༄༅།། འགྱུར་ལྡོག་གི་མཐོང་སྣེ་ནས《བོད་ཀྱི་གཅེས་ཕྲུག》ཁྲོད་ཀྱི་མི་སྣའི་སྣང་བརྙན་སྐོར་རགས་ཙམ་གླེང་བ།

ཀླུ་མོ་སྐྱིད། རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།མཚོ་སྔོན་བོད་ཡིག་གསར་འགྱུར། སྤེལ་དུས། 05-31



ཀླུ་མོ་སྐྱིད། ལྷོ་ནུབ་མི་རིགས་སློབ་ཆེན། 


 《བོད་ཀྱི་གཅེས་ཕྲུག》ཅེས་པའི་སྒྲུང་གཏམ་དེ་ནི་རྩོམ་པ་པོ་ལྷ་བྱམས་རྒྱལ་གྱི་སྒྲུང་རིང་ཐོག་མ་ཡིན་ལ། དུས་རབས་གསར་པའི་བོད་ཀྱི་སྒྲུང་གཏམ་གསར་རྩོམ་ཁྲོད་ཀྱི་ཚབ་བྱེད་བརྩམས་ཆོས་ཤིག་ཀྱང་ཡིན་པས། འདིར《བོད་ཀྱི་གཅེས་ཕྲུག》ཁྲོད་ཀྱི་མི་སྣའི་སྣང་བརྙན་གཙོར་བཟུང་སྟེ། སྒྲུང་གཏམ་ཁྲོད་ཀྱི་མི་སྣ་གཙོ་ཕལ་གཉིས་ཀྱི་སྣང་བརྙན་དང་ཁོ་ཚོའི་འགྱུར་ལྡོག་ལ་དབྱེ་ཞིབ། མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་སྒྱུ་རྩལ་ཁྱད་ཆོས་བཅས་ཀྱི་ཐད་ནས་མདོར་ཙམ་གླེང་བ་གཤམ་ལྟར།


 གཅིག འགྱུར་ལྡོག་གི་མཐོང་སྣེ་ནས་མི་སྣ་གཙོ་ཕལ་གཉིས་ཀྱི་སྣང་བརྙན་དབྱེ་ཞིབ།

        མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་ཆ་ནས་བཤད་ན། སྒྲུང་རིང་དེ་ནི་མི་སྣའི་གཤིས་ཀའི་འཕེལ་རིམ་གྱི་ལོ་རྒྱུས་བྲིས་པའི་སྒྲུང་གཏམ་ཞིག་ཏུ་བརྩི་ཆོག་སྟེ། རྩོམ་པ་པོ་ལྷ་བྱམས་རྒྱལ་གྱིས་གཅེས་ཕྲུག་བཞི་སྟེ“ང”དང་ཐར་འཕེལ། ཉི་མ་དོན་གྲུབ། གསལ་སྒྲོན་བཅས་ཀྱི་བྱིས་དུས་ནས་དར་མའི་བར་གྱི་འཚོ་བའི་འགྱུར་ལྡོག་གི་འཕེལ་རིམ་གཙོར་བཟུང་ཞིང་། “ངའི” ཨ་ཕ་དང་དགེ་རྒན་མི་འགྱུར། སྤོ་བོ་རལ་བ་ཅན། ཨ་ཅེ་འབྲུག་སྐྱིད་སོགས་ཀྱི་མི་སྣའི་སྣང་བརྙན་གྱིས་ཁོ་ཚོའི་འགྱུར་ལྡོག་ལ་གཞོགས་འདེགས་ཀྱི་ནུས་པ་བླ་ལྷག་ཏུ་ཐོན་པར་བྱས་ཡོད།


