ཁམས་མི་ཉག་ཡུལ་ནས་ཁོ་ལག་རྫོགས་པའི་རིག་པའི་དཔའ་བོ།
མི་རིགས་དཔེ་སྐྲུན་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་འཕྲིན་ལས་རྒྱལ་མཚན་ལགས་ཀྱི་གནས་ཚུལ་རགས་བཀོད།
ཚུལ་ཁྲིམས་བཟང་པོས་བྲིས་ཤིང་འཕྲིན་ལས་རྒྱལ་མཚན་གྱིས་པར་མཁོ་འདོན་བྱས།
མི་རིགས་དཔེ་སྐྲུན་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་འཕྲིན་ལས་རྒྱལ་མཚན་ལགས།
ཐོག་མར་བརྗོད་པ་སྔོན་འགྲོའི་ཞུ་མཆིད།
དེ་ཡང་སྤྱི་ལོ་2018ལོའི་ཟླ་4པའི་ཚེས་24ཉིན། རྒྱལ་ཡོངས་བོད་ཡིག་དཔེ་ཆ་ཉོ་སྒྲུབ་ཚོགས་འདུ་སྐབས་བཅུ་གཅིག་པ་དེ་ཁྲེང་ཏུའུ་གྲོང་ཁྱེར་ཁྲི་ཀ་ཚང་མགྲོན་ཁང་དུ་འཚོགས་སོང་། སྐབས་དེར་ང་ཡང་ལས་གྲོགས་འགའ་དང་མཉམ་དུ་ཚོགས་འདུ་ལ་ཞུགས་ཤིང་། རང་རེའི་ལས་ཁུངས་ཀྱི་དུས་དེབ་དང་འཕྲིན་སྦྱོར་གསར་པའི་ཐོན་རྫས་རྣམས་ངོ་སྤྲོད་བྱེད་ཞོར། རྒྱལ་ནང་གི་བོད་ཡིག་དཔེ་སྐྲུན་ལས་ཁུངས་ཁག་གིས་པར་སྐྲུན་འགྲེམ་སྤེལ་བྱས་པའི་དཔེ་དེབ་དག་ལ་ལྟ་ཀློག་བྱས། དེ་ཡང་མི་རིགས་དཔེ་སྐྲུན་ཁང་གི་དཔེ་སྒྲོམ་དུ་པར་སྐྲུན་བྱས་ནས་ཆེར་མ་འགོར་བའི་《སྡེ་པ་གཞུང་གི་ལོ་རྒྱུས་ཉིན་བྱེད་སྣང་བ་》ཞེས་པའི་དེབ་དེ་བཤམས་འདུག་ལ། ངས་དེ་མ་ཐག་དེབ་དེ་ལག་ཏུ་བླངས་ནས་དཀར་ཆག་ལ་ཞིབ་ཅིང་བལྟས་པས། ཕྱིར་དཔེ་སྒྲོམ་དུ་བཞག་མི་བྲ་བའི་ཚོར་སྣང་ཟབ་མོ་ཞིག་སྐྱེས་ཀྱང་། འགྲེམ་སྟོན་བྱས་པའི་དཔེ་དེབ་དག་གཞན་ལ་ངོ་སྤྲོད་བྱེད་པ་ལས་ཡུལ་དངོས་སུ་བཙོང་བཞིན་མི་འདུག་པས་ཅི་བྱ་གཏོལ་བྲལ་དུ་གྱུར། འོན་ཀྱང་། ཟུར་དུ་འགྲེང་པའི་སྐྱེ་བོ་ཞིག་ངོ་འཛུམ་གྱིས་ཁེངས་ནས་གཟབ་ནན་སྒོས་ན་རེ། ཁྱོད་དེབ་འདི་ལ་དེ་འདྲ་དགའ་ན། ཉོ་སྒྲུབ་ཚོགས་འདུ་གྲོལ་རྗེས་ངས་ཁྱོད་ལ་སྟེར་ཆོག་ཅེས་ཟེར་བས། ངའི་སེམས་པ་ནི་རྨ་བྱས་དབྱར་རྔའི་སྒྲ་ཐོས་པ་ལྟར་གྱུར་ཅིང་། ཚོགས་འདུ་གྲོལ་རྗེས་ཁོང་གི་ཕྱག་ཟུང་དྲོན་མོས་མེས་པོའི་མཛད་རྗེས་གསལ་བའི་སྟོད་སྨད་གཉིས་ཅན་གྱི་དེབ་རྒན་དེ་ངའི་ལག་ནང་དུ་ལྗིད་ཏིག་གེར་གནང་བྱུང་བས། ངས་ཁོང་ལ་ཁ་སྟོང་པས་བཀའ་དྲིན་ཆེ་ཞུ་བ་ཙམ་ལས་མཚན་ཙམ་ཡང་མ་ངེས།
ལོ་ཡི་འཁོར་མོ་བཞི་ཙམ་འགོར་བའི་རྗེས་སུ། སྟེས་དབང་ཞིག་གིས་མི་རིགས་དཔེ་སྐྲུན་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་འཕྲིན་ལས་རྒྱལ་མཚན་ལགས་ལ་བཅར་འདྲི་ཞུ་རྒྱུའི་གོ་སྐབས་རྙེད། བསམ་ཡུལ་འདས་པ་ཞིག་སྟེ་ཁོང་ནི་ང་ལ་དཔེ་དེབ་སྦྱིན་མཁན་གྱི་མི་དེ་རེད་འདུག་ལ། ཁོང་གིས་ང་རང་ངོ་ཤེས་བཞིན་མེད་པ་འདྲ་སྟེ། རྒྱུ་མཚན་ནི་ཁོང་གིས་ང་དང་ང་འདྲ་བའི་གཞོན་ནུ་མང་པོ་ཞིག་ལ་མ་འོངས་མདུན་ལྗོངས་བསུ་ཞིང་མེས་པོའི་ཤེས་རབ་འཚོལ་ཆེད། ཤེས་བྱའི་སྦྱིན་པ་ཟང་ཟིང་དུ་བཏང་ཡོད་པ་རྟོགས་ཐུབ། ང་ལ་མཚོན་ན་མི་རྒྱུས་མེད་ཅིག་གིས་དཔེ་དེབ་རིན་ཐང་ལྡན་པ་དེ་འདྲ་ཞིག་གནང་བ་ནི་ཐེངས་དང་པོ་ཡིན་པ་དང་། བསམ་པའི་ཡོལ་རིས་སུ་ཡལ་ཐབས་མེད་པའི་རྟག་བརྟན་གྱི་རི་མོ་ཞིག་ཀྱང་ཡིན། དེ་བས་སེམས་ལ་དྲོད་ཁོལ་སྦྱིན་པའི་མི་རྒྱུས་མེད་དེ་ལ་ལྷག་ཏུ་རྒྱུས་ལོན་བྱ་འདོད་སྐྱེས་ཤིང་། བཅར་འདྲིའི་གོ་རིམ་ཁྲོད་དུ་ཁོང་གི་ཕྱག་ལས་གནང་བའི་བརྒྱུད་རིམ་དང་ལས་གནས་ལ་བཟུང་བའི་ངོས་འཛིན་སོགས་ཤོག་ངོས་སུ་ཕབ་ན། གཞོན་ནུ་བློ་གསལ་དག་ལ་སྨན་པའི་རྒྱུ་རུ་འགྱུར་བར་སེམས་སོ། །
མི་རིགས་དཔེ་སྐྲུན་ཁང་གིས་པཎ་ཆེན་ཨེར་ཏེ་ནི་སྐུ་ཕྲེང་བཅུ་གཅིག་པ་ཆོས་ཀྱི་རྒྱལ་པོ་མཆོག་ལ་སྟོན་པའི་དཔེ་དེབ་ཕུལ་བར་ཕྱིན་ཏེ། པར་འདི་ནི་པཎ་ཆེན་མཆོག་གིས་འཕྲིན་ལས་རྒྱལ་མཚན་ལ་དྲན་རྟེན་གནང་བཞིན་པ་རེད།
བར་དུ་བརྗོད་པ་གཏམ་གྱི་ཚོམ་བུ།
དྲི་བ། རྒན་ལགས་ཁམས་བཟང་། ང་ནི་གངས་ལྗོངས་ཉི་གཞོན་འཕྲིན་སྦྱོར་ཀུན་འདུས་ལྟེ་གནས་ཀྱི་གསར་འགོད་པ་ཚུལ་ཁྲིམས་བཟང་པོ་ཡིན། གོ་སྐབས་འདི་དང་བསྟུན་ནས་ཁྱེད་ལ་བོད་ཡིག་དཔེ་སྐྲུན་དང་འབྲེལ་བའི་བཅར་འདྲི་ཐུང་ངུ་ཞིག་ཞུ་དགོས་པས། ཁྱེད་ཀྱིས་འོ་བརྒྱལ་གནང་རོགས་ཞུ།
ལན། གསར་འགོད་པ་ཁམས་བཟང་། ལགས་སོ། །
དྲི་བ། ཁྱེད་ཀྱིས་དཔེ་སྐྲུན་གྱི་ཕྱག་ལས་མཛད་ནས་ལོ་ག་ཚད་འགོར་ཡོད། བརྒྱུད་རིམ་རགས་ཙམ་གསུང་རོགས།
ལན། སྤྱི་ལོ་1987ལོའི་ཟླ་8ཚེས་15ཉིན། ཁོ་བོས་གུས་བཀུར་ཚད་མེད་ཀྱི་བསམ་པ་བཅངས་ནས་མི་རིགས་དཔེ་སྐྲུན་ཁང་གི་རྒྱ་སྒོའི་ནང་དུ་འཛུལ། ཉིན་དེ་ནས་བཟུང་རང་གི་མི་ཚེ་ཧྲིལ་པོ་མེས་རྒྱལ་གྱི་མི་རིགས་དཔེ་སྐྲུན་དོན་དུ་ལེགས་སྐྱེས་འབུལ་རྒྱུའི་སེམས་ཐག་བཅད། དེ་ནས་ཏང་གི་གཟིགས་སྐྱོང་དང་འགོ་ཁྲིད་ཀྱི་ཐུགས་ཁུར། དེ་མིན་རྩོམ་སྒྲིག་རྒན་རབས་པ་རྣམ་པའི་རོགས་རམ་དང་སྐུལ་སློང་འོག །ལོ་ཙཱ་དང་ཞུ་དག །རྩོམ་སྒྲིག །དཔེ་ཆ་འགྲེམ་སྟོན་སོགས་མདོར་ན་སྒྲིག་པར་འགྲེམས་གསུམ་གྱི་ལས་ཀ་གང་རུང་ལ་ཤུགས་ཕྱུང་པ་ཡིན་པས། མི་ལོ་35རྗེས་ཀྱི་དེ་རིང་། ཁོ་བོ་ན་གཞོན་སློབ་མ་ཞིག་ནས་རིམ་བཞིན་ལས་རིགས་དེ་གའི་རྐང་འཛིན་ཆེད་ལས་པ་ཞིག་ཏུ་རེད་སོང་།
