ཚེ་དབང་བདེ་ཆེན་དང་བསྟན་སྲུང་གྲགས་པ། ཁྱུང་མཚོ་བཅས་ཀྱིས་བྲིས།
འགྲོ་དོན་ལྷུར་ལེན་དཀའ་ཐུབ་བཏང་སྙོམས་མཛད། །
ཞི་སྦྱོང་ལག་ལེན་མང་ངག་སྤེལ་མཛད་མཁས། །
རྒྱུད་འཛིན་སློབ་བུ་ཕྱོགས་བཞི་སྐར་ཚོགས་བཞིན། །
བཤེས་གཉེན་མཆོག་གི་དྲུང་ལ་གུས་ཕྱག་འཚལ། །
བླ་མའི་ངག་ལས་གསེར་ཞུན་བདུད་རྩིའི་ཐིག །
ཀུན་སློང་དག་པས་དོན་གྱི་ནས་འབྲུ་ཙམ། །
སྙིང་པོ་ཅུང་ཟད་འགྲུབ་པའི་སེམས་བསྐྱེད་དང་། །
བཀའ་སློབ་ཡིད་ལ་རྟག་ཏུ་འཆང་ནས་བརྩོན། །
ཞེས་མཆོད་པ་བརྗོད་ཅིང་བརྩམ་པར་དམ་བཅའ་བའི་སྔོན་བསུས་ཏེ་འདིར་གླེང་བར་བྱ་བ་ལ། བོད་ཀྱི་གསོ་བ་རིག་པར་གཉེན་པོ་མཐའ་དག་ཟས་སྤྱོད་སྨན་དཔྱད་བཞི་རུ་འདུས་ཡོད་ལ། བསྟེན་ཚུལ་ཡང་ཐོག་མར་ཟས། དེས་མ་ཞི་ན་སྤྱོད་ལམ། དེས་མ་ཞི་ན་སྨན། དེས་མ་ཞི་ན་དཔྱད་ཅེས་རིམ་བཞིན་བསྟེན་དགོས་ཀྱང་དེང་དུས་འཚོ་བའི་ཁྲོད་ཟས་སྣ་གང་བྱུང་དུ་བསྟེན་པ་ལས་གཞུང་ལྟར་དུ་རྗེས་གཅོད་ཟས་བསྟེན་པ་ལག་ལེན་བསྟར་མཁན་ཆེར་མེད་པས་འདིར་རང་ལུགས་གཞུང་གི་དགོངས་པ་དང་དགེ་རྒན་དམ་པའི་དམར་ཁྲིད་ལྟར་ཟས་ཀྱི་རྗེས་གཅོད་བརྗོད་བྱ་གཙོ་བོར་བཟུང་སྟེ་གསལ་སྤྲོས་བྱེད་འདོད་དོ། །
དང་པོ། ཕྱི་རྗེས་བཅད་པ།
རྗེས་བཅད་ཅེས་ནད་ཀྱི་རྩ་བ་བཅད་པ་དང་སླར་མི་ལྡང་བའི་དོན། མན་ངག་རྒྱུད་ལས། ཐ་མལ་མི་ལྡོག་ཕྱི་རྗེས་བཅད་པའི་ཐབས། །ཞེས་དང་། མི་ལྡོག་རྗེས་གཅོད་སྔོ་ངད་འཇུ་དཀའི་ཟས། །ཞེས་དང་། ཡང་དེ་ལས། ད་ནི་ཐ་མ་ལོག་གནོན་རྗེས་བཅད་པ། །ཞེས་དང་། མན་ངག་རྒྱུད་ལས། བཅོས་རྗེས་ཕྱིར་མི་ལྡོག་པའི་རྗེས་བཅད་ཐབས། །ཞེས་གསུངས་པ་ལྟར་རོ། །
གཉིས་པ། སྦྱོངས་རྒྱབ་རྗེས་གཅོད་ཀྱི་གལ་ཆེའི་བྱེད་ལས་བརྗོད་པ།