 1.མི་སྣ་གཙོ་བོ།


 (1)“ང”དང“ངའི”འགྱུར་ལྡོག

        སྒྲུང་རིང་དེར་མགོ་ནས་མཇུག་བར་འབོད་བརྡ་དང་པོ“ང”ཞེས་པའི་འབྲི་སྲོལ་སྤྱད་དེ། སྒྲུང་གཏམ་གྱི་སྟོད་ཆ“ངའི”བྱིས་དུས་ཀྱི་མཐོང་སྣེ་དང་། སྨད་ཆ“ངའི”ད་ལྟའི་མཐོང་སྣེ་ནས་བྲིས་ཡོད་ཅིང་། རྩོམ་གྱི་བསམ་བློའི་ནང་སྙིང་དེའང“ངའི”སྣང་བརྙན་ལ་བརྟེན་ནས་མཚོན་ཡོད་པས། “ང”ནི་སྒྲུང་གཏམ་དེའི་མི་སྣ་བཞེངས་སྐྲུན་བྱེད་མཁན་དེ་ཡིན་ལ། “ང”ཡང་སྒྲུང་གཏམ་ཧྲིལ་པོའི་མེད་དུ་མི་རུང་བའི་བླ་སྲོག་ལྟ་བུའི་མི་སྣ་ཞིག་ཡིན།

        སྒྲུང་གཏམ་ཁྲོད་ཀྱི“ང”ནི་རྩོམ་པ་པོ་ཁོ་རང་ཉིད་ཡིན་ལ་ཁོ་རང་ཉིད་ཡང་མིན་པར། དེ་ནི་རྩོམ་པ་པོས་སེམས་ཤུགས་ཆེན་པོས་བཞེངས་སྐྲུན་བྱས་པའི་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་ཞིག་སྟེ། གཏམ་རྒྱུད་ཀྱི་བྱུང་རིམ་བསྲིང་བ་དང་བརྗོད་གཞི་ཟབ་ཏུ་སྤེལ་བ། རྩོམ་པ་པོའི་ནང་སེམས་ཀྱི་བརྩེ་བའི་སྐྱབས་བཅོལ་ཡུལ་སོགས་ཀྱི་འགན་བཞེས་ཡོད།

        “ངའི”ཆེས་ཐོག་མའི་སྣང་བརྙན་ནི་ཁ་བའི་སྟེང་དུ་ཡི་གེ་འབྲི་བཞིན་པའི་བྱིས་པ་སྣབས་ལུག་ཅིག་ནས་མགོ་བརྩམས་ཏེ། “ང”རང་ཡི་གེ་ལ་དགའ་ཞིང་ཚེ་གང་པོར་ཡི་གེའི་ལམ་བུ་ལ་སྙེག་དགོས་པའི་ས་བོན་བཏབ་ཡོད། དེ་ནས་རིམ་བཞིན་ཁོ་དང་ཡི་གེའི་བར་གྱི་གཏམ་རྒྱུད་དེ་སྒྲུང་གཏམ་ཧྲིལ་པོའི་ཁྲོད་ག་ས་གང་དུ་མཐོང་ཐུབ་སྟེ། ཁྱད་པར་དུ་ཡི་གེ་སྲུང་སྐྱོབ་ཀྱི་དོན་དུ་རང་གི་གྲོགས་པོ་བཟང་ཤོས་ཐར་འཕེལ་དང་མི་ཚེའི་ཁྲོད་ཀྱི་རྡུང་རེས་ཐེངས་དང་པོ་བརྒྱབ་པ་དང་། ཨ་ཅེ་འབྲུག་སྐྱིད་ཀྱི་མངགས་བཅོལ་ལྟར་དགེ་རྒན་མི་འགྱུར་གྱི་ཉལ་ཁང་དུ་སོང་དུས་དཔེ་ཆ་མང་པོ་བརྩེགས་ཡོད་པ་མཐོང་ནས་ཡིད་དབང་མེད་དུ་ཕྲོགས་ཏེ་རང་གི་ངོ་ཤེས་རྙིང་པ་དག་དང་འཕྲད་སོང་བ་ལྟ་བུའི་ཚོར་སྣང་ཡ་མཚན་ཞིག་སྐྱེས་པ། དེ་མིན་མར་ནང་ཀུང་ཧྲེའི་མགོ་འཛིན་པ་ཝང་ཧྲུའུ་ཅིའི་ཁུག་མའི་སྟེང་གི་ལྕགས་སྨྱུག་གིས་ཡི་གེ་འབྲི་བའི་རྣམ་པ་ཞིབ་འབྲི་བྱས་པ། རྗེས་སུ་ནང་ལོགས་ཀྱི་སློབ་ཆེན་ཞིག་ལ་རྒྱུགས་འཕྲོད་ནས་ཕ་མའི་བཀག་འགོག་བྱས་ཀྱང་སློབ་གྲྭར་འགྲོ་བའི་གོ་སྐབས་བློས་མ་བཏང་བར། བློ་གཅིག་སེམས་གཅིག་གིས་རིག་གནས་ཀྱི་ལམ་བུ་འདིར་བསྙེགས་པ་སོགས་ལས། “ང”ཡི་ལས་དབང་ནི་ཡི་གེ་དང་འབྲལ་ཐབས་མེད་ཅིང་ཆུང་དུས་ནས་སྒེར་ཚུགས་ཀྱི་བསམ་བློ་ཡོད་པའི་མི་རང་ག་བ་ཞིག་མ་ཡིན་པའི་སྣང་བརྙན་བསྐྲུན་ཡོད།

