ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་སྐུལ་འདེད་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-23


 


འདི་ནི་ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་སྐུལ་འདེད་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་སྒྲོན་བཞིན་པ། 


 

འདི་ནི་ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་སྐུལ་འདེད་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་སྒྲོན་བཞིན་པ།


         ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་18ཉིན་གློག་འཕྲིན་འབྱོར་གསལ། ཟླ་5ཚེས་18ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ཚོང་དོན་སྐུལ་འདེད་ཨུ་ལྷན་བཙུགས་ནས་ལོ་ངོ་70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་གོ་ལ་ཧྲིལ་པོའི་ཚོང་དོན་མ་འཇོག་སྐུལ་འདེད་དབུ་ཚོགས་ཐོག་བརྙན་ལམ་ནས་ཤིས་ཚིག་བསྒྲོན་པ་རེད།

        ཞི་ཅིན་ཕིང་གིས་ཀྲུང་གོ་ཚོང་དོན་སྐུལ་འདེད་ཨུ་ལྷན་1952ལོར་བཙུགས་ཚུན་དུ། ཀྲུང་གོར་གཞི་ཚུགས་པ་དང་འཛམ་གླིང་ལ་ཁ་ཕྱོགས་ཏེ་ཀྲུང་ཕྱིའི་ཁེ་ལས་ཀྱི་ཁེ་ཕན་འབྲེལ་ཐག་དམ་དུ་གཏོང་བ་དང་། རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་འགྲོ་འོང་ལ་སྐུལ་འདེད་གཏོང་བ། རྒྱལ་ཁབ་ཀྱི་འབྲེལ་བ་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་བ་བཅས་ཀྱི་ཆེད་དུ་ནུས་པ་གལ་ཆེན་བཏོན་ཡོད། ཀྲུང་གོ་ཚོང་དོན་སྐུལ་འདེད་ཨུ་ལྷན་གྱི་ལོ་ངོ་70ཡི་བརྒྱུད་རིམ་ནི་ཀྲུང་གོས་ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཟམ་མི་ཆད་པར་ཆེ་རུ་བཏང་བའི་མཚོན་ཚུལ་གལ་ཆེན་ཞིག་ཡིན་ལ། རྒྱལ་ཁབ་ཁག་གི་ཁེ་ལས་ཀྱིས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་བྱུང་བའི་བདེན་དཔང་གལ་ཆེན་ཞིག་ཀྱང་ཡིན་ཞེས་བསྟན་གནང་བ་རེད།

        ཞི་ཅིན་ཕིང་གིས་མིག་སྔར། ལོ་བརྒྱའི་འགྱུར་ལྡོག་དང་དུས་རབས་ཀྱི་རིམས་ནད་དུས་གཅིག་ཏུ་བྱུང་ནས་མཉམ་དུ་འདྲེས་པ་དང་། དཔལ་འབྱོར་གོ་ལ་ཅན་ལ་ཆུ་རྒྱུན་གྱེན་དུ་ལྡོག་པའི་གནས་ཚུལ་འཕྲད་པ། འཛམ་གླིང་འདི་ཉིད་ཡོ་ལང་དང་འཕོ་འགྱུར་ཆེ་བའི་དུས་སྐབས་གསར་པ་ཞིག་ཏུ་སླེབས་པ་བཅས་དང་། རྒྱལ་ཁབ་ཁག་གི་བཟོ་ཚོང་ལས་རིགས་ཀྱིས་ཞི་བདེ་དང་འཕེལ་རྒྱས་ཡོང་བའི་རེ་བ་དེ་བས་ཆེན་པོ་བྱེད་པ་དང་། དྲང་གཞག་དང་དྲང་བདེན་ཡོང་རྒྱུའི་རེ་འབོད་དེ་བས་ཆེན་པོ་བྱེད་པ། མཉམ་ལས་གཉིས་ཕན་དོན་གཉེར་བྱེད་པའི་དགོས་གཏུག་དེ་བས་ཆེན་པོ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་མ་ཟད། ཁོང་གིས་ད་དུང་གྲོས་འགོ་4བཏོན་གནང་བ་སྟེ།