དྲི་བ། ཁྱེད་ཉིད་དཔེ་སྐྲུན་གྱི་ལས་གནས་ལ་ཞུགས་དགོས་པའི་རྒྱུན་མཚན་གང་ཡིན།
ལན། ང་རང་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཡོད་དུས་ནས་སྤྱི་ཚོགས་ཐོག་ལས་ཀར་ཞུགས་སྐབས། རིག་གནས་སྐོར་གྱི་ལས་གནས་ཤིག་ལ་ཞུགས་རྒྱུའི་ཕུགས་བསམ་དང་རེ་བ་སྙིང་དུ་བཅངས་ཡོད། དང་ཐོག་ཚགས་པར་ཁང་སོགས་ཉེ་འཁོར་དུ་ཡོད་པའི་རིག་གནས་སྡེ་ཁག་འགའ་ཤས་ལས་དཔེ་སྐྲུན་ཁང་ལ་ཆ་རྒྱུས་ཆེན་པོ་མེད་ཀྱང་། རྗེས་སུ་དཔེ་སྐྲུན་ཁང་ནི་མི་ཚེ་གཅིག་ལ་དཔེ་ཆ་དང་འགྲོགས་ཆོག་པ་མ་ཟད། ཤེས་རིག་སྦྱོང་སའི་བསྟི་གནས་ལྟ་བུ་ཞིག་ཡིན་པ་རྟོགས་ནས་དེ་ལ་ཤིན་ཏུ་དགའ་ཞེན་སྐྱེས་ཤིང་། རང་གི་ནུས་ཤུགས་ཡོད་ཚད་དཔེ་སྐྲུན་ལས་རིགས་ལ་འབུལ་རྒྱུའི་སེམས་ཐག་བཅད་པ་ཡིན།
དྲི་བ། ཁྱེད་ལ་དཔེ་སྐྲུན་ཐད་ཆེས་བརྗེད་དཀའ་བའི་དོན་དག་ག་འདྲ་ཡོད།
ལན། མ་གཞི་ང་རང་དཔེ་སྐྲུན་ལས་གནས་ལ་ཞུགས་ནས་ད་བར་བརྗེད་དཀའ་བའི་དོན་དག་མང་པོ་ཞིག་ཡོད། དེ་བས་ཤིན་ཏུ་བརྗེད་དཀའ་བ་ནི་ཐེངས་དང་པོར་དཔེ་ཆ་རྩོམ་སྒྲིག་འགན་ཁུར་བའི་རྣམ་པ་དང་ཐེངས་དང་པོ་དཔེ་དེབ་ཡིག་བསྒྱུར་བྱས་པའི་མྱོང་ཚོར། ཐེངས་དང་པོ་བྱ་དགའ་ཐོབ་པའི་སེམས་ཚོར། དེ་བཞིན་དཔེ་སྐྲུན་ཐད་རྒན་རབས་པས་མཛུབ་སྟོན་གནང་སྐབས་བསྟོད་པ་དང་བཀའ་བཀྱོན་གནང་བ་སོགས་རེད་འདུག་ལ། ད་ལྟ་ཕྱི་འདང་ཞིག་བརྒྱབ་ན། བརྗེད་དཀའ་བའི་དོན་དེ་དག་ནི་མཐོ་སྒང་གངས་ཀྱི་ར་བ་ནས་ཐག་རིང་རྒྱལ་ས་པེ་ཅིན་དུ་ཕུགས་བསམ་སྙེག་ཏུ་འོང་བའི་གཞོན་ནུ་དེ་ལ་བློ་སྤོབས་རྒྱས་པའི་སྐུལ་ལྕག་དང་ལེགས་ལམ་ཁྲིད་པའི་མཛུབ་སྟོན་ཞིག་ཅིས་མ་ཡིན་སྙམ།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》པོད་གསུམ་པའི་ཞུ་དག་ཡུལ་དངོས་སུ་རྒྱལ་ཁབ་མི་རིགས་དོན་གཅོད་ཨུ་ལྷན་གྱི་འགོ་ཁྲིད་རྣམས་གཟིགས་སྐོར་དུ་ཕེབས་པ།
དྲི་བ། ཁྱེད་དང་ཐོག་ལས་གནས་ལ་ཞུགས་དུས་དཀའ་ཁག་གང་དག་ལ་འཕྲད་མྱོང་། དཀའ་ཁག་དེ་དག་ཇི་ལྟར་ཐག་བཅད་པ་ཡིན།
ལན། ཐེངས་དང་པོ་པེ་ཅིན་ལ་སླེབས་དུས། ས་མི་འཕྲོད། ཟས་མི་འཕྲོད། མི་མི་འཕྲོད་པ་སོགས་མི་འཕྲོད་པ་མང་པོ་འདུག །ཕུགས་བསམ་སྙེག་པའི་གཞོན་ནུ་ང་དང་ང་འདྲ་བ་གང་མང་ཞིག་ས་གནས་ལ་རྒྱུས་མེད་ཅིང་འདུ་འཛི་ཆེ་བའི་རྒྱལ་ས་པེ་ཅིན་ལྟ་བུ་ལ་སླེབས་དུས། དཀའ་ཁག་དུ་མ་ཞིག་དང་འཕྲད་བཞིན་ཡོད་པ་ལྡོག་ཏུ་མེད་ཀྱང་། ངས་འབད་པ་ལྷུར་ལེན་དང་ལྟོ་སྐྱ་གོས་ཧྲུལ་གྱིས་དཀའ་ཁག་ཡོད་ཚད་གདོང་གིས་བསུས་ཏེ་སྤོབས་པ་བསྐྱེད་པས། ལོ་ངོ་གསུམ་ཙམ་འགོར་རྗེས། མི་དང་འཕྲོད། ཟས་དང་འཕྲོད། ས་དང་འཕྲོད་ནས་རིམ་བཞིན་ཡུན་རིང་འདུག་རྒྱུའི་བསམ་བློ་འཁོར། མདོར་ན་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་སྲིད་ཇུས་དང་ཏང་ཡོན་གྱི་ཚད་གཞི་ལྟར་རང་ཉིད་ལ་རེ་བ་ནན་པོ་བྱས། ཆེད་ལས་ཀྱི་ཤེས་བྱར་སྙིང་རུས་ཆེན་པོས་སློབ་སྦྱོང་དང་། དཔར་གཞི་རྩོམ་སྒྲིག་ཐད་ཀྱི་བཅའ་ཁྲིམས་དང་ཁྲིམས་སྲོལ་སློབ་སྦྱོང་ཧུར་ཐག་བྱས་ཤིང་ཁོང་དུ་ཆུད། རིམ་གྱིས་འགྲེམས་སྤེལ་དང་། མ་གནས་སྔོན་རྩིས། ནོར་དོན་བསྡོམས་རྩིས་སོགས་འབྲེལ་ཡོད་ལས་སྒོའི་ཤེས་བྱ་ལ་རྒྱུས་ལོན་ཞིང་། རང་ཉིད་ཀྱི་ལས་ཀའི་ལྟ་རྒྱ་མཐོང་རྒྱ་ལས་རྒྱ་གསུམ་གྱི་ནུས་པ་ཟམ་མི་ཆད་པར་ཆེ་རུ་གཏོང་ཐུབ་པ་བྱུང་།
དྲི་བ། ཁྱེད་ཀྱིས་རྩོམ་སྒྲིག་གནང་བའི་བརྩམས་ཆོས་ཁྲོད་རང་ཉིད་འདོད་བློ་ཆེས་ཁེངས་པ་དེ་གང་ཡིན། རྒྱུ་མཚན་ཅི།
ལན། མི་ལོ་སུམ་ཅུ་ལྷག་གི་རིང་ལ། ངས་དཔེ་དེབ་མང་པོ་རྩོམ་སྒྲིག་བྱས་ཡོད། ཕལ་ཆེར་དཔེ་དེབ་བརྒྱ་ཕྲག་ཁ་ཤས་ཀྱི་དཔེ་སྐྲུན་དང་རྩོམ་སྒྲིག་གི་འགན་ཁུར་ཡོད་རྒྱུ་རེད། དེ་ལས་སྤུས་ཀ་ལེགས་ཤིང་འདོད་བློ་ཆེས་ཁེངས་པ་ནི་ཇོ་ནང་དཔེ་ཚོགས་དེ་ཡིན་ལ། དཔེ་ཚོགས་དེ་ནི་རང་གིས་ཐོག་མར་སྒྲིག་པ་པོ་ལ་འབྲེལ་བ་བྱས་པ་དང་བར་དུ་རྩོམ་སྒྲིག་དང་ཞུ་དག་བྱས། མཐའ་མ་རྩིས་ཞིབ་དང་པར་སྐྲུན་འགྲེམས་སྤེལ་སོགས་མདོར་ན་ཐོག་མཐའ་བར་གསུམ་གྱི་ལས་ཀ་ཚང་མ་རང་གིས་འགན་ཁུར་ནས་སྒོ་ལ་བཏོན་ཐུབ་པ་བྱུང་བར་མ་ཟད། སྤྱི་ཚོགས་ཀྱི་གདེང་འཇོག་ཀྱང་ཚད་མཐོན་པོ་ཐོབ་སོང་བས། རང་ཉིད་འདོད་བློ་ཆེས་ཁེངས་པའི་དཔེ་ཆ་ལ་ངོས་འཛིན་བཞིན་ཡོད། གཞན་ཡང་། ངའི་ཆེད་སྦྱོང་ནི་སྒྲ་རིག་པ་ཡིན་པ་དང་། ངེད་དཔེ་སྐྲུན་ཁང་དུ་སྒྲ་རིག་པ་ཆེད་སྦྱོང་བྱེད་མཁན་ང་ལས་མེད་པས་སྒྲ་རིག་པའི་དཔེ་དེབ་ཡོད་དོ་ཅོག་རྩོམ་སྒྲིག་བྱེད་དགོས་བཞིན་ཡོད་ཅིང་། དེས་མ་ཟད་རང་ཉིད་སྒྲ་རིག་པ་ལ་དམིགས་བསལ་གྱི་དགའ་ཞེན་ཀྱང་ཡོད་སྟབས། སྒྲ་རིག་པའི་དཔེ་དེབ་སྤུས་ལེགས་གང་མང་བསྒྲིགས་མྱངས་ལ། དེ་དག་ནི་རང་གིས་རྗེས་རབས་པ་ལ་བཞག་པའི་བྱས་རྗེས་སམ་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་པའི་བྱ་གཞག་ཅིག་ལ་ངོས་འཛིན་བཞིན་ཡོད།
