ཐོན་ལས་ལ་རེ་བས་ཁེངས། །གྲོང་མི་རྣམས་རེ་བར་སྙེག།།

ཆེད་བསྐོས་གསར་འགོད་པ་བསོད་ནམས་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ངེད་དྲ་བ། སྤེལ་དུས། 05-18





        སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་ཀྱི་འབྲེལ་མཚམས་སུ་གནས་པའི་ཡུང་ཧོ་ཡུལ་ཚོ་ནི་གཟི་རྩ་སྡེ་དགུ་རྫོང་གི་དཔལ་འབྱོར་ཆ་རྐྱེན་ཞན་ཤོས་ཀྱི་ཡུལ་ཚོ་ཞིག་རེད་ལ། དུས་ཚིགས་དབྱེར་མེད་དུ་ཡུང་ཧོ་ཡུལ་ཚོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ནུས་ཤུགས་ཡོད་རྒུས་གནད་སྒྲོལ་དང་རྒྱུན་མཐུད་འབད་འཐབ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་དམིགས་བསལ་དང་ལེགས་ཤོས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས་ཐོན་ལས་ཀྱི་དབུལ་བྲལ་དང་སྐྱེ་ཁམས་ཕྱུག་འགྱུར་ལ་དམ་འཛིན་ཏན་ཏིག་གིས་དབུལ་བྲལ་གནད་སྒྲོལ་གྱི་གྲུབ་འབྲས་བརྟན་འགྱུར་དེ་གྲོང་གསེབ་དར་རྒྱས་དང་ནུས་ལྡན་ངང་འབྲེལ་མཐུད་བྱ་རྒྱུར་སྐུལ་འདེད་བཏང་སྟེ་ཡུང་ཧོ་ཁྱད་ལྡན་ཞིང་ལས་ཐོན་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་བུ་ཞིག་བཏོད་པས། ཞིང་ལས་ཀྱི་ཐོན་ལས་རེ་རེར་སྐྱེ་འཚར་དང་རེ་བ་འཕེལ་ནས་ཡུང་ཧོ་ཡི་དབུལ་བྲལ་སྤུས་ཚད་དེ་བས་མཐོ་བ་དང་འབྱོར་འབྲིང་གི་རྣམ་པ་དེ་བས་ལེགས་སུ་ཕྱིན་ཡོད། 

  

        ཡུང་ཧོ་ཡུལ་ཚོ་རི་གཟར་ཞིང་ལམ་ཐག་རིང་བས། རང་བྱུང་ཁོར་ཡུག་གི་ཆ་རྐྱེན་ནི་དེ་སྔོན་རྫོང་ཡོངས་ཀྱི་ས་ཆ་ཆེས་ཞན་ཤོས་ཤིག་རེད། ཡུལ་དེའི་ཞིང་ས་ཕལ་ཆེ་བ་ནི་གཟར་ངོས་དང་བྱེ་རྡོའི་ས་ཡིན་པས། ཞིང་ས་རྐོ་དཀའ་ལ་ཞིང་ལས་སྐྱེ་དངོས་ཀྱི་ཐོན་ཚད་ཧ་ཅང་དམའ། མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་ཆེད། ཡུང་ཧོ་ཡུལ་ཚོས་ཡུལ་བབ་དང་བསྟུན་ཏེ་གཡེར་མ་དང་ཀླུ་བདུད་རྡོ་རྗེ་སོགས་དཔལ་འབྱོར་སྐྱེ་དངོས་འདེབས་འཛུགས་བྱས་ནས་ཁྱད་ལྡན་ཞིང་ལས་ཐོན་རྫས་གཙོར་བྱེད་པའི་ཞིང་ལས་ཐོན་ལས་འཕེལ་རྒྱས་བཏང་སྟེ་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།