        སྒྲུང་གཏམ་དེར་གཅེས་ཕྲུག་དག་གི་འགྱུར་ལྡོག་དང་བསྟུན་ནས་སྟོད་ཆ་དང་སྨད་ཆ་གཉིས་སུ་ཕྱེས་ཡོད་དེ། སྒྲུང་གཏམ་གྱི་སྟོད་ཆར་བྱིས་དུས་ཀྱི་ཡ་རབས་གཞུང་དྲང་དང་ཕྱི་རོལ་ཡུལ་གྱི་བྱ་དངོས་ཡོད་ཚད་ལ་ཡ་མཚན་ཞིང་། མར་ནང་གྲོང་གི་ཕ་རོལ་གྱི་རྒྱང་རིང་གི་འཇིག་རྟེན་ལ་རེ་ལྟོས་བྱེད་བཞིན་པའི“ངའི”སྣང་བརྙན་ཞིག་བསྐྲུན་ཡོད་ལ། སྒྲུང་གཏམ་གྱི་སྨད་ཆར། “ལོ་ངོ་ཉི་ཤུ་ལྷག་གི་རྗེས་ཀྱི་དགུན་གཞུང་འདིར། ང་ནི་འདི་ལྟར་གྲོང་ཁྱེར་དུ་ཁ་བར་སྒུག་མཁན་ཞིག་ཏུ་གྱུར་ཡོད”[1]ཅེས“ང”ནི་ཆུང་དུས་ཀྱི་རེ་ལྟོས་བྱེད་སའི་གྲོང་ཁྱེར་གྱི་གཞུང་ལས་ཁང་དུ་བྱ་བ་གཉེར་བཞིན་ཕ་ཡུལ་དྲན་པའི་སྐྱེས་བུ་དར་མ་ཞིག་ཏུ་གྱུར་ཡོད་པ་ཤེས་ཐུབ།ད་དུང“ང”ནི་གཏན་དུ་མར་ནང་གྲོང་དང་བྲལ་བའི་ཡུལ་གྱར་པ་ཞིག་ཏུ་གྱུར་ཡོད་པས། ད་ལྟའི་རེ་ལྟོས་བྱེད་ས་ནི་རྒྱང་རིང་གི་གྲོང་ཁྱེར་མིན་པར་ཕ་ཡུལ་དེ་ཡིན་པ་མངོན་ཡོད་ཅིང་། ལོ་ངོ་མང་པོར་ཕ་ཡུལ་དུ་མ་ལོག་པར། གྲོང་ཁྱེར་ནས་གཉེན་བསྒྲིགས་ཤིང་ཆུང་མ་ནི་བོད་སྐད་བཤད་མི་ཤེས་པའི་བོད་མོ་ཞིག་ཡིན་པས། ནམ་རྒྱུན་ཕ་ཡུལ་གྱི་དོན་དུ་ཁོ་མོ་དང་ཁ་འཛིང་བྱས་པ་བརྒྱུད། “ངས”ཆུང་དུས་ཀྱི་རྩེད་གྲོགས་རྣམས་དང་མར་ནང་གྲོང་གི་སྡེ་མི། ལྷག་པར་རང་གི་ཁྱིམ་མི་ཚོ་དྲན་ཞིང་། ཕ་ཡུལ་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་བ་འགོག་ཐབས་མེད་པ་ཞིག་ངམ་ངམ་ཤུགས་ཀྱིས་མངོན་ཡོད།


