༄༅།། ཆེས་བཀུར་འོས་བའི་མི།

ཆོས་རྒྱལ་དཔལ་མོ། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།ངེད་དྲ་བ། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༥ཚེས་༢༣ཉིན།



ཆོས་རྒྱལ་དཔལ་མོ། 

         གལ་ཏེ་མི་ཞིག་གིས་ང་ལ“ཁྱོད་ཀྱི་སེམས་ནང་དུ་ཆེས་གུས་བཀུར་བྱེད་འོས་པའི་མི་དེ་སུ་ཡིན།”ཞེས་དྲིས་ཚེ། ངས“དེ་ནི་རང་གི་ཨ་མ་ལོས་ཡིན།”ཞེས་ཚོར་བ་ཡོད་དོ་ཅོག་ཕྱོགས་གཅིག་ཏུ་བསྒྲིམས་ཏེ་རིགས་པ་རྣམ་དག་གི་ལན་འདི་འདེབས་སྲིད།

        འཇིག་རྟེན་གྱི་སྐྱེ་བོ་གང་མང་ཞིག་གི་སེམས་ནང་ནས་ཆེས་གུས་བཀུར་འོས་པའི་མི་དེ་ནི་སྙན་པའི་གྲགས་པ་འཛམ་གླིང་ལ་ཁྱབ་པའི་རླབས་ཆེན་གྱི་བསམ་བློ་བ་དང་རྩོམ་རིག་པ། རིག་པའི་མེ་ལྕེ་ཕྱོགས་ཀུན་ལ་མཆེད་པའི་གསར་གཏོད་པ། ངག་གི་བསོད་ནམས་ཀྱི་མཚོ་མོས་མི་ཡུལ་འདི་བརྒྱན་པའི་གླུ་བ་དང་གླུ་མ། ཤེས་རབ་རིག་པའི་སྒྱུ་རྩལ་གྱིས་ཡིད་དབང་ཡང་འཕྲོག་མཁས་པའི་འཁྲབ་སྟོན་པ། ད་དུང་མཛད་རྗེས་བླ་ན་མེད་པའི་རྒྱལ་པོ་སོགས་ལས་གང་རུང་ཞིག་ཡིན་སྲིད་ནའང་། དྲང་མོར་བརྗོད་ན། ངའི་སེམས་ཀྱི་ཆེས་བཀུར་འོས་པའི་མི་དེ་ནི་དེ་དག་ལས་གཅིག་ཀྱང་མ་ཡིན། འོ་ན་སུ་ཡིན་ཞེ་ན། དེ་ནི་ནམ་རྒྱུན་ངའི་འགྲོ་འདུག་སྤྱོད་གསུམ་གྱི་དོན་དུ་བདེ་བའི་གཉིད་ཀྱང་ཁུག་གིན་མེད་པའི་རང་སེམས་ཀྱི་དགེ་རྒན་གཉིས་པ་སྟེ། སྐྱེ་བ་འདིའི་ཨ་མར་གྱུར་བའི་བུད་མེད་བྱང་སེམས་མ་དེ་ཡིན།

         ཁོ་མོས་རང་ཁྱིམ་ཚང་འདིའི་བརྩེ་བའི་དྲོད་ཁོལ་གྱི་ཆེད་དུ་སེར་སྣ་སྤུ་ཙམ་ཡང་མེད་པར་རང་ཉིད་མེ་རུ་བསྒྲོན་མྱངས། ཁོ་མོས་ངལ་དུབ་ཀྱི་རྔུལ་ཆུ་གྲངས་མེད་ས་ལ་བླུགས་ནས་སྐྱིད་སྡུག་གི་འཚོ་བ་མཛུབ་མོས་བྲིས་ཡོད་ཅིང་། ཅི་ཙམ་ཐང་ཆད་ནའང་། གསུང་ངག་དྲོན་མོ་དེ་ལས་འཁང་རའི་ཐ་སྙད་གཅིག་ཀྱང་སྤྱོད་མྱོང་མེད། ཁོ་མོ་ནི་ངའི་འཇིག་རྟེན་ཁྲོད་ཀྱི་ཆེས་གསལ་ཆ་ལྡན་པའི་སྒྲོན་མེ་རྐང་གཅིག་དེ་རང་ཡིན།