        ང་ཚོའི་གཡེར་མའི་རིགས་ནི་ཏ་ཧུང་ཕའོ་ཡིན་ཞིང་། འབྲུ་རྡོག་ཆེ་ལ། པགས་པ་མཐུག །སྣུམ་ཐུམ་པས་གཡེར་མའི་རིགས་ཀྱི་རྩེ་གྲར་བརྩི་བཞིན་ཡོད། ཆེས་འགག་རྩ་ནི་གཡེར་སྡོང་བཙུགས་པར་ས་ཆུ་ཤོར་བ་ཚོད་འཛིན་ནུས་ལྡན་ཐུབ་པར་མ་ཟད། ད་དུང་ཞིང་དུད་ཀྱི་དཔལ་འབྱོར་ཡོང་འབབ་མང་དུ་ཕྱིན་ཡོད། ཅེས་ད་ལོ་ལོ་56ལ་སླེབས་པའི་ཀའོ་ཨར་ཕང་ནི་ཡུང་ཧོ་ཡུལ་ཚོ་ཏ་ཁྲེང་གྲོང་ཚོའི་གཡེར་མའི་འདེབས་འཛུགས་དུད་ཚང་ཡིན་ཞིང་། ཁོང་གིས་2015ལོ་ནས་བཟུང་མི་སེར་གྱི་ས་སྟོང་བོགས་མར་བཏང་བ་དང་གཞི་ཁྱོན་ཆེན་པོས་གཡེར་སྡོང་བཙུགས་པ་ནས་བཟུང་ད་ཆ་མུའུ་60བར་འཕེལ་རྒྱས་ཕྱིན་ཡོད་ལ། གཡེར་མས་ཐན་པ་ཐེག་ཐུབ་པ་དང་། གསོན་སླ་ལ་དོ་དམ་བྱེད་བདེ། ཁོ་བོས་དོ་དམ་ཞིབ་ཚགས་འོག །སྔོན་དཔག་བྱས་ན། ད་ལོ་གཡེར་སྐམ་རྒྱ་མ་3200ཐོན་ཐུབ་པ་དང་ཡོང་འབབ་སྒོར་ཁྲི་20ཙམ་ལོན་ངེས་པས། དེ་ནི་ཡོང་འབབ་མི་འདྲ་བ་ཞིག་རེད། ད་སྐབས་ངེད་ཚང་གི་ཡོང་འབབ་ཚང་མ་གཡེར་མའི་ཐོག་ནས་ཡོང་གི་ཡོད། དཔལ་འབྱོར་གྱི་ཆ་རྐྱེན་ཇེ་བཟང་དུ་གྱུར་ཡོད་ལ། ངེད་ཚང་ལ་གཡེར་མ་མང་བས། གཡེར་བསྡུའི་དུས་སུ་བཏོག་རོགས་ཀྱང་འཚོལ་དགོས་ལ། ཁོ་ཚོར་ཉིན་གཅིག་ལ་ཡོང་འབབ་སྒོར་100ལྷག་རག་ཐུབ། ཅེས་ཀའོ་ཨར་ཕང་གིས་དགའ་སྤྲོའི་ངང་བཤད་བྱུང་།

        2014ལོ་ནས་བཟུང་། གཟི་རྩ་སྡེ་དགུའི་རྫོང་ཨུ་དང་རྫོང་སྲིད་གཞུང་དང་དེ་བཞིན་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཡུང་ཧོ་ཡུལ་ཚོས་གཡེར་མའི་ཐོན་ལས་འཕེལ་རྒྱས་གཏོང་མགོ་ཚུགས་པ་དང་འབྲེལ་ཤིན་ཧྭ་གྲོང་ཚོར་མུའུ་སྟོང་གི་གཡེར་མ་འཛུགས་པའི་རྟེན་གཞི་དང་གཡེར་མའི་ལས་སྣོན་བཟོ་ཁང་བསྐྲུན་པ་རེད། ལོ་ཁ་ཤས་འཕེལ་རྒྱས་བཏང་བར་བརྒྱུད་2021ལོར་ཡུང་ཧོ་ཡུལ་ཚོ་རུ་གཡེར་མའི་འདེབས་འཛུགས་ཁྱོན་མུའུ་4300ལྷག་ཙམ་ཟིན་ཡོད། ད་ཆ་གཡེར་མའི་ཐོན་ལས་དེ་ཡུང་ཧོ་ཡུལ་ཚོའི་ཀ་རྟེན་ཐོན་ལས་གལ་ཆེན་ཞིག་ཏུ་གྱུར་ནས་ལོ་ལྟར་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་1600ལྷག་ཐོབ་ཀྱི་ཡོད། 

  

        ཡུང་ཧོ་ཡུལ་ཚོ་ཞེ་ཕོ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཀའོ་ཞའོ་ཀང་གིས་བུ་དང་མཉམ་དུ་ཀླུ་བདུད་རྡོ་རྗེ་ཉི་མར་སྐེམ་བཞིན་ཡོད་པ་དང་། ཀླུ་བདུད་རྡོ་རྗེ་ནི་ཡུང་ཧོ་ཡུལ་ཚོའི་ཁྱད་ལྡན་ཐོན་ལས་ཀྱི་གྲས་ཤིག་ཡིན་པས་མང་ཚོགས་ཀྱི་འབབ་འཕར་གྱི་དངུལ་ཁུག་ཅིག་ཏུ་འགྱུར་བཞིན་ཡོད། ཉེ་བའི་ལོ་ཤས་རིང་། ཡུང་ཧོ་ཡུལ་ཚོས་ཀླུ་བདུད་རྡོ་རྗེ་འདེབས་འཛུགས་འཕེལ་རྒྱས་ཤུགས་ཆེར་བཏང་བས་སྤུས་ཚད་ལེགས་པ་དང་ལྗང་མདོག་སྦགས་མེད་རེད། ཡུལ་ཚོ་ཡོངས་ཀྱིས་ཀླུ་བདུད་རྡོ་རྗེ་མུའུ་1180ལྷག་བཏབ་པར་མ་ཟད། ད་དུང་རྣམ་གྲངས་ཀྱི་མ་དངུལ་བརྩོན་ལེན་བྱས་ནས་ཚའོ་ཕོ་གྲོང་ཚོ་རུ་ཐོག་མའི་ལས་སྣོན་དང་། འགྲེམ་སྟོན། ཕྱིར་འཚོང་བཅས་གཞི་གཅིག་ཅན་གྱི་ཀླུ་བདུད་རྡོ་རྗེ་བཟོ་གྲྭ་བསྐྲུན་ནས་ཀླུ་བདུད་རྡོ་རྗེ་ཕྱིར་འཚོང་དཀའ་བ་དང་རིན་གོང་དམའ་བའི་དཀའ་ངལ་ཐག་གཅོད་ཏན་ཏིག་བྱས་པ་རེད།