སྤྱིར་སྦྱོངས་ཀྱི་དངོས་གཞི་ནི་ནད་ཀྱི་རྩ་བ་འབྱིན་པའི་རྨང་གཞི་ཡིན་ཀྱང་། སྔོན་འགྲོ་དང་དངོས་གཞི་ཚུལ་བཞིན་བྱུང་རྗེས་མཐར་ནད་གཞི་སླར་མི་ལྡང་བའམ་རྩད་གཅོད་ནས་ཐ་མལ་དུ་གནས་པ་རྗེས་གཅོད་ལ་རག་ལས་པ་ཡིན་ཏེ། གཞུང་དུ་གསུངས་པའི་རྩ་བའི་ས་བཅད་གསུམ་པོ་སྔོན་འགྲོ། དངོས་གཞི། ཕྱི་རྗེས་གསུམ་གཙོ་ཕལ་གྱི་དབྱེ་བ་མེད་པ་ཚུལ་བཞིན་བསྟེན་ན་གཞི་ནས་ལྟོ་སྦྱོངས་ཀྱི་གསོ་བཅོས་ཆ་ཚང་ཞིག་གྲུབ་པ་ཡིན་པས་དངོས་གཞིའི་ལས་རྫོགས་པ་ཙམ་གྱིས་ནད་ཀྱི་རྩད་ཆོད་པ་མ་ཡིན། དེལ་དམར་བས། གསོ་རིག་གཅེས་བཏུས་རིན་ཆེན་ཕྲེང་བ་ལས། ལུས་མ་གྲང་བར་བཅག་ཅིང་ཟླ་ཕྱེད་ཚུན། །ཟས་དང་སྤྱོད་ལམ་གཟབ་པ་རྗེས་ཀྱི་གནད། །ཞེས་པ་དང་། གླིང་སྨན་པས། སྦྱོངས་སླ་སྟེ་སྦྱོངས་རྗེས་དཀའ། །ཅེས་དང་། བེ་བུམ་ནག་པོ་ལས། རྗེས་ཀྱི་གནད་ནི་ཟས་ཀྱི་ཚད། །ཞེས་དང་། བྱེ་རིང་དམུ་ཆུའི་བཅོས་ཐབས་ཟུར་མཁར་བའི་ལུགས་ལས། གནོད་པའི་ཟས་སྤྱོད་བསྲུང་བ་དང་། །འཕྲོད་པའི་ཟས་སྤྱོད་ལུས་ཟུངས་གསོ། །དེ་ལྟར་ལོ་གཉིས་འབད་པ་ཡིས། །ཆུ་ཡི་དམུ་རྫིངས་ལེགས་པར་གསོ། །ཞེས་དང་། རྩ་སྦྱོངས་ཀྱི་འབྲུ་འགྲེལ་ཀེ་ཏ་ཀ་ལས། རྩ་བཤལ་བཏང་ཟིན་ཡང་རྗེས་གཅོད་མ་གཟབ་ན་ཕན་པ་ལས་གནོད་པ་ཆེ་བ། ཞེས་དང་། རྗེས་གཅོད་ནི་གནད་དུ་རིགས་པ། ཞེས་དང་། ཟུར་མཁར་བ་མཉམ་ཉིད་རྡོ་རྗེས། སྦྱོངས་རྗེས་ཟས་སྤྱོད་མ་གཟབ་ན། །སླར་ཡང་ཉེས་པ་ཆེན་པོ་བསྐྱེད། །དེ་ཕྱིར་གཟོབས་ཤིག་ཕྱི་རབས་རྣམས། །ཞེས་དང་། མིག་ཐུར་ལག་ལེན་གྱི་འབྲུ་འགྲེལ་ཀེ་ཏ་ཀ་ལས། མིག་འགྲིབས་ཕྱེ་ཟིན་པའི་རྗེས་སུ་ཟས་སྤྱོད་ཀྱི་བསྟེན་ཚུལ་ཡང་དག་ཅིག་དགོས་པ་ནི་གནད་དེ་མཐའ་མཇུག་གི་ཕན་འབྲས་ལ་ཤུགས་རྐྱེན་ཆེ་བས་སོ། །ཞེས་སྦྱོངས་ཀྱི་རྗེས་གཅོད་ཙམ་མ་ཡིན་པ་ནད་གཞི་གང་ཡང་རུང་བའི་རྗེས་གཅོད་ཚུལ་བཞིན་བསྟེན་རྒྱུ་ཤིན་ཏུ་གལ་ཆེའོ། །
གསུམ་པ། རྗེས་གཅོད་ཟས་བསྟན་པའི་དགོས་པ།
