༄༅།སྡིག་གཅོད་ཤན་པའི་གླུ་འབྲས་རིང་འབྲས་ཐུང་།

མི་གསལ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།ཧོར་གླིང་གཡུལ་འགྱེད་སྟོད་ཆ་ལས་དྲངས། སྤེལ་དུས། 05-25


སྡིག་གཅོད་ཤན་པ་རྒྱལ་པོས། ཉོན་དང་ཐང་སྟོང་སྐྱ་མོའི་སྡེ། ཟེར་ནས་གླུ་འདི་ལྟར་བླངས་སོ། །

   གླུ་ཐ་ལ་ལ་མོ་ཐ་ལ་ལེན། །

   གླུ་ཨ་ལ་ལ་མོ་ཨ་ལ་ལེན། །

   ཧོར་སེར་ད་ར་ཁ་དགུ་ནས། །

   གུར་དཀར་ཨ་གནམ་མན་ཆད་ནས། །

   སེར་པོ་ཧོར་གྱི་མི་སེར་ཚོ། །

   ང་སྡིག་གཅོད་ཤན་པའི་བསམ་ཚུལ་ལ། །

   ཧོར་གུར་དཀར་དམག་མགོ་མཐོ་དང་གཅིག །

   གླིང་རྒྱུ་འདོད་པ་མ་རྫོགས་གཉིས། །

   སེང་ཆེན་རྫུ་འཕྲུལ་ཆེ་དང་གསུམ། །

   ཧོར་ཡུལ་ངོམ་ཐང་སྐྱ་མོ་ལ། །

   འོང་བ་འདོད་ལེ་ཆེ་ཞིང་གདའ། །

   ཉི་མ་སྔར་ལོ་ཚུན་ཆོད་ནས། །

   སྒར་བའི་འགྲུལ་བ་མང་དང་གཅིག །

   བུ་ཆུང་ཤུལ་ནས་རྙེད་དང་གཉིས། །

   ཤན་པ་ཉེས་པ་ཆེ་དང་གསུམ། །

   སེང་ཆེན་གླིང་གི་ལྷ་སྐལ་དེ། །

   ཧོར་སེར་ཨ་ཆེན་ཐང་སྟོད་ལ། །

   མ་ཕེབས་ལ་ཐང་མི་སྲིད་དོ། །

   སེང་ཆེན་ཡིན་མིན་ཐེ་ཚོམ་མེད། །

   དེ་མིན་ཧོར་སེར་ས་ཆ་ན། །

   སྒོ་སྲུང་འདི་ཙམ་ཡོད་པས་ན། །

   སྒར་ཁྲ་མོ་མང་པོ་གང་ནས་འོང་། །

   ཕུ་གཡའ་མ་ཆགས་ཆགས་རྫ་ནས་ཆགས། །

   རྫ་མེད་ན་གཡའ་མ་ཆགས་དོན་མེད། །

   གཡའ་སྨུག་པ་ལང་ལང་མཚོ་ནས་ལངས། །

   མཚོ་མེད་ན་སྨུག་པ་ལངས་དོན་མེད། །

   གངས་ཁ་བ་ཆགས་ཆགས་རི་ལ་ཆགས། །

   རི་མེད་ན་ཁ་བ་ཆགས་དོན་མེད། །

   ཤིང་སྨྱུག་མ་སྐྱེ་སྐྱེ་རོང་ལ་སྐྱེ། །

   རོང་མེད་ན་སྨྱུག་མ་སྐྱེ་དོན་མེད། །

   གནམ་ཆར་བ་འབབ་འབབ་སྤྲིན་ལས་འབབ། །

   སྤྲིན་མེད་ན་ཆར་བ་འབབ་དོན་མེད། །

   སྐར་ཁྲ་མོ་འོང་འོང་རྫུ་འཕྲུལ་འདྲ། །

   དེ་མིན་ན་སྒར་པ་འོང་ས་མེད། །

   བུ་ཐང་རྙེད་ལུས་ལུས་ཤུལ་ནས་ལུས། །

   སྒར་ཁྲ་མོའི་མི་གཅིག་ལུས་དོན་མེད། །

   གླིང་སེང་ཆེན་ཡོང་ཡོང་ཧོར་ལ་འོང་། །

   ཧོར་ལན་པ་མེད་ན་འོང་དོན་མེད། །

   དེ་སྟེ་ཧོར་རྗེ་གུར་དཀར་འདིས། །

   གླིང་ལ་བརྙས་བཞག་མང་ནས་ཐལ། །

   བུ་ཐང་རྙེད་མགར་བའི་གཡོག་གསར་འདི། །

   གླིང་སེང་ཆེན་སྐྱེས་བུ་ཡིན་ནམ་བསམས། །

   དེ་མིན་ན་ལས་ཤིག་སླ་མོ་རེད། །

   ད་ཡིན་ན་མ་ཉན་ཚར་ནས་གདའ། །

   ཧོར་རྗེ་གུར་དཀར་རྒྱལ་པོ་ལ། །

   བློ་ཐབས་ཤེས་མང་པོ་བཤད་ལེ་ཡིན། །

   དེ་ལ་གུར་དཀར་མི་ཉན་ཏོ། །

   ཆུ་མ་བྱུང་སྔོན་ལ་རགས་ཞིག་དགོས། །

   སྔོ་འཁྱིལ་ལེ་བྱུང་ན་དཀའ་མོ་ཡོད། །

   རྐྱེན་མ་བྱུང་གོང་ལ་ཟློག་པ་དགོས། །

   རྐྱེན་ངན་པ་མགོ་ལ་ཡོང་ཚར་ན། །

   དེ་ཟློག་ཐབས་ཡོད་ཀྱང་དཀའ་མོ་ཡོད། །

   ཧོར་འདུག་ཚོད་ཡོད་དུས་མ་བསྡད་ན། །

   གླིང་དམག་དཔུང་བྱུང་ན་དཀའ་མོ་ཡོད། །

   དེ་ནས་སེར་པོ་ཧོར་གྱི་མི། །

   ལས་ཅི་འདྲ་བྱས་ནས་ཡག་ལེ་གདའ། །

   གླུ་གོ་ན་རྣ་བའི་བདུད་རྩི་གྱིས། །

   མ་གོ་གླུ་ལ་འགྲེལ་བ་མེད། །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1