        གཅིག་ནས་སྟོབས་ཤུགས་གཅིག་སྒྲིལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་དགོས་ཤིང་། ཏོག་གསར་གློ་ཚད་རིམས་ནད་ཡང་ཡང་ཐོན་ནས་མི་དམངས་ཀྱི་ཚེ་སྲོག་བདེ་འཇགས་དང་གཟུགས་གཞི་བདེ་ཐང་ལ་ཉེན་ཁ་ཚབས་ཆེན་བཟོས་པ་་མ་ཟད། འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལའང་ཤུགས་རྐྱེན་ཚབས་ཆེན་ཕོག་ཡོད། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་བ་མཐའ་འཁྱོངས་བྱས་ཏེ། རིམས་འགོག་སྨན་ཁབ་ཞིབ་འཇུག་གསར་སྤེལ་དང་། ཐོན་སྐྱེད། བགོ་བཤའ་བཅས་ཀྱི་རྒྱལ་སྤྱིའི་མཉམ་ལས་ཧུར་ཐག་བྱེད་པ་དང་། གོ་ལ་ཧྲིལ་པོའི་སྤྱི་པའི་འཕྲོད་བསྟེན་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་པ། རིམས་ནད་སྔོན་འགོག་གི་འགོག་སྲུང་འཛིང་རགས་སྣ་ཚོགས་ཐུན་མོང་ཐོག་རྒྱག་པ་བཅས་བྱས་ནས་མིའི་རིགས་ཀྱི་འཕྲོད་བསྟེན་བདེ་ཐང་གི་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་སྐུལ་འདེད་གཏོང་དགོས།

        གཉིས་ནས་ཚོང་དོན་མ་འཇོག་བསྐྱར་དར་ཡོང་བ་བྱེད་དགོས་ཤིང་། རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱ་རྒྱུ་དང་དཔལ་འབྱོར་འཕེལ་རྒྱས་གཏོང་རྒྱུ་སྤྱི་འདོམས་བྱས་ནས་རྒྱལ་ཁབ་ཁག་གི་གཞི་ཆེའི་དཔལ་འབྱོར་སྲིད་ཇུས་མཐུན་སྦྱོར་ཡོང་རྒྱུར་ཤུགས་སྣོན་རྒྱག་དགོས་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་གྲོས་རིམ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་དང་འཛམ་གླིང་གི་དཔལ་འབྱོར་སྒུལ་ཤུགས་བརྗེ་སྒྱུར་དང་། བྱེད་སྟངས་རྩ་སྒྱུར། གྲུབ་ཆ་ལེགས་སྒྲིག་བཅས་ལ་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་དཔལ་འབྱོར་ཡུན་རིང་དང་། སྐྱོན་བྲལ། བརྟན་པོ་བཅས་ཀྱི་སྒོ་ནས་འཕེལ་རྒྱས་ཀྱི་སྲོལ་ལམ་ཐོག་སྐྱོད་ཐུབ་པ་བྱེད་དགོས། འཛམ་གླིང་ཚོང་དོན་རྩ་འཛུགས་ལྟེ་བར་བྱས་པའི་ཕྱོགས་མང་ཚོང་དོན་ལམ་སྲོལ་ལ་རྒྱབ་སྐྱོར་དང་གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བདེ་འཇགས་བརྟན་ལྷིང་ལ་སྲུང་སྐྱོང་བྱས་ཏེ། མཉམ་ལས་ཀྱི་ཕན་པ་ཆེ་རུ་བཏང་ནས་རྒྱལ་ཁབ་ཁག་གི་མི་དམངས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་ལས་ཕན་པ་དེ་བས་ཆེ་བ་ཐོབ་པ་བྱེད་དགོས།

        གསུམ་ནས་གསར་གཏོད་ལ་བརྟེན་ནས་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། གསར་གཏོད་འཕར་སྣོན་གྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ་དང་། ཤེས་བྱའི་བདག་དབང་སྲུང་སྐྱོང་བྱེད་པར་ཐུན་མོང་ཐོག་ཤུགས་སྣོན་བརྒྱབ་སྟེ། ཐེ་ཞུགས་གང་ལེགས་དང་ངོས་འཛིན་གཅིག་མཐུན་གྱི་རྨང་གཞིའི་ཐོག་སྒྲིག་སྲོལ་གཏན་འབེབས་བྱས་ནས་ཚན་རྩལ་གོང་དུ་སྤེལ་བར་སྒོ་དབྱེ་དང་། དྲང་སྙོམས། དྲང་གཞག མཐོང་ཆུང་མི་བྱེད་པ་བཅས་ཀྱི་ཁོར་ཡུག་ཅིག་གཏོད་དགོས། གསར་གཏོད་དང་། སྤེལ་རེས། མཉམ་ལས་བཅས་གཏིང་ཟབ་ཏུ་གཏོང་བ་དང་། ཚན་རྩལ་དང་དཔལ་འབྱོར་མཉམ་འདྲེས་གཏིང་ཟབ་ཐུབ་རྒྱུར་སྐུལ་འདེད་གཏོང་བ། གསར་གཏོད་གྲུབ་འབྲས་མཉམ་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་ཤེས་བྱ་དང་། ལག་རྩལ། ཤེས་ལྡན་པ་སོགས་གསར་གཏོད་ཀྱི་གཞི་རྒྱུ་འཁོར་རྒྱུག་ལ་ཚོད་འཛིན་བྱེད་པའི་བཀག་རྒྱ་ནུས་ཤུགས་ཡོད་རྒུས་སེལ་དགོས།

