱུག་གོ་རིམ་ལ་ལད་ཟློས་ཡང་དག་པ་བྱས་ཏེ་དེའི་འགྱུར་ལྡོག་ཁྱད་ཆོས་ལ་རྒྱུས་ལོན་གཏིང་ཟབ་བྱེད་ན། རྒྱུན་ལྡན་དུ་སྤྱི་ལེ་ཚད་གཞི་དང་ཐ་ན་དེ་ལས་མཐོ་བའི་བར་སྟོང་དབྱེ་འབྱེད་ཚད་ཀྱི་འོག་ཏུ། རྙོག་འཛིང་ཆེ་བའི་ས་བབ་ཁྱད་ཆོས་ལ་དབྱེ་ཞིབ་དང་ས་བབ་རྙོག་འཛིང་ཆེ་བ་ཡིས་དབྱར་དུས་ཀྱི་མཐོ་སྒང་གི་ཆུའི་འཁོར་རྒྱུག་ལ་ནུས་པ་ཐོན་པའི་རྐྱེན་སྲོལ་ལ་ལད་ཟློད་དང་ཤེས་རྟོགས་བྱ་དགོས།


 

རྙོག་འཛིང་ཆེ་བ་དང་ངོས་སྙོམས་པའི་ས་བབ་ཀྱི་གཤིབ་བསྡུར་དཔེ་རིས། པར་རིས་ཀྲུང་གོའི་ཚན་རྩལ་སློབ་ཆེན་གྱིས་འདོན་སྤྲོད་བྱས། 

        མཚམས་སྦྱོར་བྱས་པར་གཞིགས་ན། སྔོན་ཆད་ཀྱི་དབྱེ་འབྱེད་ཚད་མཐོ་བའི་ལད་ཟློས་ཞིབ་འཇུག་ཏུ་ཁྱབ་ཁོངས་རྣམ་པའི་དྲ་མིག་འདེབས་པ་དང་སྟུག་ཚད་ཇེ་མཐོར་གཏོང་བའི་ལད་ཟློས་བྱེད་ཐབས་མང་དུ་སྤྱད་པ་ལ། མཐའ་མཚམས་ཆ་རྐྱེན་གྱིས་ཚད་བཀག་ཐེབས་ཡོད། སའི་གོ་ལ་འགྱུར་བའི་དབྱེ་འབྱེད་ཚད་ཀྱི་ལད་ཟློས་ཀྱིས་ཚད་གཞི་ཆུང་བའི་གོ་རིམ་མམ་ཡང་ན་བཙན་ཤེད་ཀྱི་ཚད་གཞི་ཆེ་བའི་འཁོར་རྒྱུག་གི་ཕྱིར་ལྡོག་ནུས་པ་ལ་ལད་ཟློས་སྔར་ལས་ལྷག་པ་བྱེད་ཐུབ་ཡོད།

        ཞིབ་འཇུག་འདི་ཡིས་རྙོག་འཛིང་ཆེ་བ་དང་ངོས་སྙོམས་པའི་ས་བབ་ལ་གཤིབ་བསྡུར་ལད་ཟློས་ཞིབ་འཇུག་བྱས་ཏེ་མཐོ་སྒང་གི་རྙོག་འཛིང་ཆེ་བའི་ས་བབ་ཏུ་ཁྱབ་ཁོངས་ནང་གི་ཆུ་རླངས་ནང་འདྲེན་ཚད11%ཙམ་ཇེ་མང་དུ་སོང་བ་ཤེས་རྟོགས་བྱུང་བ་དང་། དེ་ཡིས་ཧི་མ་ལ་ཡའི་རི་རྒྱུད་ས་ཁུལ་གྱི་ཆར་འབབ་བར་སྟོང་གི་ཁྱབ་ཚུལ་ལ་ཤན་ཤུགས་གལ་ཆེན་ཐེབས་ཡོད་ནའང་། མདོ་དབུས་མཐོ་སྒང་ནང་ཁུལ་གྱི་ཆར་འབབ་སྤྱི་ཚད་ལ་ཤན་ཤུགས་ཆེན་པོ་ཐེབས་མེད་པ་རེད། ས་བབ་གཟར་མོ་ཡིས་རླུང་རྒྱུན་གྱི་གནས་བབ་ཇེ་མཐོ་དང་བྱང་ཕྱོགས་སུ་འཁོར་བར་བྱས་ཡོད་ཅིང་། བར་སྟོང་མཐོ་བའི་དབྱེ་འབྱེད་ཚད་ཀྱིས་དབྱེ་ཞིབ་བྱས་པའི་རི་ལུང་ནི་ཆུ་རླངས་སྐྱེལ་འདྲེན་གྱི་བགྲོད་ལམ་དུ་གྱུར་ཡོད། དེར་བརྟེན། ས་བབ་རྙོག་འཛིང་ཆེ་བའི་ཤན་ཤུགས་ཀྱིས་ལད་ཟློས་བྱས་པའི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ཆར་ཆུའི་འབབ་ཡུལ་ཚང་མ་བྱང་ཕྱོགས་སུ་གནས་སྤར་བ་ལ་དབྱེ་ཞིབ་བྱས་ཡོད།


 


མདོ་དབུས་མཐོ་སྒང་གི་དུས་ཚིགས་རེ་ཡི་ཆར་ཆུའི་འབབ་ཚད་དང་དེའི་ཁྱབ་ཡུལ། པར་རིས་ཀྲུང་གོའི་ཚན་རིག་གླིང་ས་རྒྱུས་ཚན་རིག་དང་ཐོན་ཁུངས་ཞིབ་འཇུག་ཁང་ལས་དྲངས། 

        དགེ་རྒན་ཆེན་མོ་ཀྲའོ་ཁྲུན་གྱི་ཞིབ་འཇུག་བྱ་གཞི་ཚོ་ཆུང་གིས་འབྱུང་འགྱུར་དུ་སའི་གོ་ལ་འགྱུར་བའི་དབྱེ་འབྱེད་ཚད་ཀྱི་རྣམ་པ་སྤྱད་ནས་མདོ་དབུས་མཐོ་སྒང་ས་ཁུལ་གྱི་ཆུའི་འཁོར་རྒྱུག་དང་ནུས་ཚད་འཁོར་རྒྱུག རླུང་ཁམས་ཆེན་མོའི་ཁོར་ཡུག་ཁྱད་ཆོས་དང་འགྱུར་ལྡོག་རྐྱེན་སྲོལ་བཅས་ལ་རྩད་གཅོད་ཞིབ་དཔྱད་བྱེད་པའི་འཆར་གཞི་ཡོད་ཅིང་། དེའི་ནང་དུ་མདོ་དབུས་མཐོ་སྒང་གི་ས་བབ་རྙོག་འཛིང་ཆེ་བའི་གནམ་གཤིས་ནུས་སྣང་དང་རླུང་ཁམས་ཆེན་མོའི་སྦགས་བཙོག་སྐྱེལ་བའི་ཤན་ཤུགས་རྐྱེན་སྲོལ་སོགས་ལ་འཚོལ་ཞིབ་སྔར་ལས་ལྷག་པ་བྱེད་པའི་འཆར་གཞི་ཡང་འདུས་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1