《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ་》པོད་གཉིས་པའི་ལྷ་སའི་འགྲེམ་སྤེལ་མཛད་སྒོའི་ཐོག་བོད་ལྗོངས་བརྙན་འཕྲིན་ཁང་གི་གསར་འགོད་པས་བཅར་འདྲི་གནང་བ།
དྲི་བ། ཁྱེད་ལས་ཞུགས་མཛད་ནས་ད་བར་བོད་ཡིག་དཔེ་སྐྲུན་ཐད་འགྱུར་བ་ག་འདྲ་འདུག །
ལན། བོད་ཡིག་དཔེ་སྐྲུན་ཐད་དར་རྒྱས་ཧ་ཅང་ཆེན་པོ་ཕྱིན་སོང་། ང་རང་ཐེངས་དང་པོ་མི་རིགས་དཔེ་སྐྲུན་ཁང་དུ་ལས་ཞུགས་བྱེད་སྐབས་དཔེ་དེབ་རྩོམ་སྒྲིག་བྱས་པ་མ་ཟད། དཔེ་དེབ་འགྲེམས་ཚོང་གི་ལས་འགན་ཁུར་བས། དཔེ་དེབ་འགྲེམས་ཚོང་གི་གྲངས་འབོར་སོགས་ལ་ཆ་རྒྱུས་ཅུང་ཙམ་ཡོད། དཔེར་ན། སྐབས་དེར་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་དཔེ་དེབ་ཅིག་བསྒྲིགས་ནས་ཚར་500ཙམ་དཔར་ན། ལོ་ངོ་གཉིས་གསུམ་ཙམ་འགོར་ན་ད་གཟོད་བཙོང་ཚར་བཞིན་ཡོད་ཅིང་། སྤྱི་ཚོགས་ཐོག་དགོས་མཁོ་ཡོད་མ་རེད་ལ། ཉོ་མཁན་ཡང་ཤིན་ཏུ་ཉུང་ཉུང་རེད། ད་ལྟ་འདྲ་ཡིན་ན་ལྷག་པར་དུ་བོད་ཀྱི་གསོ་བ་རིག་པའི་སྐོར་གྱི་དཔེ་དེབ་དགོས་མཁོ་ཆེ་ཞིང་། བཙོང་སར་སྟབས་བདེ་པོ་ཆགས་ཡོད་པ་དང་། གལ་སྲིད་པར་ཐེངས་གཅིག་ལ་དཔེ་དེབ་3000དཔར་ན། ལོ་གཅིག་མ་འགོར་བར་ཚང་མ་བཙོང་ཚར་བཞིན་འདུག །དཔེ་དེབ་འགྲེམས་ཚོང་གི་གྲངས་ཀ་འདི་གཅིག་པུ་ལས་ཀྱང་བོད་ཀྱི་རིག་གནས་དར་རྒྱས་ཆེན་པོ་འགྲོ་བཞིན་ཡོད་པར་མ་ཟད། ལྷག་པར་དུ་བོད་ཀྱི་གསོ་བ་རིག་པ་ཤེས་མཁན་མང་བ་དང་དགོས་མཁོ་ཆེ་བ། སྤྱི་ཚོགས་ཐོག་སློབ་མ་མང་པོ་གསོ་སྐྱོང་བྱས་ཡོད་པ་རྟོགས་ཐུབ་བཞིན་འདུག །ད་དུང་དཔེ་དེབ་པར་སྐྲུན་གྱི་གྲངས་ཀ་ཇེ་མང་ཕྱིན་པ་ཙམ་མིན་པར་དེའི་སྤུས་ཀ་དང་སྣ་ཁ་སོགས་གྲ་ཇེ་རྒྱས་སུ་འགྲོ་བཞིན་ཡོད།
དྲི་བ། ཁྱེད་སྔོན་མར་《ཀྲུང་ཧྭའི་བཀའ་བསྟན་དཔེ་བསྡུར་མ་》ཡི་ལས་གྲལ་དུ་ཞུགས་པ་ཡིན་ནམ། དེའི་སྐོར་ཉུང་ཙམ་གསུང་རོགས།
ལན། སྤྱི་ལོ་1990ལོའི་ལོ་འགོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་གྱི་རྩོམ་སྒྲིག་ལས་ཀར་ཞུགས། ལོ་བཞིའི་རིང་། ལས་གྲོགས་སུ་མཁས་པ་དང་རྩོམ་སྒྲིག་པ་རྒན་གྲས་མང་པོ་ཡོད་སྟབས། རྩོམ་སྒྲིག་ལས་རིགས་སྐོར་ལ་རྨང་གཞི་བརྟན་པོ་བཏིང་བའི་གོ་སྐབས་ཐོབ། དེ་ནས་《ཀྲུང་ཧྭའི་བཀའ་བསྟན་དཔེ་བསྡུར་མ་》ཡི་གཞི་ཁོག་ཡང་དག་ཡོང་བའི་ཆེད་འདྲ་གཟུགས་དེབ་ཅིག་རྒྱབ་ཏུ་ཁུར་ནས། དཔེ་སྐྲུན་འབྲེལ་ཡོད་མི་སྣ་དང་མཉམ་དུ་ཀན་སུའུ་དང་མཚོ་སྔོན། སི་ཁྲོན་བཅས་ལ་ཕྱིན་ཏེ་བོད་རིག་པའི་མཁས་དབང་རྣམས་ཀྱི་སྐུ་མདུན་དུ་བཅར་ནས་《བསྟན་འགྱུར་》ཞུ་དག་དང་དཔེ་སྐྲུན་སྐོར་གྱི་སྒྲིག་ལུགས་སྒྲིག་སྟངས་ཐད་བསམ་འཆར་བསྡུ་ལེན་ཡང་དག་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པས། དེང་སང་བོད་རིག་པའི་བཀའ་བསྟན་དཔེ་བསྡུར་ལེགས་གྲུབ་བྱུང་བར་ཆེས་ཐོག་མར་དཀའ་ལས་ཤུགས་ཆེར་ཕྱུང་མྱངས་བ་དང་བཀའ་བསྟན་གྱི་དེབ་ཁོག་གཞི་རྨང་གཞི་དེ་ཐོག་མར་གྲུབ་པ་རེད། མིག་སྔར་དཔེ་དེབ་དེར་ཀྲུང་གོ་བོད་རིག་པའི་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་འགྲེམས་སྤེལ་བྱས་ཡོད་པ་དང་འབྲེལ། བྱ་དགའ་ཆེན་པོ་ཐེངས་མང་ཐོབ་ཡོད། སྤྱི་ལོ་2011ལོར་ཀྲུང་གོའི་བོད་རིག་པ་ལྟེ་གནས་ཚུགས་ནས་ལོ་ངོ་30འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྐབས་སུ་ང་རང་མི་སྒེར་ལའང་“གཟི་བརྗིད་མཚན་སྙན་བྱ་དགའ་”ཞིག་གནང་བྱུང་།
འཕྲིན་ལས་རྒྱལ་མཚན་གྱིས་ཀྲུང་དབྱང་མི་རིགས་སློབ་ཆེན་བོད་རིག་པའི་ཞིབ་འཇུག་གླིང་གི་འབུམ་རམས་པའི་དམ་བཅའི་རྩོད་གླེང་ཐོག་གདན་ཞུས་དཔྱད་འདེམས་པའི་འགན་ཁུར་བ།
དྲི་བ། བོད་ཡིག་དཔེ་སྐྲུན་གྱི་མིག་སྔའི་གནས་བབ་ག་འདྲ་ཡིན།
ལན། ད་ལྟ་ངོ་མ་དུས་ཚོད་བཟང་པོ། སྲིད་ཇུས་བཟང་པོ། རྫོགས་ལྡན་གྱི་དུས་ཚོད་ལྟ་བུ་ཞིག་ལ་འཁེལ་ནས། ང་རང་ཚོའི་བོད་ཡིག་གི་དཔེ་སྐྲུན་ཙམ་མ་ཟད། མི་རིགས་སོ་སོའི་དཔེ་སྐྲུན་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་ཕྱིན་ཡོད། ལྷག་པར་དུ་བོད་ཡིག་དཔེ་སྐྲུན་ནི་དབྱར་ཆུ་རྒྱས་པ་ལྟར་དར་ཞིང་རྒྱས་པ་དང་། མི་རིགས་སྲིད་ཇུས་བཟང་པོའི་ཉི་ཟེར་འོག་བཅུ་ཕྲག་རིག་པའི་འདབ་སྟོང་ཕྱོགས་བཞིར་གྲོལ་གྱི་འདུག །