རྗེས་གཅོད་ནི་ནད་གཞི་སླར་མི་ལྡང་བའི་ནུས་པ་ལྡན་པའམ་ནད་ཀྱི་རྩ་བ་མཐའ་གཏུགས་ནས་ཐ་མལ་དུ་གནས་ཐུབ་པ། མདོར་ན་ཐ་མལ་ནད་མེད་གནས་དང་རྗེས་གཅོད་བྱེད་ལས་ཀྱིས་ནད་ལྡང་བ་བྱེད་པའི་རྐྱེན་བསྲུང་བའམ་སྤང་བས་ནད་དང་ལུས་ཟུངས་དྲི་མ་སྙོམས་པ་གནས་ནས་ལུས་སྲོག་བདེ་བ་འཚོ་བ་ཐུབ་པ་ཡིན། བཤད་པའི་རྒྱུད་ལས། ནད་ཀུན་རྒྱུ་ལས་རྐྱེན་གྱིས་བསླང་ལས་འབྱུང་། །རྐྱེན་མེད་རྒྱུ་ལས་འབྲས་བུ་འབྱུང་མི་སྲིད། །དེ་ཕྱིར་ནད་རྣམས་ཀུན་གྱི་རྐྱེན་སྤང་བྱ། །ཞེས་པ་བཞིན་རྗེས་གཅོད་ཀྱི་བླང་དོར་ལེགས་པ་མ་བྱུང་ན་སྦྱོངས་རྒྱབ་ཟས་ཏེ་ནད་ཀྱི་སློང་རྐྱེན་དུ་འགྱུར་འགྲོ་བས་སྦྱོངས་ཀྱི་ནུས་པ་འཇོམས་པའམ་ལོག་པ་འབྱུང་བ། ཟས་དེ་བསྟེན་དུས་སྦྱོངས་རྗེས་ཐོག་མ་སླ་བ་གཏོང་དགོས་པ་སྤྱི་འགྲོས་ལྟར་ཡིན་ཀྱང་མཐའ་གཅིག་ཏུ་སླ་བ་དང་བཅུད་མེད་བསྟེན་ན་ནད་པའི་ཟུངས་སྡུག་ཏུ་འགྲོ་བས་ནད་གཞི་ལྡང་བའམ་བླ་གཉན་གྱི་ནད་ཁྲིད་སྲིད་པས། ཡན་ལག་བརྒྱད་པའི་སྙིང་པོའི་རྣམ་འགྲེལ་ཚིག་དོན་ཟླ་ཟེར་ལས། ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་དང་གཟི་མདངས་འཕེལ་མི་འགྱུར། །རླུང་གི་ནད་ནི་ཐམས་ཅད་ཀྱི། །རྒྱུ་ཉིད་དུ་ནི་འགྱུར་བ་ཡིན། །ཚད་ལས་ཤིན་ཏུ་ཆེས་པ་ཡང་། །ཉེས་པ་ཐམས་ཅད་མྱུར་དུ་བསྐྱེད། །ཅེས་པ་དང་། བཤད་པའི་རྒྱུད་ལས། ཟས་རྣམས་ལྕི་ཡང་ཚད་ལས་དཔགས་བྱ་ཏེ། །ཡང་ལ་འགྲངས་ཤིང་ལྕི་ལ་ཕྱེད་འགྲངས་ཙམ། །བདེ་རླག་འཇུ་སླ་ཚོད་ཟིན་ཞེས་སུ་བཤད། །དེ་ནི་ལུས་འཚོ་མེ་དྲོད་སྐྱེད་བྱེད་ཡིན། །ཞེས་གསུངས་པ་ལྟར་རོ། །
བཞི་པ། རྗེས་གཅོད་ལོག་པའི་ཉེས་དམིགས།
