ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མི་དམངས་ཉིན་རེའི་ཚགས་པར། སྤེལ་དུས། 05-26



        དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་བྱེད་ཐབས་དུ་མ་སྔར་བས་བཀོད་སྒྲིག་གིས་དཔལ་འབྱོར་རྒྱུན་གཏན་ལམ་བུར་སྐྱོད་རྒྱུར་སྐུལ་འདེད་བཏང་ནས་ལུགས་མཐུན་བར་མཚམས་སུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ།

        ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་5ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བའི་ཐོག དཔལ་འབྱོར་བརྟན་པོ་ཡོང་བར་བྱེད་པའི་བྱེད་ཐབས་དུ་མ་སྔར་བས་བཀོད་སྒྲིག་གིས་དཔལ་འབྱོར་རྒྱུན་གཏན་ལམ་བུར་སྐྱོད་རྒྱུར་སྐུལ་འདེད་ཧུར་ཐག་བཏང་སྟེ་ལུགས་མཐུན་བར་མཚམས་སུ་འཁོར་སྐྱོད་ཐུབ་པའི་འགན་ལེན་བྱས་པ་རེད།

        ཚོགས་འདུའི་ཐོག་བསྟན་དོན། མིག་སྔའི་དཔལ་འབྱོར་འཕར་ཚད་ཆག་པའི་གནོན་ཤུགས་རྒྱུན་མཐུད་ཆེ་རུ་ཕྱིན་ནས་ཁྲོམ་རའི་བྱེད་པོ་མང་པོ་ཞིག་ལ་དཀའ་ངལ་ཆེན་པོ་འཕྲད་ཡོད། འཕེལ་རྒྱས་ནི་རང་རྒྱལ་གྱི་གནད་དོན་ཡོད་དོ་ཅོག་ཐག་གཅོད་བྱེད་པའི་རྨང་གཞི་དང་འགག་རྩ་ཡིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ཐོག་ཡིད་ཆེས་བརྟན་དུ་བཏང་ནས་བློ་ཐག་ཆོད་པོས་ཁ་གཏད་གཅོག་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤྱི་འདོམས་ནུས་ལྡན་བྱེད་པ། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་གཏན་འཁེལ་བྱས་པའི་སྲིད་ཇུས་ཁག་མགྱོགས་མྱུར་དོན་འཁྱོལ་དང་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཡོངས་ཀྱི་བསམ་ཕྱོགས་དང་སྲིད་ཇུས་ཀྱི་སྟོན་ཕྱོགས་ལྟར་དམིགས་སའི་རང་བཞིན་ཆེ་ཞིང་ཕན་འབྲས་ལྡན་པའི་བར་མཚམས་སྙོམས་སྒྲིག་བྱེད་ཐབས་སྡེབ་གཅིག་སྤྱད་དེ་དཔལ་འབྱོར་གྱི་གཞི་གདན་བརྟན་པོ་ཡོང་བར་བྱེད་དགོས།