དྲི་བ། བོད་ཡིག་དཔེ་སྐྲུན་གྱི་ཐོག་མའི་ལས་ཞུགས་པ་ཞིག་ཡིན་ཚེ། དོ་སྣང་བྱ་ཡུལ་ག་འདྲ་ཡོད།
ལན། བོད་ཡིག་དཔེ་སྐྲུན་ལ་ཞུགས་པའི་ལས་དང་པོ་ཞིག་ཡིན་ཚེ། ལས་ཀ་ལ་བྲེལ་བ་གཏན་ནས་བྱ་མི་རུང་ལ། རང་གི་རྒྱུད་ལ་དལ་མོ་དང་ཞིབ་མོ། གཟབ་མོ་བཅས་གཟབ་ཞིབ་དལ་གསུམ་གྱི་ཁྱད་ཆོས་འཛོམས་དགོས་པ་ནི་ཤིན་ཏུ་གལ་ཆེན་པོ་ཞིག་ལ་ངོས་འཛིན་བཞིན་ཡོད། དེ་ཡང་རང་ཉིད་བཟོ་མཁན་དང་སྐྲུན་མཁན་ཞིག་ཡིན་པའི་འདུ་ཤེས་འཛིན་ནས་མུ་མཐུད་དུ་འབད་བརྩོན་བྱས་ཚེ། སྒྲུབ་པའི་བྱ་བར་སྤུས་ཀ་ལྡན་ཞིང་མ་འོངས་པར་རང་གི་ལུས་ལ་གོམས་གཤིས་མཆོག་ཏུ་གྱུར་པ་ཞིག་ཆགས་ངེས།
དྲི་བ། བོད་ཡིག་དཔེ་སྐྲུན་ལ་མཚོན་ན་དེང་དུས་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་དེ་གང་ཡིན།
ལན། ངའི་བསམ་པར། དེང་རབས་ཀྱི་འགྲོས་དང་རྒྱལ་ཁབ་ཀྱི་སྲིད་ཇུས་དང་མཐུན་པའི་ཆ་རྐྱེན་འོག །གློག་རྡུལ་དཔེ་དེབ་ཐད་ལ་བསམ་མནོ་བཏང་ནས་དེ་ལ་ཚོད་ལྟ་དང་ཞིབ་འཇུག་གང་མང་བྱ་བ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་པའི་དོན་ཆེན་ཞིག་ཡིན་པ་སེམས་ལ། ཤོག་དེབ་དེ་གློག་རྡུལ་དཔེ་དེབ་ཏུ་བསྒྱུར་བ་ནི་དུས་རབས་ཀྱི་འགྲོ་སྟངས་ཤིག་ལ་གྱུར་ཡོད་པ་རེད། གཞན་ཡང་བྱིས་པ་ལ་འཚམ་པའི་དཔེ་དེབ་དང་ཚན་རིག་གི་དཔེ་དེབ། དེ་མིན་དམངས་ཁྲོད་རིག་གནས་ཀྱི་དཔེ་དེབ་སོགས་ཡི་གེ་དང་རི་མོ་སྦྲགས་མའི་དཔེ་དེབ་སྤུས་ལེགས་བཏོན་ཅི་ཐུབ་གང་ཐུབ་བྱས་ན་ཡག་པོ་འདུག་བསམ་གྱི་ཡོད། མི་དམངས་ལ་ཕན་ཐོགས་ཤིང་མིག་སྔའི་སྲིད་ཇུས་དང་མཐུན་པའི་དཔེ་དེབ་བསྒྲིག་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཞིག་རེད་ལ། རིག་གནས་ལ་ཞབས་ཞུ་དང་མི་དམངས་ལ་ཞབས་ཞུ་སྒྲུབ་པའི་མིག་མཐོང་ལག་ཟིན་གྱི་བྱ་གཞག་ཅིག་རེད་འདུག་སྙམ།
འཕྲིན་ལས་རྒྱལ་མཚན་གྱིས་ལས་རིགས་གཅིག་པའི་ཆེད་མཁས་པ་དང་མཉམ་དུ་དཔེ་སྐྲུན་སྐོར་གྱི་དཔྱད་འདེམས་གྲོས་མོལ་གནང་བཞིན་པ།
དྲི་བ། མིག་སྔར་རྒྱལ་ནང་དུ་བོད་ཡིག་གི་དཔེ་སྐྲུན་སྡེ་ཁག་གང་དག་ཡོད། མི་རིགས་དཔེ་སྐྲུན་ཁང་གི་ཁྱད་ཆོས་གཙོ་བོ་གང་ཡིན།
ལན། ད་ལྟ་རྒྱལ་ནང་དུ་རྒྱལ་ཁབ་གསར་འགྱུར་དཔེ་སྐྲུན་རྒྱང་བསྒྲགས་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱིས་ཆོག་མཆན་གནང་ཞིང་། ཆེད་ལས་མི་སྣ་ཡོད་པའི་བོད་ཡིག་དཔེ་སྐྲུན་སྡེ་ཁག་ཆེ་གྲས་བརྒྱད་ཡོད་དེ། པེ་ཅིན་དུ་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་དང་ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་། བོད་ལྗོངས་སུ་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་དང་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་། སི་ཁྲོན་དུ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། མཚོ་སྔོན་དུ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། ཀན་སུའུ་རུ་ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ཡུན་ནན་དུ་ཡུན་ནན་མི་རིགས་དཔེ་སྐྲུན་ཁང་བཅས་ཡོད། ད་དུང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་རུ་བོད་ཡིག་དཔེ་སྐྲུན་བྱ་ཡུལ་ཞིག་ཡོད་ཀྱང་དཔེ་སྐྲུན་གྱི་གྲངས་འབོར་ཉུང་ངུ་འདྲ་རེད། དེ་དག་ལས་མི་རིགས་དཔེ་སྐྲུན་ཁང་ལྟ་བུ་ལ་མཚོན་ན་ཏང་དང་རྒྱལ་ཁབ་ཀྱི་དབུ་ཁྲིད་ཀྱི་གསུང་རྩོམ་དང་རྒྱལ་ཁབ་ཀྱི་རྩ་ཁྲིམས། རྒྱལ་ཁབ་ཀྱི་སྲིད་ཇུས། ཚོགས་ཆེན་གཉིས་ཀྱི་ཡིག་ཆ་སོགས་ཏང་དང་རྒྱལ་ཁབ་ཀྱི་ཡིག་ཆ་རྩ་ཆེན་ཁག་པར་སྐྲུན་འགྲེམ་སྤེལ་བྱ་རྒྱུ་གཙོ་བོར་འཛིན་བཞིན་ཡོད་རེད་ལ། དེ་མིན་ད་དུང་གནའ་དཔེ་དང་། དེང་སང་གི་ཚན་རིག་ཡིག་ཆ། ཆོས་ལུགས་གྲུབ་མཐའ་དང་ཚན་ཉིད་རིག་པ། ལོ་རྒྱུས་སོགས་མདོར་ན་བཅུ་ཕྲག་རིག་གནས་ཀུན་གྱི་ཡིག་ཆ་མཐའ་དག་པར་སྐྲུན་འགྲེམ་སྤེལ་བྱེད་ཀྱི་ཡོད་རེད།
དྲི་བ། མིག་སྔར་རྒྱལ་ནང་དུ་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་དང་པར་སྐྲུན་གྱི་གནས་བབ་ག་འདྲ་ཡིན། ཁྱེད་ལ་དེའི་ཐད་དགོངས་ཚུལ་ག་འདྲ་ཡོད།