ཟས་ཀྱི་རྗེས་གཅོད་ཚ་གྲང་མ་ལོག་པ་དང་། ཟས་ཚོད་རན་པ་བཟའ་བའམ་འཇུ་བདེ་བ་བསྟེན་དགོས། ཁོང་ནད་ཐམས་ཅད་ཀྱི་རྒྱུ་མ་ཞུ་བ་ཡིན་པས། སྦྱོངས་རྗེས་ཕོ་བའི་མེ་དྲོད་ཆུང་བས་ཟས་དྲོད་བཅུད་སྣུམ་ལྡན་རྒྱུན་ལྡན་ལྟར་དུ་འཇུ་མི་ནུས་པས་ཕོ་བའི་མེ་དྲོད་འཆི་ནས་སྐྱོན་དུ་འབྱུང་སྲིད་པས་བླ་གཉན་གྱི་ནད་མ་ཞུ་བ་དང་ནད་གཞན་སྣ་ཁྲིད་ཡོང་བས་ཕོ་བའི་མེ་ལ་གཞིགས་ནས་གཟབ་དགོས་པའི་གནད་ཚིག་དོན་དུ་འཁྱོལ་དགོས། བཤད་པའི་རྒྱུད་ལས། གལ་ཏེ་ཟས་ཚོད་མ་ཟིན་ཆུང་གྱུར་ན། །སྟོབས་མདངས་མི་འཕེལ་རླུང་ནད་མ་ལུས་འབྱུང་། །ཚད་ལས་ཐལ་ན་མ་ཞུ་བེ་སྣབས་སྐྱེད། །དེ་ཡིས་མེ་མཉམ་རླུང་རྒྱུའི་རྩ་སྦུབས་བཀག །ཕོ་བའི་དྲོད་ཉམས་ཉེས་པ་མ་ལུས་སྐྱེད། །དེ་ཕྱིར་ཟས་དང་ཕོ་བའི་མེ་དྲོད་སྦྱར། །ཞེས་དང་། ཕྱི་རྒྱུད་ལས། ཚ་རྗེས་དྲོད་ཀྱིས་བཅད་ན་མེ་རོ་འཕེལ། །གྲང་རྗེས་བསིལ་གྱིས་བཅད་དམ་བཟའ་བ་དྲགས། །ཕོ་བའི་མེ་འཆི་མ་ཞུ་དམུ་སྐྲན་སྐྱེད། །
ཅེས་པ་དང་། མ་ཞུའི་དབང་གིས་ཕོ་བའི་བད་ཀན་འཕེལ། །བེ་སྣབས་དེ་ཡིས་རླུང་རྒྱུའི་རྩ་སྦུབས་བཀག །ལྷེན་དང་ལྩགས་དྲེག་མེ་དྲོད་ཉམས་ལ་སོགས། །གཅོང་ནད་མ་ལུས་སྐྱེད་པར་བྱེད་པ་ཡིན། །ཞེས་དང་། གཅོང་ཆེན་སྐྲན་ལས། རྒྱུ་ནི་མ་ཞུ་བད་ཀན་ཁྲག་མཁྲིས་རླུང་། །
སྲིན་དང་ཆུ་སེར་སྤུ་ལས་འབྱུང་བ་ཡིན། །ཞེས་དང་། རྐྱེན་ནི་སྔོན་ལས་གདོན་དང་མ་ཞུ་བ། །ཞེས་དང་། སྐྱ་རྦབ་ལས། རྒྱུ་རྐྱེན་ཟས་དང་སྤྱོད་ལམ་མི་འཕྲོད་པ། །མ་ཞུའི་དྭངས་མ་མཆིན་གནས་ཟུངས་མ་གྱུར། ངན་ཁྲག་ཆུ་སེར་རྒྱས་པ་རླུང་གིས་གཏོར། །ལུས་ཀུན་ཁྱབ་པས་སྐྱ་རྦབ་དག་ཏུ་གཡོ། །ཅེས་དང་། འོར་ནད་ལས། དང་པོ་ཁ་ཟས་མ་ཞུ་དྭངས་སྙིགས་འདྲེས། །མཆིན་གནས་ཟུངས་སུ་མ་གྱུར་ངན་ཁྲག་རྒྱས། །དེ་ཉིད་ཤ་ལྤགས་བྱེར་བས་ཆུ་སེར་སྐྱེད། །ཆུ་སེར་འོར་དུ་ལྷུང་སྟེ་གཡོ་བར་འགྱུར། །ཞེས་དང་། དམུ་ཆུའི་ལེའུ་ལས། དེ་རྐྱེན་མ་ཞུ་བཤལ་རྗེས་ཟས་སྤྱོད་ལོག །ཞེས་གསུངས་པ་ལྟར་མདོར་ན་སྦྱོངས་རྒྱབ་ཕོ་བའི་མེ་དྲོད་ལ་གཞིགས་ནས་ཟས་སྐོམ་རིམ་པས་ཆ་ཡིས་བསྐྱེད་ལ་གཏོང་དགོས་ཏེ་གོང་གི་སྦྱོངས་རྒྱབ་མེ་དྲོད་ཆུང་བས་མ་ཞུ་བ་དང་ཁོང་ནད་ཀྱི་རྒྱུ་མ་ཞུ་བས་ལྷེན་དང་ལྕགས་དྲེག དམུ་འོར་སྐྱ་རྦབ་སོགས་སྣ་ཁྲིད་པས་ཟས་སྐོམ་རིམ་པ་བསྟེན་ནས་ལུས་ཟུངས་གསོ་བ་དང་ནད་གཞི་སླར་མི་ལྡང་བར་བྱ་རྒྱུ་ཤིན་ཏུ་གལ་ཆེ་བ་ཡིན།