 (2)ཐར་འཕེལ་དང་ཐར་འཕེལ་གྱི་འགྱུར་ལྡོག

        བྱིས་དུས་ཀྱི“ངའི”ཆུང་གྲོགས་ཐར་འཕེལ་གྱི་ཆེས་འབུར་ཐོན་གྱི་ཕྱིའི་གཟུགས་བྱད་ནི། ཁོ་པའི་ཡ་ཁའི་སྟེང་དུ་བསྣར་བའི་སྣབས་དེ་དང་། ཀླད་པའི་ཕྱི་ལྟག་ཏུ་བསྐྱུར་ཡོད་པའི་རལ་ལུ་ཐུང་ཐུང་དེ་རེད། དེ་བཞིན་དུ་ཐར་འཕེལ་གྱི་གཤིས་ཀའང་ཁོ་ཚོ་ལས་ཅུང་ཟད་མ་རབས་པྲ་ཆལ་ཞིག་དང་། ཡི་གེ་སློབ་པར་དེ་འདྲ་མི་དགའ་བ་ཞིག་ཡིན། ཐར་འཕེལ་གྱི་འགྱུར་ལྡོག་དེ་ཕལ་ཆེར་ཁོའི་ནུ་བོ་ཀུན་དགའ་ཚེ་རིང་ཆུ་ནང་དུ་ལྷུང་སྟེ་ཤི་བ་ནས་བྱུང་བ་སྟེ། སྔོན་གྱི་ཡིག་ངོ་ཙམ་ཆོད་ན་དགོན་པར་བསྐྱལ་རྒྱུའི་འཆར་གཞི་དེ་རྩ་བ་ནས་འགྱུར་ཏེ། ཁོ་ཚང་གི་བུ་གཅིག་པུ་དགོན་པར་སྐྱེལ་ཐབས་མེད་པར་གཞིས་འཛིན་མཁན་དུ་གྱུར་སོང་བ་དང་། དེ་ཡང་ཁོའི་མི་ཚེའི་བགྲོད་ལམ་གྱི་གདམ་ག་ལ་རྩ་བའི་ཆ་ནས་ཁ་ལོ་བསྒྱུར་རྐྱེན་ནི་རྩེད་གྲོགས་གསུམ་ལས་ཁོ་རང་གཅིག་པུས་སློབ་འབྲིང་དུ་རྒྱུགས་མ་འཕྲོད་པར་མི་ཚེ་གང་པོར་མར་ནང་གྲོང་དུ་ལུས་པ་དེ་རེད། དེ་ནས་བཟུང་སྟེ། ཁོ་རང་ཆུང་དུས་ཀྱི་རྒྱུན་པར་ཡ་ཁར་སྣབས་ལུག་ཅིང་དགའ་སྐྱིད་ཀྱི་སྣང་བརྙན་དེ་ནས་གཞོན་དུས་ཀྱི་མག་མོག་གི་བརྩེ་དུང་བརྒྱུད་དེ། ཆེས་མཇུག་མཐར་མར་ནང་གྲོང་གི་སྡེ་དཔོན་དུ་གྱུར་ཅིང་། སྡེ་བའི་རྩྭ་སའི་དོན་དུ་སེམས་ཁྲལ་བྱེད་ཅིང་རང་ཚུགས་ལྡན་ལ་བབ་ཆགས་པའི་དར་མའི་སྣང་བརྙན་ཞིག་ཏུ་གྱུར་ཡོད།


 (3)ཉི་མ་དོན་གྲུབ་དང་ཉི་མ་དོན་གྲུབ་ཀྱི་འགྱུར་ལྡོག

        ཉི་མ་དོན་གྲུབ་ནི་སྒྲུང་གཏམ་དེའི་མི་སྣ་ཡོད་དོ་ཅོག་ལས་ཆེས་དཔེ་མཚོན་རང་བཞིན་ལྡན་པའི་མི་སྣ་ཞིག་སྟེ། ཁོའི་མི་སྣའི་སྣང་བརྙན་ལ་འགྱུར་ལྡོག་གི་ཆ་མང་པོ་ལྡན།