        ཀླུ་བདུད་རྡོ་རྗེ་ལས་སྣོན་བཟོ་གྲྭ་རུ་བཀོལ་སྤྱོད་བྱས་རྗེས། ང་ཚོས་ཆེད་ལས་མཉམ་ལས་ཁང་དང་། རྟེན་གཞི། ཞིང་དུད་བཅས་ཟུང་དུ་སྦྲེལ་བའི་གཉེར་སྐྱོང་བྱེད་སྟངས་ཐོག་ནས་ཀླུ་བདུད་རྡོ་རྗེ་ལ་ཐོག་མའི་ལས་སྣོན་དང་ཐུམ་སྒྲིལ་བྱས། ཀླུ་བདུད་རྡོ་རྗེ་ཡི་ཟུར་སྣོན་རིན་ཐང་མང་དུ་བཏང་སྟེ་སྔོན་དཔག་བྱས་ན་ལོ་ལྟར་ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ལ་ཡོང་འབབ་སྒོར་ཁྲི་940ལྷག་ཐོབ་རྒྱུ་ཡིན་པ་དང་། མང་ཚོགས་ཀྱིས་ཕྱིར་འཚོང་དཀའ་བ་དང་རིན་གོང་དམའ་བའི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། ཡུལ་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས་མང་ཚོགས་ལ་མིག་མཐོང་ལག་ཟིན་གྱི་ཕན་པ་ཐོབ་ཡོད། ཅེས་ཡུང་ཧོ་ཡུལ་ཚོའི་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཡུལ་ཚོའི་དཔོན་ཡུས་ཧོན་གྱིས་དེ་ལྟར་བཤད་བྱུང་།

        གྲོང་གསེབ་དར་རྒྱས་གཏོང་བར་ཐོན་ལས་སྔོན་ལ་འཕེལ་རྒྱས་གཏོང་དགོས། གོམ་སྟབས་རྗེས་མར་ཡུང་ཧོ་ཡུལ་ཚོས་ཐོན་ལས་དར་རྒྱས་ལ་ཁྱོན་ཡོངས་ནས་དམ་འཛིན་བྱས་ཏེ་ཡུང་ཧོ་གཡེར་མ་དང་། ཡུང་ཧོ་ཀླུ་བདུད་རྡོ་རྗེ་སོགས་སྣ་ཁ་མང་བ་དང་།སྤུས་ཚད་མཐོ་བ། རིན་གོང་མཐོ་བ་བཅས་ཀྱི་ཁྱད་ལྡན་ཐོན་ལས་སྟོབས་ཆེར་བཏང་སྟེ་གཟི་རྩ་སྡེ་དགུ་རྫོང་དང་ཁུལ་རིམ་པའི་གཡེར་མའི་གླིང་ཁུལ་འཛུགས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་པོ་གཏོང་བ་དང་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་ཐབས་བརྒྱ་ཇུས་སྟོང་གིས་མང་ཚོགས་ཀྱི་ཡོང་འབབ་དང་བདེ་སྐྱིད་སྟོན་གྲངས་མང་དུ་གཏོང་རྒྱུ་ཡིན་ཞེས་ཐོན་ལས་འཕེལ་རྒྱས་སྐོར་གླེང་སྐབས་ཡུང་ཧོ་ཡུལ་ཚོའི་ཏང་ཨུ་ཧྲུའུ་ཅི་ཞུའེ་ཡན་ཧུའེ་ཡིས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་ཡིད་ཆེས་ཀྱིས་ཁེངས་འདུག །

        ཐོན་ལས་ལ་རེ་བས་ཁེངས་པ་དང་ཞིང་པ་རྣམས་རེ་བར་སྙེག་པས་ལོ་ལྔའི་འཆར་བཅུ་བཞི་པའི་འཆར་འགོད་ཀྱི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་སྐྱོད་འགོ་ཚུགས་པར། ཡུང་ཧོ་ཡུལ་ཚོས་སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱིས་ཞིང་ལས་དང་གྲོང་གསེབ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་མཛེས་སྡུག་ལྡན་པའི་ལེའུ་གསར་པ་བརྩམ་རྒྱུ་རེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1