ལྔ་པ། རྗེས་གཅོད་ཟས་བསྟེན་ཚུལ།
རྗེས་གཅོད་ཀྱི་ཟས་བསྟེན་ཚུལ་རྒྱུད་དང་ཉམས་ཡིག་ཁག་ཏུ་གསུངས་པ་གཙོ་བོ་གཞི་བཟུང་ནས་ཡུལ་ལུང་སོ་སོའི་འཚོ་བའི་གོམས་གཤིས་དང་བསྟུན་ནས་བསྟེན་ན་ལུས་ལ་ཕན་དང་འཕྲོད་ཆེ་བ། ཟས་ཀྱི་ལྕི་ཡང་ཕོ་བའི་མེ་དྲོད་དང་ཟས་ཚོད་སྦྱར་ནས་བཏང་དགོས་པ་ནི་ཤིན་ཏུ་གཙོ་ཆེ་བས་གནད་དུ་སེམས། ཚིག་དོན་ཉི་མ་ལས། དེ་ཡང་ཟས་ཀུན་ལ་འདི་ནི་ལྕི་སྟེ་འཇུ་དཀའོ་སྙམ་དུ་ཤེས་པ་དང་། འདི་དག་ནི་ཡང་སྟེ་འཇུ་སླའོ་སྙམ་དུ་ཤེས་པའི་ཚད། ལུང་རྣམ་དག་ལས་སྐྱེས་བའི་རིགས་པ་དེ་ལས་ལྕི་ཡང་སོགས་ཀྱི་འགྲོ་ལྡོག་རྗེས་སུ་དཔག་པར་བྱ་སྟེ། ལྕི་ཡང་གི་བྱེ་བྲག་འབྱེད་པའི་ཚད་ལ་སྲང་ཚད་ཅེས་པ་ལྟར། ལྕི་ཡང་འཇུ་དཀའ་སླའི་བྱེ་བྲག་འབྱེད་པའི་ལུང་ལས་སྐྱེས་པའི་རིག་པ་དེ་ལ་ཚད་ཅེས་བྱའོ། །ཞེས་ལྟོ་སྦྱོངས་རྗེས་གཅོད་ཀྱི་ས་བཅད་སྤྱིར་དང་དམིགས་བསལ་གཉིས་དབྱེ་བ་ལྟར། གཤམ་དུ་སྦྱོངས་རྒྱབ་ཟས་ཀྱི་གཡོས་སྦྱོར་བསྟན་པ།
གཅིག །རྗེས་གཅོད་སྤྱིར་བསྟན་པ།
ལས་ལྔའི་དངོས་གཞིའི་གཉེན་པོའི་སྦྱོང་བ་ཚར་ནས་རྗེས་གཅོད་མཚམས་ལ་སྤྱི་འགྲོས་སུ། རྒྱུད་ལས། ཕྱི་རྗེས་བཅད་པ་སྦྱོང་བ་ཚར་ཆོད་ནས། །འབྲས་སམ་ཕྱེ་ཐུག་གཡོས་སུ་མ་བྱས་པའི། །ཚྭ་སྡོར་བག་ཤས་ཡོད་པ་རྐྱང་རྐྱང་པོས། །ཁམས་གསོ་སྨན་རོ་འདོན་ཞིང་ནད་ལྷག་འདེད། །དེ་རྗེས་སླ་དང་བར་མ་སྐ་བ་དང་། །ཚོ་ཁུ་ཟན་དྲོན་རིམ་པས་ཆ་ཡིས་བསྐྱེད། །ཅེས་དང་། ཕྱི་མ་རྒྱུད་ལས། བཅད་རན་རྗེས་ཀྱི་ཆོ་ག་བཤལ་དང་མཐུན།།ཟས་དང་སྤྱོད་ལམ་དེ་བས་ལྷོད་པས་ཆོག །