        ཆུང་དུས་སུ་ཉི་མ་དོན་གྲུབ་ནི་ཁོ་ཚོའི་རྩེད་གྲོགས་ཡིན་ལ། དེ་དུས་ཀྱི་ཁོ་ནི་ཐར་འཕེལ་དང་མི་འདྲ་བར་ཕྲུ་གུ་གཤིས་འཇམ་ཉམ་ཆུང་ཞིག་ཡིན་ཏེ། “ང”དང་ཁ་འཛིང་དང་རྡུང་རེས་བརྒྱབ་མ་མྱོང་ལ་ཨ་མ་རི་མོའི་ཁ་ལེན་ཚིག་བརྩི་བྱེད་པ་དང་ཆུང་དུས་ནས་བྱིས་པ་བབ་ཆགས་ཤིག་ཡིན། དེའི་རྗེས། ཁོ་རང་དངོས་གནས་རང་གིས་བཤད་པ་ནང་བཞིན་སློབ་བྱོལ་བྱས་ཏེ་མར་ནང་དགོན་པའི་ནང་དུ་གྲྭ་པ་བྱས་ཤིང་། བློ་ཡུལ་ལས་འདས་པ་ཞིག་ལ། ཁོ་ནི་མར་ནང་སྐུ་ལོའི་སྤྲུལ་སྐུ་རུ་ངོས་བཟུང་ནས་དགོན་པའི་ཁྲི་སར་བཀོད། དེ་ལ་རྩོམ་པ་པོས་ཁོ་རང་རྩེད་གྲོགས་ནས་མར་ནང་སྐུ་ལོར་གྱུར་པའི་ཕྱིའི་སྣང་བརྙན་གྱི་འགྱུར་ལྡོག་ཅུང་ཙམ་མག་མོག་ཏུ་བརྗོད་ཡོད་དེ། “མིག་ལ་འཚེར་བའི་གདུགས་སེར་པོ་དེ་ཡམ་ཡོམ་དུ་ཕུབ་པའི་འོག་ཏུ། ང་ཚོའི་རྩེད་གྲོགས་ཉི་མ་དོན་གྲུབ་གྱིས་གཟན་དམར་སྨུག་གི་འོག་ཏུ་ན་བཟའ་སེར་པོ་ཞིག་མནབས་ཤིང་། ཕྱག་གཉིས་ཨ་ཁུ་ཐུབ་བསྟན་དང་གྲྭ་པ་གཞན་པ་ཞིག་གིས་བསྐྱོར་ཏེ། གོམ་པ་ཐུང་ཐུང་ལེན་བཞིན་……རི་མོའི་ཐོག་ཏུ་སྤོས་ནས་འདུ་ཁང་གི་བར་ཁྱམས་དུ་ཕེབས་བྱུང” ཡང “ང་ཚོའི་སྙིང་ཉེ་བའི་རྩེད་གྲོགས། ཡར་སྔོན་ཉམ་ཆུང་ཆུང་གི་ཉི་མ་དོན་གྲུབ་སྟེ། ཉི་མ་དེར་དེ་ལྟར་མཐོ་ཞིང་བརྗིད་པའི་གསེར་གྱི་ཁྲི་རུ་མངའ་གསོལ་བྱུང”[2]བཅས་ལས་ཉི་མ་དོན་གྲུབ་མར་ནང་སྐུ་ལོར་གྱུར་རྗེས་ནས་ཁོ་ཚོ་དང་ཁ་ཐག་རིང་དུ་གྱེས་ཤིང་ངོ་མི་ཤེས་པ་ལྟ་བུ་ཞིག་ཏུ་གྱུར་ཡོད་པ་རྟོགས་ཐུབ་མོད། འོན་ཀྱང་སྐུ་ལོས་ཁོ་ཚོར་མཇལ་ཁ་གནང་སྐབས་མི་གཞན་དག་དང་མི་འདྲ་བར་པྲ་ཆལ་གྱི་འཛུམ་ཞིག་རྒྱས་ནས། ཁོའི་རྣ་འབྱོག་ལ་ཕུར་ཕུར་གཏོང་བཞིན་ཁོ་ལ་འོ་མ་ཀ་ར་ཁ་ཤས་སྤྲད་སོང་བ་དང་། གསལ་སྒྲོན་དང་ཁོ་གཉིས་ལ་འདུ་ཁང་གི་མདུན་ནས་མིག་སྐྱེལ་བྱས་པ་སོགས་ལས། མར་ནང་སྐུ་ལོ་དེ་ནི་སྔར་བཞིན་ཁོ་ཚོར་རྒྱུས་ཆེ་བའི་ཉི་མ་དོན་གྲུབ་ཏུ་སྣང་ལ། ད་དུང་ཁོ་ཚོའི་བར་གྱི་རྩེད་གྲོགས་ཀྱི་མཛའ་བརྩེ་དེ་སེམས་སུ་ཉར་ཡོད་པ་ཚོར་ཐུབ།