ལན། བོད་ཀྱི་རིག་གནས་ལ་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་ཞིང་། བོད་ཡིག་གསར་བཏོད་བྱས་ནས་ད་བར་རིག་པའི་གཞུང་ལུགས་མང་པོ་དར་བ་མ་ཟད། བསྟན་བཅོས་ཀྱི་པོ་ཏི་རི་བོའི་གཏོས་དང་མཉམ་ལ། ད་ལྟ་སྲིད་ཇུས་བཟང་བའི་རྫོགས་ལྡན་གྱི་དུས་འདི་ལ་ལོ་ངོ་སྟོང་ཕྲག་ལ་ཉར་བའི་དཔེ་དེབ་དག་ཡར་ལེན་ནས་ཡང་བསྐྱར་པར་དུ་སྐྲུན་ཞིང་། དེང་རབས་ཚན་རིག་ལག་རྩལ་གྱི་ལག་ཆ་ལ་བརྟེན་ནས་པར་གཞི་རྙིང་པ་གསར་པ་བཟོ་བའི་གོ་སྐབས་རྙེད་ཡོད། བགྲང་བྱ་དུ་མའི་རིང་དཔེ་སྐྲུན་ཁང་དང་རིག་གནས་སྡེ་ཁག་སོ་སོས་གནའ་དཔེ་བསྡུ་སྒྲིག་དང་པར་སྐྲུན་སོགས་ལ་ནུས་ཤུགས་གཞལ་ཐབས་བྲལ་བ་ཕྱུང་ཡོད་པས། དེའི་གྲུབ་འབྲས་གཡུར་དུ་ཟ་ཞིང་ཕུན་སུམ་ཚོགས་པས་སེམས་པ་ཤིན་ཏུ་སྤྲོ་བཞིན་ཡོད་ལ། གཙུག་ལག་རིག་པའི་བང་འཛོད་འདི་ནི་མི་རིགས་ཀྱི་ལ་རྒྱ་དང་ཁོག་ལ་སྤོབས་པ་སྐྱེས་འོས་པའི་དོན་ཞིག་ཡིན་པས། ང་ཚོས་ནམ་ཡང་མེས་པོའི་བཞག་པ་དང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོ་ལ་བཀའ་དྲིན་ཞུ་དགོས་པར་སེམས།
དྲི་བ། བོད་ཡིག་དཔེ་རྙིང་བསྡུ་སྒྲིག་དང་པར་སྐྲུན་བྱེད་སྐབས་དོ་སྣང་བྱ་དགོས་པ་གང་དག་ཡོད།
ལན། གལ་སྲིད་དཔེ་རྙིང་གི་མ་དཔེ་ཤིན་ཏུ་གསལ་ཞིང་ཆད་ལྷག་སོང་མེད་ཚེ། དེ་ཐད་ཀར་བཤེར་འབེབས་བྱས་ནས་པར་ཐུབ་ན་ཤིན་ཏུ་ལེགས། དེ་ལས་ལྡོག་སྟེ་དཔེ་རྙིང་གི་མ་དཔེ་མི་གསལ་ཞིང་ཉམས་ཆག་ཆེན་པོ་བྱུང་ཡོད་ཚེ། དེ་ཉིད་གློག་རྡུལ་དུ་བཏང་ནས་ཞུ་དག་ཡང་དང་བསྐྱར་དུ་བྱས་རྗེས། མུ་མཐུད་དུ་དཔེ་བསྡུ་བྱ་རྒྱུ་དེ་གལ་ཆེན་པོ་ཞིག་རེད་བསམ་བཞིན་ཡོད། དེ་ལྟར་མིན་ཚེ། གློག་རྡུལ་དུ་བཏགས་བའི་དཔེ་དེབ་ལ་ཡིག་ནོར་རྒྱག་པ་དང་འཁྲུལ་བ་མང་པོ་འབྱུང་བཞིན་འདུག་པས་དོ་སྣང་དང་ཡིད་གཟབ་ཤིན་ཏུ་བྱ་དགོས་པར་འདོད།
《ཀྲུང་གོ་གསར་པ་དབུ་བརྙེས་ཚུན་དུ་བསྐྲུན་པའི་བོད་ཡིག་དཔེ་དེབ་ཀྱི་དཀར་ཆག་ཕྱོགས་བསྒྲིགས་》ཚོགས་འདུའི་བགྲོ་གླེང་གི་ཡུལ་དངོས།
དྲི་བ། བོད་ཡིག་དཔེ་སྐྲུན་སྡེ་ཁག་གི་ལས་སྒྲུབ་མི་སྣ་ཞིག་ཡིན་ཚེ། དེ་ལ་མ་མཐའ་ཡང་ཆ་རྐྱེན་གང་དག་ཚང་དགོས།
ལན། མ་མཐའ་ཡང་སློབ་གྲྭ་ཆེན་ཁག་ནས་སློབ་མཐར་ཕྱིན་པར་མ་ཟད། བོད་ཀྱི་བཅུ་ཕྲག་རིག་གནས་ཡོངས་རྫོགས་མཐིལ་ཕྱིན་པ་ཞིག་མ་ཤེས་རུང་། དེ་ལ་བག་ཆགས་ཟབ་ཅིང་བོད་ཡིག་གི་རྨང་གཞི་བཟང་བ། ལྷག་པར་དུ་བོད་ཀྱི་རིག་གནས་ལ་སྙིང་ཁོང་རུས་པའི་སྟེང་ནས་དགའ་ཞེན་ཡོད་ཅིང་། མེས་པོ་བཀའ་དྲིན་ཅན་གྱིས་བཞག་པའི་གཙུག་ལག་རིག་པའི་གནས་ཀུན་འཛིན་སྐྱོང་སྤེལ་གསུམ་བྱེད་པའི་འདུ་ཤེས་དང་སྐུལ་སློང་རྣམ་པ་དག་པ་ཡོད་མཁན་ཞིག་ཡིན་དགོས། གལ་སྲིད་དེ་ལས་ལྡོག་སྟེ་རང་གི་ཡོང་སྒོ་གཅིག་པུ་ལ་བསམ་མནོ་གཏོང་མཁན་ཞིག་ཡིན་ཚེ། ལས་ཀ་ཡག་མོ་བསྒྲུབ་ཐུབ་ཀྱི་མ་རེད།
དྲི་བ། དེང་དུས་བོད་ཡིག་དཔེ་སྐྲུན་སྡེ་ཁག་ཏུ་ཤེས་ལྡན་མི་སྣའི་གནས་བབ་ག་འདྲ་ཡིན། བོད་ཡིག་དཔེ་སྐྲུན་ལས་རིགས་ཀྱི་ཆེད་ལས་ཤེས་ལྡན་མི་སྣ་ཇི་ལྟར་སྐྱེད་བསྲིང་བྱ་དགོས།
ལན། དཔེར་ན་ང་ཚོའི་དཔེ་སྐྲུན་ཁང་ལྟ་བུ་ལ་མཚོན་ན། ལས་བྱེད་པ་རྒན་པ་མང་པོ་ཞིག་ལས་འཁྱུར་ངལ་གསོ་བརྒྱབ་ཟིན་པ་དང་། གསར་དུ་ལས་གནས་ལ་ཞུགས་པའི་ལོ་ཆུང་མང་པོ་ཞིག་ལས་ཀ་ལ་ཆ་རྒྱུས་དེ་ཙམ་མེད་པར། ད་ལྟ་བར་སྟོང་དེ་ཁ་སྐོང་བྱེད་པའི་དུས་ཚོད་ལྟ་བུ་ཞིག་ལ་འཁེལ་ཡོད། འོན་ཀྱང་། ལོ་ཆུང་རྣམས་ལ་རེ་བ་ཆེན་པོ་ཡོད་དེ། ཁོང་རྣམ་པ་ནི་འབུམ་རམས་པ་དང་རབ་འབྱམས་པ་སོགས་སློབ་སྦྱོང་གི་ཆུ་ཚད་ཤིན་ཏུ་མཐོ་ལ། ལྷག་པར་དུ་བོད་ཀྱི་རིག་གནས་ལ་དགའ་ཞེན་ཆེན་པོ་ཡོད་མཁན་ཤ་སྟག་ཡིན། དཔེ་སྐྲུན་སྐོར་གྱི་ཤེས་ལྡན་མི་སྣ་སྐྱེད་སྲིང་ཐད། དཔེ་སྐྲུན་ལས་རིགས་ཀྱི་རྒན་རབས་ཚོས་གཞོན་ནུ་རྣམས་ལ་དཔེ་སྐྲུན་གྱི་ཉམས་མྱོང་དང་འདུ་ཤེས་འཛིན་སྟངས་སོགས་ཁྲིད་སྟོན་བྱ་དགོས་ལ། བོད་ཡིག་དཔེ་སྐྲུན་ཁང་གི་ལས་སྒྲུབ་མི་སྣ་ཞིག་ཡིན་ཚེ། རང་ཉིད་ནི་བོད་ཡོངས་ཀྱི་དཔེ་སྐྲུན་ལས་རིགས་སྐོར་གྱི་སྐུ་ཚབ་ལྟ་བུ་ཞིག་ཡིན་པར་མ་ཟད། བོད་ཀྱི་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་འོས་འགན་ཕྲག་ཏུ་ཁུར་བའི་མི་སྣ་ཞིག་ཡིན་པའི་འདུ་ཤེས་འཛིན་ནས། སྤྱི་ཚོགས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ལས་དང་པོ་དེ་ལྷག་ཏུ་གཙིགས་སུ་འཛིན་དགོས།
དྲི་བ། བོད་ཡིག་དཔེ་སྐྲུན་འདི་དུས་ནམ་ཞིག་ནས་འགོ་རྩོམ་པ་རེད། དེའི་བརྒྱུད་རིམ་ག་འདྲ་ཡིན།