ཅེས་དང་། རྒྱུད་ལས། དེ་ལ་གཡོས་སུ་བྱས་པའི་ཟས་སྡེ་ལ། །འབྲས་ཐུག་སླ་དང་སྐ་དང་གར་བ་དང་། །འབྲས་ཆན་རྣམས་ནི་སྔ་མ་སྔ་མ་ཡང་། །སླ་བ་སྐོམ་རྨྱ་ཉེས་པ་ལྷག་མ་འཇོམས། །འཇུ་ཞིང་ཟུངས་སྙོམས་དྲོད་སྐྱེད་རྩ་སྦུབས་མཉེན། །སྐ་བ་དྲོད་སྐྱེད་བཀྲེས་སྐོམ་ཉམ་ཆུང་རྨྱ། །ནད་འཇུ་བྱེད་ཅིང་དྲི་མ་འགགས་པ་སེལ། །ཐུག་གར་འཁྲུ་གཅོད་ཡིད་འོང་སྐོམ་པ་སེལ། །དེ་ཕྱིར་རིམ་པས་ཉམ་ཆུང་ཁྲུས་རྗེས་བསྔགས། །ཞེས་པ་ལྟར་གཡོས་སྦྱོར་དངོས་ནི།
༡ མིང་། འབྲས་ཐུག །
སྦྱོར་ཚད། འབྲས་ཁྱོར་བ་གང་ཙམ་ལེགས་པ་བཀྲུས་ནས་ཆུ་ཧའོ་ཧྲེང་༡༠༠༠ཙམ་བླུགས་པའི་གློག་རྡིག་གམ་སྣོད་ནང་བཙོ་དགོས། ངོ་བོ་སླ་ཞིང་ཕུག་རོན་སྒྲོའི་ཁ་དོག་འདྲ་དགོས།
དུས་ཡུན། འབྲས་འབྲུ་ཁ་གས་ནས་སླ་མོ་བར་དུ་བསྐོལ།
སྤོད། ཚྭ་བྲོ་བ་ཡོད་ཙམ་བཏབ། ལན་ཚྭས་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད། །དྲོད་སྐྱེད་འཇུ་བ་སླ་ཞིང་བཤང་བ་འབྱིན། །
སྡོར། ཞུན་མར་རམ་འབྲི་མར། ལུག་མར་སྣུམ་ཚིལ་མཐེབ་ཆུང་རྩེ་མོ་ཙམ་བཏབ། སྡོར་འདིས་སྐབས་འདིར་སྦྱོངས་རྒྱབ་ཟུངས་སྟོབས་ཞན་པ་དང་། ཕོ་བའི་མེ་དྲོད་ཆུང་བ་ལ་གཞིགས་ནས་བཏང་རྒྱུ་ཡིན་པས། མཐའ་གཅིག་ཏུ་ངེས་པ་མེད།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་གཏོང་དགོས།
༢ མིང་། ཕྱེ་ཐུག །
སྦྱོར་ཚད། རྩམ་པ་བསྐོལ་བའི་ཕྱེ་ཐུག་སླ་བོ། རྩམ་པ་ཁྱོར་བ་གང་ཙམ་ལ་ཚྭ་ཅུང་ཟད་བཏབ་པའི་ཆུ་ཧའོ་ཧྲེང་500ཙམ་བླུགས་ནས་སྐོལ་དགོས།
དུས་ཡུན། ཆུ་གྲང་མོ་ནས་མ་ཁོལ་བར་དུ་དཀྲུག་དགོས།
སྤོད། ཚྭ་བྲོ་བ་ཡོད་ཙམ་བཏབ། ལན་ཚྭས་ཁ་ཟས་ཀུན་གྱི་བྲོ་བ་སྐྱེད། །དྲོད་སྐྱེད་འཇུ་བ་སླ་ཞིང་བཤང་བ་འབྱིན། །