        དེ་ཡང་། ང་རང་ལོ་ངོ་དྲུག་ལ་སོན་པའི་དབྱར་ཁ་དེར། ཕ་ཡུལ་གྱི་དབྱར་ལྗོངས་སྔར་ལས་ཀྱང་མཛེས་ཤིང་ལྟ་ན་སྡུག །ཡིན་ནའང་ངའི་ནང་སེམས་སྡུག་གི་མུན་པས་བཟུང་སོང་། སྟབས་མི་ལེགས་པའི་ཆགས་འཇིག་ཞིག་གིས་ཕ་ལོ་སྨན་ཁང་གི་མལ་ཁྲིར་བཅུག །དུས་དེ་ནས་བཟུང་ངེད་ཁྱིམ་མི་གང་བོའི་ཡིད་སེམས་སྡུག་གི་རྒྱ་མཚོ་རུ་ལྷུང་སོང་། དེ་ནས་སྨན་ཁང་གང་མང་ལ་བསྟན་ཡང་ཕན་པ་མ་བྱུང་བས། ཏག་ཏག་ལོ་ངོ་བདུན་གྱི་རིང་དུ་ངའི་ཕ་དྲིན་པོ་ཆེ་དེའི་ལུས་པོ་མལ་ཁྲི་དང་བྲལ་མ་མྱོང་བས་སྡུག་བསྔལ་ཤིན་ཏུ་ཆེ། འོན་ཏེ་སྟབས་ལེགས་པ་ཞིག་ལ་ཨ་མ་ཡོད་པས་ཕ་ལོའི་སྡུག་བསྔལ་མང་ཕྱོགས་མོ་རང་གིས་འཁུར། སྐབས་དེར་ང་ཚོའི་འཚོ་བ་ནི་དབུལ་ཞིང་ཕོངས་ལ་ཨ་ཅེ་གཉིས་དང་ངེད་གསུམ་ནི་ཆུང་ཞིང་ཉག་ཕྲ་བས། ཨ་མ་ལ་རོགས་གང་ཡང་མི་ཐོན་པ་མ་ཟད་ཨ་མའི་ཁུར་བོའི་ཆ་ཤས་ཤིག་ཏུ་གྱུར་ཡོད། ཡིན་ནའང་ཨ་མ་སེམས་གཏན་ནས་ཞུམ་པར། མོས་དུས་དང་རྣམ་པ་ཀུན་ཏུ་ཉིན་གཅིག་ལ་བལྟས་པ་ལྟར་ཞི་འཇམ་དང་ལྷད་མེད་ཀྱི་བརྩེ་བ་ཁྱེར་ཏེ་ཨ་ཕ་ལ་ཞབས་གཡོག་བྱས་ཤིང་། སྒོ་ཕྱི་ནང་གི་ལས་ཀ་ཆེ་ཆེ་ཆུང་ཆུང་ཐམས་ཅད་མོ་རང་གིས་བསྒྲུབས་ཏེ། དབྱར་རྩྭ་དང་གྲོ་མ་སྡུག་རུས་ཀྱིས་བརྐོས་ཤིང་། འབྲོག་ལས་ཀྱི་བཞོ་ལས་ལྕི་ལས་ལ་འབད་འབུངས་ཀྱིས་འཐམས་པ་སོགས་ལ་བརྟེན་ནས་འཚོ་བ་ལེགས་པར་བསྐྱལ། དེ་ལྟར་ལོ་ངོ་ལྔ་ཙམ་སོང་བའི་རྗེས་སུ་ཨ་ཅེ་གཉིས་ཀྱང་ནར་སོན་ཏེ་མོའི་ལག་རོགས་ཐུབ་པར་བྱུང་བས། མོས་ང་རང་སློབ་གྲྭར་བཏང་ནས་རིག་གནས་སློབ་པའི་བསླབ་བྱ་ཡང་ཡང་བཏང་། ཁོ་མོའི་དྲིན་ལ་བརྟེན། སྐབས་དེ་ནས་བཟུང་ངའི་ཀླད་པའི་མུན་ཁང་ཆེན་པོ་དེར་ཤེས་རིག་གི་སྒྲོན་མེ་འོད་ཆེན་ཞིག་ཀྱང་འཕྲོས་བྱུང་།