ལན། བོད་ཡིག་དཔེ་སྐྲུན་ལས་རིགས་ནི་བོད་ཡིག་གསར་དུ་གཏོད་པ་ནས་འགོ་བརྩམས་ཤིང་། ཐོག་མར་ས་རྡོ་རི་བྲག་ལ་ཡི་གེ་རྐོ་ཐུབ་པ་དང་པར་ཐུབ་པ་བྱུང་ཡོད་ལ། དེ་ནས་ལྕགས་རག་ཟངས་གསུམ་ཐོག་ཡི་གེ་རྐོ་ཐུབ་པ་དང་པར་ཐུབ་པ་བྱུང་། དེ་བཞིན་ཤིང་གི་ཐོག་ཏུ་ཡི་གེ་རྐོ་བ་དང་ཀོ་བའི་ཐོག་ཏུ་འབྲི་བ། ཤོག་བུའི་ཐོག་ཏུ་པར་བ་སོགས་ཀྱི་བརྒྱུད་རིམ་བྱུང་ཡོད། དེང་དུས་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་པའི་ཤོག་བུའི་ཐོག་ཏུ་ཡི་གེ་པར་བ་འདི་ནི་སྤྱིར་མིང་རྒྱལ་རབས་དང་ཆིང་རྒྱལ་སོགས་ནས་དར་ཡོད་ཀྱང་། གཙོ་བོ་བཅིངས་འགྲོལ་རྗེས་ནས་དར་རྒྱས་ཕྱིན་པ་རེད་ལ། བཅིངས་འགྲོལ་འགོ་མ་གཏོང་སྐབས་ལྕགས་པར་དང་དེ་ནས་ལོ་རབས་བརྒྱད་པ་དང་དགུ་བཅུ་པའི་རིང་ལ་འགྱིག་པར། ད་ལྟ་གློག་པར་གཏོང་གི་ཡོད། དེ་ལྟར་བགྲང་བྱ་ལྔ་བཅུ་ལྷག་གི་རིང་འཛམ་གླིང་གི་འགྲོས་དང་བསྟུན་ནས་ཡར་རྒྱས་ཆེན་པོ་ཕྱིན་ཡོད་པ་དང་། མ་འོངས་པར་དཔེ་སྐྲུན་ལས་རིགས་འདི་མུ་མཐུད་དུ་གཞི་གྲངས་ཅན་དུ་བཏང་ནས། སྤུས་ཀ་ལེགས་ཤིང་ས་ཁོངས་དང་དུས་ཚོད་ཀྱི་བཀག་རྡོ་ལས་གྲོལ་ནས་ཀློག་པ་པོ་ལ་བསམ་ཡུལ་འདས་པའི་སྟབས་བདེ་སྐྲུན་ཐུབ་རྒྱུ་རེད།
2020ལོའི་ཀྲུང་གོའི་མི་རིགས་ཡིག་བསྒྱུར་ཅུས་ཀྱི་བོད་སྐད་ཡིག་བརྡ་ཆད་གཅིག་གྱུར་ཆེད་མཁས་ལས་དོན་གྲོས་ཚོགས་སུ་ཞུགས་པ།
དྲི་བ། རྒན་ལགས་ཀྱིས་དཔེ་སྐྲུན་གྱི་བྱ་བ་གཉེར་ཞོར་དེང་རབས་སྲིད་དོན་སོགས་ཀྱི་སྐོར་ལ་ལོ་ཙཱ་གང་མང་གནང་སྐད་འདུག །དེ་བས་དེང་རབས་སྲིད་དོན་སོགས་བོད་ཡིག་ལ་བསྒྱུར་སྐབས་དོ་སྣང་བྱ་ཡུལ་གང་དག་འདུག །ཉིད་ཀྱི་ཉམས་མྱོང་དང་སྦྲགས་ནས་ཅུང་ཙམ་གསུང་རོགས།
ལན། ཁོ་བོས་ཡིག་སྒྱུར་ཚོ་ཆུང་དུ་སྔ་ཕྱི་ལོ་ངོ་བཅུ་ཡི་རིང་ལ། ལས་རོགས་གཞན་དག་དང་མཉམ་དུ《མི་རིགས་བརྙན་པར་》དང《མི་དམངས་བརྙན་པར་》《བདེན་འཚོལ་》སོགས་དུས་དེབ་ཀྱི་ཡིག་སྒྱུར་དང་ཕན་ཚུན་ཞུ་དག་བརྗེ་རེས་ཀྱིས་ལས་ཀ་བྱས་པར་མ་ཟད། ད་དུང་སྲིད་དོན་དཔྱད་གླེང་གི་རྩོམ་ཡིག་དང་། ཚན་རྩལ་རིགས་ཀྱི་རྩོམ་ཡིག །མི་སྣའི་རྣམ་ཐར་སོགས་ཡིག་སྒྱུར་བྱས། གཞན་ཡང་། 《ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་ལོན་པ་》དང་། 《ཤེས་བྱའི་ཟེགས་མ་》《གྲངས་ཉུང་མི་རིགས་ཀྱི་རྒྱུན་ཤེས་》《ཀྲུང་ཧྭ་གོང་འོག་གི་ལོ་ངོ་ལྔ་སྟོང་》སོགས་ཀྱི་ཡིག་སྒྱུར་ལས་གཞིའི་ནང་ཞུགས། སྔ་ཕྱི་ཁྱོན་བསྡོམས་ཡིག་འབྲུ་ས་ཡ་ལྷག་ཙམ་ཡིག་སྒྱུར་བྱས་ཡོད།
སྤྱིར་ཡིག་བསྒྱུར་ལ་སྒྲ་བསྒྱུར་དང་དོན་བསྒྱུར། ཐད་བསྒྱུར། རགས་བསྒྱུར་སོགས་རིགས་ཆེན་པོ་བཞི་ཙམ་འདུག །ང་ཚོས་ཡིག་བསྒྱུར་བྱེད་སྐབས་མ་ཡིག་གི་ནང་དོན་ཇི་བཞིན་དུ་བཏོན་དགོས་པར་མ་ཟད། བུ་ཡིག་གི་བརྡ་སྤྲོད་ཀྱི་ལུགས་དང་ཡོངས་སུ་མཐུན་པ་བྱ་དགོས་པ་དང་། ཀློག་པ་པོའི་ངོས་ཐད་ནས་བསམ་མནོ་ཡང་ཡང་གཏང་རྒྱུ་སོགས་ནི་ཧ་ཅང་གལ་ཆེན་པོ་རེད། དེང་གི་ཆབ་སྲིད་དང་རྩ་ཁྲིམས་སོགས་བསྒྱུར་བའི་སྐབས་སུ། ཐ་སྙད་གསར་པ་དང་བརྡ་ཆད་གསར་པ་ཤིན་ཏུ་མང་བས། བོད་ཡིག་གི་ཡིག་སྒྱུར་ལས་ཁུངས་ཁག་དང་བསམ་འཆར་བསྡུ་ལེན་བྱས་ནས། ཚད་ལྡན་དང་གཅིག་གྱུར་ཡོང་ཐབས་ལ་འབད་པ་བྱ་དགོས། གཞན་ཡང་ས་མིང་དང་མི་མིང་རྣམས་ནི་སྒྲ་བསྒྱུར་བྱ་དགོས་ལ། སྔོན་བྱོན་མཁས་པ་རྣམས་ཀྱིས་སྒྲ་བསྒྱུར་མཛད་ནས་རྒྱུན་ཆགས་སུ་གྱུར་ཟིན་པའི་ཐ་སྙད་དེ། དཔེར་ན་པེ་ཅིང་སོགས་སྔ་སྲོལ་ལྟར་འཇོག་དགོས་ཤིང་། གསར་དུ་བསྒྱུར་དགོས་པ་དག་ནི་མི་རིགས་དཔེ་སྐྲུན་ཁང་གིས་བསྒྲིགས་པའི་རྒྱ་བོད་ཤན་སྦྱར་ཚིག་མཛོད་ཀྱི་གཞུག་ཏུ་བཀོད་པའི་རེའུ་མིག་དེ་ལྟར་བསྒྱུར་ན་ལེགས། གལ་སྲིད་དེ་ལྟར་མིན་པར་མདོ་དབུས་ཁམས་གསུམ་གྱིས་ཕལ་སྐད་ཀྱི་སྒྲ་གདངས་ལྟར་འདྲ་མིན་བསྒྱུར་ན་གཅིག་གྱུར་ཡོང་ཐབས་བྲལ།
དྲི་བ། མཇུག་མཐར་ཁྱེད་ཀྱིས་ད་དུང་རྒྱ་ཆེའི་ཀློག་པ་པོ་རྣམས་ལ་གསུང་བསམ་པའི་སྐད་ཆ་འདྲ་ཅི་ཨི་ཡོད།
ལན། རང་ཉིད་ཆུང་དུས་ནས་ད་བར་སློབ་སྦྱོང་གི་གྲུབ་འབྲས་ཡིན་ནའང་འདྲ་ལས་ཀའི་གྲུབ་འབྲས་ཡིན་ནའང་འདྲ་ཁེངས་སྐྱུང་རང་གཤིས་ཀྱི་སེམས་ནི་ནམ་ཡང་དོར་མེད། ད་དུང་ཡིན་ན་མུ་མཐུན་ནས་ཟ་རྒྱུ་འཐུང་རྒྱུ་ཡོད་ན་དགའ། བཤད་རྒྱུ་གཏམ་རྒྱུ་མེད་ན་དགའ་ཞེས་པའི་དམངས་ཁྲོད་གཏམ་དཔེ་དེ་དང་དུ་བླངས། རང་གཤིས་རང་ཚུགས་དམ་དུ་བཟུང་། གདོད་མའི་ཁས་ལེན་མ་ཤོར་བས་མི་ཚེ་སྐྱེལ་བར་སེམས་སུ་ངེས་ཤིང་བཅངས་ཡོད། མདོར་ན་ཕྱིར་ལྟ་ལོ་སུམ་ཅུ་ལྷག་ཙམ་རིང་དཔེ་སྐྲུན་རྩོམ་སྒྲིག་བྱས་པའི་ལས་ཀ་དེ་ངས་འགན་འཁྲི་དང་སེམས་བཟང་བཅངས་ནས་མི་རིགས་ཀྱི་པར་གཞིའི་བྱ་གཞག་ལ་སྤྲོ་སེམས་རབ་ཏུ་འཁོལ་བ་དང་། རང་རིགས་བོད་ཀྱི་རིག་གནས་དཔེ་སྐྲུན་ཐད་ལས་ཀ་ཁ་ཤས་བྱས་པ་དང་། བྱས་རྗེས་ཅུང་ཙམ་ཐོབ་པ། མཚན་སྙན་དཔའ་རྟགས་འགའ་ཤས་ཐོབ་མྱངས། དེ་དག་རང་ང་རྒྱལ་གྱི་དར་ཅོག་གཡུག་ས་མིན་པ་རང་ཐད་ནས་བཤད་ན་མ་འོངས་པའི་སེམས་སྐུལ་བྱ་བའི་རྒྱུར་བཟུང་རྒྱུ་ཡིན། སླད་ཕྱིན་ངས་ཚད་གཞི་དེ་བས་མཐོ་བའི་ཐོག་ནས་རང་ཉིད་ཀྱི་རེ་བ་དང་རང་ངོས་ཀྱི་བློ་སྦྱོང་། སྤུས་ཚད་བཅས་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། མི་ཚེ་གང་གི་སྟོབས་ཤུགས་དེ་རང་རིགས་རིག་གནས་འཕེལ་རྒྱས་ཕྱོགས་སུ་ལེགས་སྐྱེས་འབུལ་རྒྱུ་ཡིན། །