སྡོར། ཞུན་མར་རམ་འབྲི་མར། ལུག་མར་སྣུམ་ཚིལ་མཐེབ་ཆུང་རྩེ་མོ་ཙམ་བཏབ། སྡོར་འདིས་སྐབས་འདིར་སྦྱོངས་རྒྱབ་ཟུངས་སྟོབས་ཞན་པ་དང་། ཕོ་བའི་མེ་དྲོད་ཆུང་བ་ལ་གཞིགས་ནས་བཏང་རྒྱུ་ཡིན་པས། མཐའ་གཅིག་ཏུ་ངེས་པ་མེད།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་བཏང་དགོས།
གཉིས། ཕྱི་རྗེས་བཅད་པ་དམིགས་བསལ་དུ་བསྟན་པ།
༡ ཚ་བ་གསར་པའི་རྗེས་གཅོད་ཀྱི་གཡོས་སྦྱོར་བསྟན་པ།
༡.༡ ཆུ་གྲོག །
སྦྱོར་ཚད། ཆུ་ཁོལ་གྲང་ལ་རྩམ་པ་ཉུང་ངུ་བཏབ་ནས་དཀྲུག་དགོས་པ།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་གཏོང་དགོས།
༡.༢ ནས་ཐུག །
སྦྱོར་ཚད། སྤུ་གཅོད་པའི་ནས་སྙིམ་པ་གང་ཆུ་ཧའོ་ཧྲེང་2000ཙམ་བླུགས་དགོས།
དུས་ཡུན། ཡུན་རིང་ཙམ་སྐོལ་དགོས། ནས་ཀྱི་ཁུ་བ་འབབ་ནས་སྙིགས་ཁ་གས་ན་ཚོས་ཚད་ཡིན།
ནུས་པ། རྒྱུ་མའི་ཚ་བ་འཇགས་པ་དང་རྒྱུ་མའི་རྩི་སྲུང་ཐུབ་པ།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་བཏང་དགོས་ཏེ་ཉིན་གཅིག་ཡན་གཏོང་མི་རུང་། ཕོ་བའི་མེ་དྲོད་ལ་གནོད་པས་གྲང་བའི་ནད་སློང་བ།
༡.༣ ཞོ་ཕྲུམ།
སྦྱོར་ཚད། ཞོ་ཤང་སྙིམ་པ་གང་ཙམ་ལ་ཆུ་ཅུང་བསྲེས་པའམ་དར་བ་སྐོལ་ནས་ངོ་བོ་ཞོ་ཆགས་བར་དུ་བསྐོལ།
དུས་ཡུན། ཆུ་བསྲེས་ནས་འདྲེས་པ་དཀྲུག་དགོས།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་གཏོང་དགོས།
༢.༢ ཚ་བ་རྙིང་པའི་རྗེས་གཅོད་ཀྱི་ཟས་སྦྱོར་བསྟན་པ།
༢.༡ ཚོ་ཁུ།
སྦྱོར་ཚད། ཤ་རྗེན་ཚིལ་མེད་གཏུབ་པའི་ཁྱོར་བ་གང་ཙམ་དང་ཆུ་ཧའོ་ཧྲེང་1500ཙམ།
དུས་ཡུན། རྡོ་ཁོག་གམ་རྫ་ཁོག་ནང་ཆུ་ཁོལ་མ་མེ་དང་བྲལ་ནས་ཤ་རྗེན་བླུགས་ཏེ་དཀྲུག་དགོས། ཤའི་ཕྱི་ཚོས་པ་དང་ནང་དམར་པོ་ཡོད་པའི་ཁུ་བ།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་རིམ་བཞིན་སླ་བ་ནས་སྐ་བ་དང་གར་བ་བཏང་དགོས།
༢.༢ ཇ།
སྦྱོར་ཚད། ཆུ་ཁོལ་ནང་ཇ་ཁུ་མདོག་འགྱུར་ཙམ་བླུགས་པ།
དུས་ཡུན། ཅུང་སྐོལ་བ།