        ཚོགས་འདུའི་ཐོག་གཏན་འཁེལ་བྱས་དོན། ཕྱོགས་6ཐད་ཀྱི་བྱེད་ཐབས་ཁག་33ལག་བསྟར་བྱ་རྒྱུའི་ནང་གཙོ་བོ་གཤམ་གྱི་འདི་དག་ཚུད་ཡོད་དེ། གཅིག་ནི་ནོར་སྲིད་དང་དེ་བཞིན་འབྲེལ་ཡོད་སྲིད་ཇུས། ཁྲོམ་རའི་བྱེད་པོ་དང་ལས་ཞུགས་བརྟན་པོ་ཡོང་བར་ཤུགས་རྒྱག་རྒྱུ། ལས་རིགས་སྔར་བས་མང་པོར་གསོག་ཚད་དང་འཕར་ཚད་ཀྱི་གྲངས་ཚང་ཚབ་འཕྲི་ཁྲལ་སློག་བྱ་རྒྱུ་དང་ཁྲལ་སློག་སྒོར་དུང་ཕྱུར་1400ལྷག་མང་དུ་བཏང་ནས་ལོ་ཧྲིལ་པོའི་ཁྲལ་སློག་ཁྲལ་གཅོག་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་2.64ཟིན་པར་བྱ་རྒྱུ། གཉིས་ནི་དངུལ་རྩའི་སྲིད་ཇུས། འདི་ལོའི་ཀུན་ཕན་ཕྲན་ཚེགས་དངུལ་བུན་གྱི་རྒྱབ་སྐྱོར་ལག་ཆའི་གྲངས་འབོར་དང་རྒྱབ་སྐྱོར་བསྡུར་ཚད་ལྡབ་གཅིག་འཕར་རྒྱུ། ཁེ་ལས་འབྲིང་ཆུང་ཕྲན་གསུམ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་དངུལ་བུན་དང་། ཟོག་འདྲེན་རླངས་འཁོར་གྱི་དངུལ་བུན། གནས་སྐབས་དཀའ་ངལ་འཕྲད་པའི་མི་སྒེར་གྱི་ཁང་པའི་དངུལ་བུན་དང་འཛད་སྤྱོད་དངུལ་བུན་བཅས་ཀྱི་རིགས་ལ་དངུལ་ཁང་གིས་ལོ་དེའི་ནང་མ་འཇལ་སྐྱེད་སྤྲོད་དུས་འགྱངས་བྱེད་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་དང་། རླངས་འཁོར་ཀྲུང་དབྱང་ཁེ་ལས་ཀྱིས་སྤྲད་པའི་ཚོང་སྤྱོད་ཟོག་འཁོར་དངུལ་བུན་སྒོར་དུང་ཕྱུར་900ལ་དངུལ་ཁང་དང་ཁེ་ལས་མཉམ་འགུལ་གྱིས་མ་འཇལ་སྐྱེད་སྤྲོད་དུས་འགྱངས་ལོ་ཕྱེད་བྱ་རྒྱུ། གསུམ་ནི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་ཡོང་བར་བྱ་རྒྱུ། ལས་འགོ་བསྐྱར་འཛུགས་བྱས་ནས་ཐོན་ནུས་ལོན་པར་བྱེད་པའི་སྲིད་ཇུས་ལེགས་སུ་བཏང་སྟེ“མིང་གཞུང་དཀར་པོའི”ཁེ་ལས་ཀྱི་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་རྒྱུ། ཟོག་འདྲེན་ཤར་གཏོང་ཐུབ་པའི་འགན་ལེན་བྱ་རྒྱུ་སྟེ་རིམས་ནད་ཉེན་ཁ་ཆུང་ཁུལ་ནས་ཡོང་རིགས་ལ་ཤར་བགྲོད་ཚད་བཀག་མེད་པར་བཟོ་རྒྱུ་དང་ལུགས་མཐུན་མིན་པའི་མཐོ་ཚད་ཚོད་འཛིན་སོགས་ཀྱི་གཏན་འབེབས་དང་གྲོན་དངུལ་བསྡུ་བ་ཚང་མ་མེད་པར་བཟོ་རྒྱུ། བཞི་ནི་འཛད་སྤྱོད་དང་ནུས་ལྡན་མ་འཇོག་ལ་སྐུལ་འདེད་གཏོང་རྒྱུ། རླངས་འཁོར་ཉོ་བའི་ཚད་བཀག་ལྷུག་ཏུ་བཏང་ནས་མི་སྡོད་རླངས་འཁོར་ཁག་ཅིག་གི་ཉོ་སྒྲུབ་ཁྲལ་དངུལ་སྒོར་དུང་ཕྱུར་600དུས་མཚམས་རང་བཞིན་གྱིས་ཉུང་བ་བསྡུ་རྒྱུ། གྲོང་ཁྱེར་ཁག་གིས་སོ་སོའི་ཡུལ་བབ་དང་བསྟུན་ནས་བྱེད་ཐབས་བཏོན་ཏེ་མ་ཉོས་ཐབས་མེད་ཀྱི་སྡོད་ཁང་དང་ལེགས་གཏོང་རང་བཞིན་གྱི་སྡོད་ཁང་ཉོ་བར་རྒྱབ་སྐྱོར་བྱ་རྒྱུ། ཞིབ་མཆན་འགོད་རིམ་ལེགས་སུ་བཏང་ནས་ཆུ་བེད་རྣམ་གྲངས་དང་ལྷག་པར་དུ་ཆུ་འདྲེན་ཆུ་གཏོང་དང་། འགྲིམ་འགྲུལ། སྡེ་ཁུལ་རྙིང་པ་སྒྱུར་བཀོད་སོགས་རྣམ་གྲངས་ཆེ་གྲས་ཁག་ཅིག་གསར་སྤེལ་བྱ་རྒྱུ་དང་ཆབས་ཅིག་དངུལ་ཁང་ལ་གཞི་ཁྱོན་ཅན་གྱི་དུས་ཡུན་རིང་པོའི་དངུལ་བུན་མཁོ་འདོན་བྱ་རྒྱུའི་ཁྲིད་སྟོན་བྱ་རྒྱུ། ལྔ་ནི་ནུས་རྒྱུའི་བདེ་འཇགས་འགན་ལེན་བྱ་རྒྱུ། ས་གནས་ཀྱི་རྡོ་སོལ་ཐོན་འབོར་འགན་འཁྲི་དོན་འཁྱོལ་བྱས་ཐོག་རྡོ་སོལ་གཏེར་ཁའི་འཕར་ཆག་ཐོན་ནུས་ཀྱི་སྲིད་ཇུས་སྙོམས་སྒྲིག་བྱས་ཏེ་མཁོ་སྤྲོད་འགན་ལེན་སོལ་གཏེར་གྱི་འགྲོ་ལུགས་མགྱོགས་མྱུར་གཉེར་རྒྱུ། དྲུག་ནི་གཞི་རྩའི་དམངས་འཚོ་འགན་ལེན་བྱ་རྒྱུ། ལས་ཤོར་འགན་ལེན་དང་། མ་མཐའི་འཚོ་བ་འགན་ལེན། དཀའ་ངལ་ཡོད་པའི་མང་ཚོགས་ལ་རོགས་སྐྱོར་བྱེད་པ་སོགས་ཀྱི་ལས་དོན་ཡག་པོར་བསྒྲུབ་རྒྱུ་བཅས་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1