ཁམས་པའི་བརྙན་འཕྲིན་ཁང་གི《བྱམས་པའི་ཁ་བརྡ་》ལེ་ཚན་གྱིས་མི་རིགས་དཔེ་སྐྲུན་ཁང་གི་བོད་ཡིག་སྡེ་ཚན་ལ་ཆེད་དོན་བཅར་འདྲི་གནང་བ།
མཇུག་ཏུ་བརྗོད་པ་དམ་པའི་ཕྲིན་ལས།
གཅིག །བརྒྱུད་རིམ་རགས་བསྡུས།
འཕྲིན་ལས་རྒྱལ་མཚན་ནི་སྤྱི་ལོ་1965ལོར་མི་ཉག་སྐྱ་གད་ཡུལ་ཚོའི་ཞིང་པ་དཀྱུས་མ་ཞིག་གི་ཁྱིམ་དུ་སྐྱེས། སྤྱི་ལོ་1980ལོར་ཕ་ཡུལ་སྐྱ་གད་སློབ་ཆུང་ནས་སློབ་མཐར་ཕྱིན། སྤྱི་ལོ་1983ལོར་ར་རྔ་ཁའི་སློབ་འབྲིང་ནས་སློབ་མཐར་ཕྱིན་པ་མ་ཟད། ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་རྒྱུགས་འཕྲོད། སྤྱི་ལོ་1987ལོར་སློབ་མཐར་ཕྱིན་ཏེ། ཐད་ཀར་པེ་ཅིན་མི་རིགས་དཔེ་སྐྲུན་ཁང་ལ་ལས་བགོས་བྱས། སྤྱི་ལོ་1990ལོའི་ལོ་འགོར་ཀྲུང་གོའི་བོད་རིག་པའི་ཞིབ་འཇུག་ལྟེ་གནས་ཀྱི་བཀའ་བསྟན་དཔེ་བསྡུར་གྱི་རྩོམ་སྒྲིག་ལས་ཀར་ཞུགས། སྤྱི་ལོ་1993ལོ་ནས་སྤྱི་ལོ་1994ལོའི་བར་ལོ་གཅིག་ཧྲིལ་པོར་ལྷ་སར་མི་རིགས་དཔེ་སྐྲུན་ཁང་གི་བོད་སྡོད་ལས་དོན་ས་ཚུགས་གསར་འཛུགས་བྱེད་པར་ཞུགས། སྤྱི་ལོ་1994ལོ་ནས་སྤྱི་ལོ་2006ལོའི་བར་མུ་མཐུད་ནས་མི་རིགས་དཔེ་སྐྲུན་བོད་ཡིག་ཁང་དུ་ཆབ་སྲིད་ཀྱི་བྱེད་སྒོ་སློབ་སྦྱོང་བྱེད་པར་ཤུགས་སྣོན་ཟམ་མི་ཆད་པར་བརྒྱབ། ད་དུང་ལས་ཀའི་ཞོར་དུ་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་བོད་རིག་པ་སློབ་གླིང་གི་བོད་རིགས་ཀྱི་གནའ་བོའི་ལོ་རྒྱུས་ཞིབ་འཇུག་སློབ་མའི་ཆེད་ལས་སློབ་ཚན་ལ་ཟབ་སྦྱོང་བྱས་པ་དང་། ཕུལ་བྱུང་གི་སྦྱངས་འབྲས་ཐོབ་ནས་སློབ་མཐར་ཕྱིན། སྤྱི་ལོ་2008ལོ་ནས་ཀྲུང་དབྱང་མི་རིགས་སློབ་ཆེན་གྱི་རབ་འབྱམས་པའི་ཞིབ་འཇུག་སློབ་མའི་དཔྱད་རྩོམ་བགྲོ་གླེང་ཐོག་དཔྱད་འདེམས་ཕྱི་ཕྱོགས་ཀྱི་འཐུས་ཚབ་གདན་ཞུའི་མི་སྣ་ཡིན། ད་ལྟ་མི་རིགས་དཔེ་སྐྲུན་བོད་ཡིག་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དང་རྩོམ་སྒྲིག་ཞུ་ཆེན་པའི་འགན་གཅིག་ལྕོགས་སུ་ཁུར་བཞིན་ཡོད།
ཁོང་གི་ཁྱིམ་མི་དང་ཁམས་པའི་བརྙན་འཕྲིན་ཁང་གི་མདོ་འཛིན་པ་བྱམས་པ་རྡོ་རྗེ་དང་ལྷན་དུ་པེ་ཅིན་དུ་སྒྲོན་པའི་མཉམ་པར།
གཉིས། བརྩམས་ཆོས་ངོ་སྤྲོད།
1.དཔེ་དེབ་སྐོར།
(1)《བོད་ལུགས་ཀྱི་མཆོད་རྟེན་》 དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་དང་མཉམ་དུ་བརྩམས། མི་རིགས་དཔེ་སྐྲུན་ཁང་ནས་2004ལོར་དཔེ་སྐྲུན་བྱས།
(2)《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ་》(སྟོད་སྨད)དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་དང་མཉམ་དུ་བརྩམས། ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་གིས་2010ལོའི་ཟླ་7པར་དཔེ་སྐྲུན་འགྲེམས་སྤེལ་བྱས།
(3)《དཀའ་གནད་སྡོམ་ཚིག་སི་ཏུ་དགོངས་གསལ་》—མི་ཉག་བུ་ཕྲུག་གི་གསུང་རྩོམ་ཕྱོགས་བསྒྲིགས། ཀུན་དགའ་རྒྱལ་མཚན་དང་མཉམ་དུ་བསྒྲིགས། 2003ལོའི་ཟླ་9པར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།
(4)《སྔགས་ཀློག་ཕྱོགས་བསྒྲིགས་》2015ལོའི་ཟླ་4པར་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་སྐྲུན་བྱས།
2.དཔྱད་རྩོམ་སྐོར།
(1)《བོད་མི་ཉག་ལོ་རྒྱུས་རགས་བསྡུས་ཙམ་ངོ་སྤྲོད་》 ཅེས་པའི་དཔྱད་རྩོམ་དེ་སི་ཁྲོན་གྱི་《མི་རིགས་》(བོད་ཡིག་པར་གཞི་)དུས་དེབ་ཀྱི་2007ལོའི་དེབ་4པའི་ཐོག་བཀོད།
(2)《བོད་ཡིག་པར་སྐྲུན་རིག་པ་བྱུང་ཚུལ་སྐོར་ཅུང་ཟད་བརྗོད་པ་》ཞེས་པའི་དཔྱད་རྩོམ་དེ་སི་ཁྲོན་གྱི་《མི་རིགས་》(བོད་ཡིག་པར་གཞི་)དུས་དེབ་ཀྱི་2012ལོའི་དེབ་དང་པོའི་ཐོག་བཀོད།
(3)《སྒྲ་རིག་པ་སློབ་པའི་དགོས་པ་དང་བོད་དུ་དར་ཚུལ་གྱི་སྐོར་མདོར་བསྡུས་གླེང་བ།》ཞེས་པའི་དཔྱད་རྩོམ་དེ་སི་ཁྲོན་གྱི་《མི་རིགས》(བོད་ཡིག་པར་གཞི་)དུས་དེབ་ཀྱི་2013ལོའི་དེབ་4པའི་ཐོག་བཀོད།
(4)《ཆ་འཕྲིན་མཉམ་སྤྱོད་ཀྱི་ཐོག་ནས་བོད་ཡིག་དཔེ་སྐྲུན་ལས་དོན་གཉེར་རྒྱུའི་གལ་ཆེའི་རང་བཞིན་དང་དེའི་གྲུབ་འབྲས་རགས་ཙམ་གླེང་བ་》ཞེས་པའི་དཔྱད་རྩོམ་དེ་བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་བཀོད།
དེ་མིན་ད་དུང་སྙན་ངག་དང་རྩོམ་ཡིག་འབྲི་རྩལ་སོགས་ལ་དགའ་ཞེན་ཤིན་ཏུ་ཆེ་བས། རྒྱལ་ནང་གི་དུས་དེབ་དང་ཚགས་པར་སོགས་སུ་གྲངས་མང་བཀོད་ཅིང་བྱ་དགའ་ཆེ་ཆུང་མང་ཙམ་ཐོབ་མྱོང་ངོ་། །