        ང་རང་སློབ་གྲྭ་འགྲིམ་ནས་ལོ་ངོ་གཉིས་ལ་སླེབས་པའི་དབྱར་ཁ་དེར་ངའི་དྲིན་ཆེན་གྱི་ཕ་ལོ་ཚེ་ལས་འདས་སོང་། དེ་དུས་ཉེ་འབྲེལ་གྱི་ཕུ་ནུ་མང་པོས་སྡུག་གི་ངུ་འབོད་བྱེད་ཅིང་སྐྱོ་བའི་མིག་ཆུས་བརླན་པར་བྱས་སོང་། ཡིན་ནའང་། བུད་མེད་ཅིག་གིས་ཡ་སོ་མ་མཆུར་བསྡམས་ཤིང་རང་གི་ལས་ལ་བྲེལ་ནས་རྒྱུག་འདུར་བྱེད་ཀྱིན་འདུག་པ་ལས་ངོ་གདོང་ཆུ་ཡིས་བརླན་མེད་ཅིང་ངུ་སྐད་ཕྱི་རུ་འབྱིན་མི་འདུག་པ་དེ་སུ་ཡིན་ནམ། དེ་ནི་ཞེ་ལ་གནོང་འགྱོད་ལྷག་མ་མེད་པའི་རླབས་ཆེན་གྱི་ཨ་མ་རང་རེད།

        ད་ལྟ་གློ་བུར་དུ་དེ་དག་དྲན་ཚེ་ངའི་ཡ་ཆུང་ལ་ན་ཟུག་སྐྱེ་ཞིང་ངའི་ཡིད་སེམས་ལ་སྐྱོ་ཆར་བབས་བྱུང་། རྒྱུ་མཚན་ནི་ངས་རང་གི་ཕ་མ་གཉིས་ཀྱི་ལས་དབང་སྐྱོ་བོ་དེ་དྲན་པས་ཡིན་ལ། ལྷག་པར་དུ་ངའི་མ་དྲིན་མོ་ཆེ་དེས་ངེད་ཁྱིམ་མི་ཚོའམ་འཚོ་བར་བཟུང་བའི་ཡལ་མི་སྲིད་པའི་མཛའ་གཤིས་དྭངས་མོ་དེ་དྲན་པས་ཡིན།

        ཀློག་པ་པོ་ལགས། ཨ་མའི་ལྷག་བསམ་དང་བྱམས་བརྩེ། མཐའ་ཡངས་བའི་མཁྱེན་རྒྱ་དག་ཚིག་འབྲུ་འདི་ག་ཙམ་གྱིས་ག་ལ་མཚོན་པར་ནུས། ཡིན་ནའང་། སྨན་ཆུང་ངའི་ཤེས་རབ་ཀྱི་ཚད་ད་དུང་ཤིན་ཏུ་དམའ་བའི་ཕྱིར། ཇི་མ་ཇི་བཞིན་གྱི་ཚོར་བ་གསོན་པོ་དེ་ཁོག་ནས་དྲན་ན་ཡང་ངག་ནས་འབུད་པར་ངལ།

        མདོར་དྲིལ་ན། བརྒྱུད་ཟིན་པའི་ལོ་ཟླ་ཡི་ཁུག་སོ་རེ་རེ་ན་ཁོ་མོས་ང་ལ་གསུངས་མྱོང་བའི་སློབ་གསོ་ཡི་ལེའུ་ཡོད། ཁོ་མོ་ནི་ངའི་སྤྱི་གཙུག་གི་རྗེ་བཙུན་སྒྲོལ་མ་དང་སེམས་ཁོང་གི་ཆེས་གལ་ཆེ་བའི་བུད་མེད་རླབས་ཆེན་དེ་ཡིན། ང་ནི་ཁོ་མོ་ལ་དད་ཅིང་ཁོ་མོ་ལ་དུང་། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1