བཏང་ཚུལ། ཡི་ག་ལ་གཞིགས་ནས་ཉུང་ངུ་བསྟེན་པ།
༢.༣ བསྐོལ་གྲངས་ཆུ། དམིགས་བསལ་གྱི་སྦྱོར་བ་མེད།
དུས་ཡུན། ཆུ་སྐོལ་ནས་གྲང་དུ་བཅུག་པ།
བཏང་ཚུལ། ཡི་ག་ལ་གཞིགས་ནས་ཉུང་ངུ་བསྟེན་པ།
༢.༤ ཞོ་ཕྲུམ(གོང་ལྟར་དང་མཚུངས)
༢.༣ གྲང་བའི་རྗེས་གཅོད་ཀྱི་ཟས་སྦྱོར་བསྟན་པ།
༣.༡ ཚོ་ཁུ(གོང་དང་མཚུངས)
༣.༢ ཆང་འཇམ། དགེན་བསྟན་སྲུང་གྲགས་པས་འབྲུ་འགྲེལ་ཀེ་ཏ་ཀ་ལས་ཆང་གི་སྔ་ཁུ་བཅུད་ཅན་ཕུད་པར་ཆང་འཇམ་ལ་བྱ།
བཏང་ཚུལ། ཡི་ག་ལ་གཞིགས་ནས་ཉུང་ངུ་བསྟེན་པ།
༣.༣ ཟན་དྲོན།
སྦྱོར་ཚད། ཆུ་ཁོལ་ཧའོ་ཧྲེང་200ཙམ་ལ་སྣུམ་སྟེ་ལྦུ་སྙིགས་ཕྱུངས་པའི་ཞུན་མར་རིགས་མཐེབ་ཆུང་རྩེ་མོ་ཙམ་བཏབ།
དུས་ཡུན། སྣོད་ཀྱི་ཁ་བཀབ་ནས་ཚོས་པ་བཙོ་དགོས། ཚོས་ནས་དཀྲུག་དུས་མེ་དང་བྲལ་དགོས།
བཏང་ཚུལ། ཕོ་བའི་མེ་དྲོད་ལ་གཞིགས་ནས་ཆུང་ངུ་ནས་རིམ་བཞིན་ཆ་བསྐྱེད་ལ་གཏོང་དགོས།
གསུམ། རྗེས་གཅོད་ནོར་བའི་སྐྱོན།
ཕྱི་མ་རྒྱུད་ལས། ཚ་རྗེས་དྲོད་ཀྱིས་བཅད་ན་མེ་རོ་འཕེལ། །གྲང་རྗེས་བསིལ་གྱིས་བཅད་དམ་བཟའ་བ་དྲགས། །ཕོ་བའི་མེ་འཆི་མ་ཞུ་དམུ་སྐྲན་སྐྱེད། །ཅེས་རྗེས་གཅོད་ནོར་ན་སྦྱོངས་གཏོང་བ་ལས་གནོད་པ་ཆེ་བས་སྐྱོན་འདི་མི་འབྱུང་བར་གཙོ་བོ་སྨན་པས་ནད་པ་དང་ནད་གཡོག་ལ་གསལ་པོ་མངག་དགོས།
མཇུག་བསྡུ་བ།
དེང་དུས་སྤྱི་ཚོགས་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་ཟས་སྐོམ་འདྲ་མིན་བསྟེན་པར་རན་པ་བཟའ་བ་དང་ཚོད་དུ་འཛིན་མཁན་ཤིན་ཏུ་ཉུང་ལ། དེས་ཀྱང་ནད་རིགས་འདྲ་མིན་སྣ་འདྲེན་ལས་མཐའ་བཅོས་ཐབས་བྲལ་བའི་ནད་གདུག་པ་ཅན་ཕོག་ཚད་མཐོ་གྲས་སུ་སླེབས་ཡོད། ལྷག་པར་དུ་སྦྱོངས་བྱེད་ཀྱི་དངོས་གཞིའི་གཉེན་པོ་བཏང་རྗེས་ནད་པའི་ཕོ་བའི་མེ་དྲོད་དང་ཟུངས་སྟོབས་ལ་གཞིགས་ནས་གཡོས་སྦྱོར་དང་བཟའ་ཚོད་འཛིན་པ་ཤིན་ཏུ་གལ་ཆེན་ནང་གི་གནད་ཆེན་ཡིན། །