མཁས་དབང་བསེ་ཚང་བློ་བཟང་དཔལ་ལྡན་གྱི་སྐུ་མདུན་དུ་བཅར་ནས་དཔེ་སྐྲུན་ཐད་བཀའ་འདྲི་ཞུ་བཞིན་པ།
གསུམ། རྩོམ་སྒྲིག་མཛད་ཚུལ།
ཁོང་ལ་རྩོམ་སྒྲིག་ཞུ་ཆེན་པའི་གོ་མིང་ཐོབ་རྗེས། ཏང་གི་གསར་འགྱུར་དཔེ་སྐྲུན་ཐད་སྲིད་ཇུས་དང་རྩོམ་སྒྲིག་ལས་རིགས་ཀྱི་ཤེས་བྱ་ལ་སློབ་སྦྱོང་བྱ་རྒྱུ་དེ་བས་མཐོང་ཆེན་དང་། བོད་ཀྱི་ལོ་རྒྱུས་དང་། རིག་གནས། ཆོས་ལུགས་སོགས་ཀྱི་ཤེས་བྱ་ལ་སྔར་ལས་སྙིང་རུས་ཆེན་པོས་སློབ་སྦྱོང་བྱས་པས། རིག་གནས་ཆུ་ཚད་མཐོ་འདེད་དང་དཔེ་དེབ་རྩོམ་སྒྲིག་སྐོར་གྱི་ལས་ཀ་བྱང་ཆུབ་པ་གྱུར། ལོ་བཅུ་ཕྲག་གི་རིང་ལ་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་གླེང་ཕྱོགས་མཐའ་འཁྱོངས་བྱས་ཏེ། སྔ་ཕྱིར་དཔེ་དེབ་སྣ་ཚོགས་ཀྱི་རྩོམ་སྒྲིག་པའི་འགན་ཁུར་ནས་དཔེ་སྐྲུན་འགྲེམ་སྤེལ་བྱས་པའི་དེབ་བརྒྱ་ཕྲག་མཆིས། དཔེར་ན་ཁོང་གིས་བོད་ཡིག་རྩོམ་སྒྲིག་ཁང་གི་གཙོ་འགན་བཞེས་རྗེས་འགྲེམས་པའི་དེབ་ཆེན་འགའ་སྟེ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང་》(རྒྱ་བོད་ཤན་སྦྱར་མ་)《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་》(རྒྱ་བོད་ཤན་སྦྱར་མ་)《ཞི་ཅིན་ཕིང་གི་རྒྱལ་སྲིད་སྐྱོང་ལུགས་སྐོར་པོད༡.༢.༣》《རིག་གནས་ཆུང་བ་ལྔའི་ཀུན་འདུས་ཆེན་མོ་》(དེབ་1-192)《རྗེ་ཡབ་སྲས་གསུམ་གྱི་གསུང་འབུམ་དཔེ་བསྡུར་མ་》(དེབ་1-45)《རྙིང་མའི་མཁས་དབང་རྣམས་ཀྱི་གསུང་འབུམ་ཕྱོགས་བསྒྲིགས་》(དེབ་1-80)《གསོ་རིག་གནའ་དཔེ་ཕྱོགས་བསྒྲིགས་བསྟུད་མ་》(དེབ་1-126)ལ་སོགས་ཏང་དང་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་འགོ་ཁྲིད་ཀྱི་གསུང་རྩོམ། ལོ་རྒྱུས་རིག་གནས། གསུང་འབུམ་དང་གསོ་རིག་སོགས་ཀྱི་དེབ་དུ་མ་བཏོན་ཡོད་པས། རྒྱ་ཆེའི་ཀློག་པ་པོས་དགའ་བསུ་ཆེན་པོ་བྱས་དང་བྱེད་བཞིན་ཡོད།
གེ་སར་ཆེད་མཁས་པ་འཇམ་དཔལ་རྒྱ་མཚོ་དང་ལྷན་དུ་གེ་སར་སྒྲུང་ཡིག་པར་སྐྲུན་འགྲེམ་སྤེལ་བྱེད་སྐབས་སྒྲོན་པའི་འདྲ་པར།
བཞི། གཟེངས་བསྟོད་ཐོབ་ཚུལ།
1.སྤྱི་ལོ་1997ལོར། ཁོང་རྩོམ་སྒྲིག་པའི་གྲལ་དུ་ཞུགས་པའི་《ཀྲུང་ཧྭའི་བཀའ་བསྟན་དཔེ་བསྡུར་མ་》ལ་མི་རིགས་དཔེ་དེབ་ཀྱི་བྱ་དགའ་ཨང་དང་པོ་ཐོབ།
2.སྤྱི་ལོ་2002ལོར། ཁོང་གིས་རྩོམ་སྒྲིག་གནང་བའི་《དབྱངས་ཅན་སྒྲ་མདོའི་སྒྲ་སྒྲུབ་གསལ་བའི་རི་མོ་》(སྟོད་སྨད་)ལ་སྐབས་ལྔ་པའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་ཕུལ་བྱུང་གི་བྱ་དགའ་ཨང་གསུམ་པ་ཐོབ།
3.སྤྱི་ལོ་2003ལོར། ཁོང་གིས་རྩོམ་སྒྲིག་གནང་བའི་《ནང་བསྟན་རྒྱུན་ཤེས་ལག་དེབ་》ལ་སྐབས་དྲུག་པའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་ཕུལ་བྱུང་གི་བྱ་དགའ་ཨང་གསུམ་པ་ཐོབ།
4.སྤྱི་ལོ་2003ལོར། ཁོང་གིས་རྩོམ་སྒྲིག་གནང་བའི་《ལམ་འབྲས་བླ་མ་བརྒྱུད་པའི་རྣམ་ཐར་》ལ་སྤྱི་ཚོགས་ཚན་རིག་ཞིབ་འཇུག་གྲུབ་འབྲས་ཀྱི་ལོ་འཁོར་བྱ་དགའ་ཐོབ།
5.སྤྱི་ལོ་2004ལོར། ཁོང་རྩོམ་སྒྲིག་གི་གྲལ་དུ་ཞུགས་པའི་《དཔལ་ལྡན་ས་སྐྱ་པའི་གསུང་རབ་》ལ་མི་རིགས་དཔེ་སྐྲུན་ཁང་གི་དཔེ་དེབ་སྤུས་ལེགས་ཀྱི་བྱ་དགའ་ཐོབ།
6.སྤྱི་ལོ་2005ལོའི་ཟླ་5པར། ཁོང་གིས་རྩོམ་སྒྲིག་གནང་བའི་ 《བོད་ཀྱི་རིག་གནས་དང་ཁམས་ཀྱི་ཡུལ་སྲོལ་》ལ་སི་ཁྲོན་ཞིང་ཆེན་གྱི་སློབ་ཁྲིད་གྲུབ་འབྲས་ཀྱི་བྱ་དགའ་ཨང་གསུམ་པ་ཐོབ།
7.སྤྱི་ལོ་2009ལོའི་ཟླ་8པར། ཁོང་གིས་རྩོམ་སྒྲིག་གནང་བའི་《བོད་ཀྱི་བཅུ་ཕྲག་རིག་པའི་སྐོར་ཇོ་ནང་པའི་དཔེ་ཚོགས་》ལ་སྐབས་བཅོ་བརྒྱད་པའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
8.སྤྱི་ལོ་2011ལོའི་ཟླ་8པར། དགེ་རྒན་ཆེན་མོ་དཀོན་མཆོག་བསྟན་འཛིན་དང་མཉམ་དུ་བརྩམས་པའི་《བོད་ཀྱི་ལག་ཤེས་ཀུན་འདུས་ཆེན་མོ》(སྟོད་སྨད)ལ་སྐབས་བཅུ་དགུ་པའི་རྒྱལ་ཡོངས་བོད་ཡིག་དཔེ་དེབ་ཀྱི་བྱ་དགའ་ཨང་གཉིས་པ་ཐོབ།
9.སྤྱི་ལོ་2011ལོར། ཀྲུང་གོའི་བོད་རིག་པ་ལྟེ་གནས་ཚུགས་ནས་ལོ་ངོ་30འཁོར་བའི་རྟེན་འབྲེལ་མཛད་སྒོའི་སྐབས་སུ་ཁོང་མི་སྒེར་ལ“གཟི་བརྗིད་མཚན་སྙན་བྱ་དགའ་”གནང་ཡོད།
དེ་མིན་ད་དུང་རྒྱལ་ཁབ་དང་ཞིང་ཆེན་རིམ་བཞིན་པའི་གཟེངས་བསྟོད་བྱ་དགའ་ཤིན་ཏུ་མང་ཡང་འདིར་ཡིག་ཚོགས་མང་བར་དོགས་ནས་མཚོན་བྱེད་ཙམ་བཀོད་པ་ལགས།
འཕྲིན་ལས་རྒྱལ་མཚན་གྱིས་རྒྱལ་ཡོངས་བོད་ཡིག་དཔེ་དེབ་པར་སྐྲུན་འགྲེམ་སྤེལ་མཐུན་སྦྱོར་མཉམ་འབྲེལ་ཚོགས་འདུའི་ཐོག་ཏུ་ལས་ཁུངས་ཀྱིས་ཚབ་བྱས་ཏེ་བྱ་དགའ་ལེན་བཞིན་པ།