        བཞི་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། ཕྱོགས་མང་རིང་ལུགས་ངོ་མ་མཐའ་འཁྱོངས་བྱེད་པ་དང་། མཉམ་གྲོས་དང་། མཉམ་སྐྲུན། མཉམ་སྤྱོད་གསུམ་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་ལག་བསྟར་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ཁུངས་སྐུལ་སློང་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་འགྲན་སློང་ལ་ཁ་གཏད་གཅོག་པ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ལ་སྐུལ་སྤེལ་གཏོང་དགོས་པ་དང་། སྐད་ཆ་ཤོད་རེས་བྱེད་པ་ལས་ཁ་གཏད་དུ་མི་ལངས་བ་དང་། འགོག་རྐྱེན་སེལ་ཐབས་བྱེད་པ་ལས་འགོག་རྐྱེན་གསར་པ་མི་བཟོ་བ། མཉམ་འདྲེས་བྱེད་པ་ལས་འབྲེལ་ཐག་མི་ཆད་པ་བྱེད་པ། ཁོང་ཡངས་བྱེད་པ་ལས་ཟུར་འབུད་མི་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ། དྲང་གཞག་དྲང་བདེན་དེ་འདུ་ཤེས་འཛིན་སྟངས་སུ་བྱས་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་ལ་སྣེ་ཁྲིད་བྱེད་དགོས་པ་བཅས་རེད།

        ཞི་ཅིན་ཕིང་གིས། ཀྲུང་གོས་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་སྐྱེད་གཏོང་བའི་ཆོད་སེམས་ལ་འགྱུར་བ་ཡོང་མི་སྲིད་ལ། ཀྲུང་གོའི་སྒོ་དབྱེའི་སྒོ་མོ་ཆེན་པོ་དེ་ཡང་ཇི་ཙམ་ཕྱེ་བ་དེ་ཙམ་གྱིས་ཆེ་རུ་འགྲོ་རྒྱུ་ཡིན། ཀྲུང་གོས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་མུ་མཐུད་གཏོད་པ་དང་། 《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》ཆུ་ཚད་མཐོ་པོས་ལག་བསྟར་བྱེད་པ། “རྒྱུད་གཅིག་ལམ་གཅིག”སྤུས་ཚད་ལེགས་པོས་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། གོ་ལ་ཧྲིལ་པོའི་བཟོ་ཚོང་ལས་རིགས་ལ་ཁྲོམ་རའི་གོ་སྐབས་དང་། མ་འཇོག་གི་གོ་སྐབས། འཕར་སྣོན་གྱི་གོ་སྐབས་བཅས་གང་མང་བསྐྲུན་རྒྱུ་ཡིན། ང་ཚོས་ལག་གདང་སྦྲེལ་ནས་ཞི་བདེ་དང་། འཕེལ་རྒྱས། མཉམ་ལས། གཉིས་ཕན་བཅས་མཐའ་འཁྱོངས་བྱས་ཏེ། མིག་སྔའི་འཛམ་གླིང་གི་དཔལ་འབྱོར་དང་དེ་བཞིན་རྒྱལ་སྤྱིའི་ཚོང་དོན་དང་མ་འཇོག་ལ་འཕྲད་པའི་གནད་དོན་ཐུན་མོང་ཐོག་ཐག་གཅོད་བྱས་ནས། དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཕྱོགས་སུ་མཉམ་དུ་སྐྱོད་དགོས་པའི་ནན་བཤད་གནང་བ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1