        གལ་ཏེ་གློ་བུར་དུ་མར་ནང་སྐུ་ལོར་གྱུར་པ་ནི་ཉི་མ་དོན་གྲུབ་གྱི་མི་ཚེའི་ཁྲོད་ཀྱི་འགྱུར་ལྡོག་དང་པོ་དེ་ཡིན་ན། ཚངས་དབྱངས་རྒྱ་མཚོའི་མགུར་གླུའི་ཚན་པ་ཞིག་བསྐྱུར་ནས་སྟོད་ཉི་མ་ལྷ་སར་བྲོས་བྱོལ་དུ་ཕྱིན་པ་ནི། ཁོ་བོའི་མི་ཚེའི་འགྱུར་ལྡོག་གཉིས་པ་དང་དཀྱོགས་མཚམས་གལ་འགངས་ཆེ་ཤོས་དེ་རེད། སྣང་བརྙན་དེ་གཉིས་ཀྱི་བར་དུ་གནམ་ས་བླ་འོག་བསྒྱུར་བ་ལྟ་བུའི་ཁྱད་པར་ཡོད་དེ། མར་ནང་སྐུ་ལོ་ཡིན་དུས་སུ་ཁོ་ནི་མི་ཚང་མའི་སྐྱབས་བཅོལ་ཡུལ་དང་བཀུར་བསྟི་བྱེད་སའི་ནམ་མཁའི་ཉི་མ་ལྟ་བུ་ཡིན་མོད། ལྷ་ས་རུ་ཁོ་ནི་མི་ཆ་ཡོད་གཅིག་ཀྱང་མེད་པའི་ཆེས་སྤྱིར་བཏང་དང་ཁེར་རྐྱང་གི་མི་ཕལ་པ་ཞིག་ཡིན་པས། ཁོ་རང་འབྲས་སྤུངས་དགོན་དུ་ཞུགས་འདོད་ཀྱང་འཛིན་ཡིག་མེད་པས་ཞུགས་མ་ཐུབ་པར་ལྷ་སའི་སྲང་ལམ་དུ་ལུས། རྗེས་སུ་འཚོ་རྟེན་གྱི་ཆེད་དུ་ཚོང་བརྒྱབ་ཅིང་སྡོམ་པ་ཡང་ཤོར་ནས་དངོས་སུ་གྲྭ་ལྭ་ཕུད་ནས་སྐྱ་སར་བབས་པའི་ཀྱག་ཀྱོག་གི་བརྒྱུད་རིམ་ཁྲོད། ཁོ་བོའི་འགལ་འདུ་དང་གནོང་འགྱོད་ཀྱིས་ཁེངས་ཡོད་པའི་སེམས་ཁམས་ཞིབ་འབྲི་བྱས་ཡོད། དེ་དུས་ཀྱི་ཁོའི་ལུས་སྟེང་ནས་ཆུང་དུས་ཀྱི་རྩེད་གྲོགས་ཉི་མ་དོན་གྲུབ་དང་དགོན་པའི་ནང་གི་མར་ནང་སྐུ་ལོའི་རྣམ་དག་གི་གྲིབ་གཟུགས་དེ་མཐོང་ཐུབ་མོད། འོན་ཀྱང་ཚོང་ཇེ་ཆེར་སོང་སྟེ་ནོམ་པ་མང་པོ་བསགས་རྗེས།  ཁོ་ཕྱིར་མར་ནང་གྲོང་དུ་སླེབས་ནས་ཅོང་རྙིང་དེ་བརྐུས་ནས་གནའ་རྫས་ཚོང་བརྒྱབ་པ་ནས་བཟུང་། ཁོ་པའི་སྣང་བརྙན་ལ་འགྱུར་ལྡོག་ཐེངས་གསུམ་པ་དེ་བྱུང་། དེ་དུས་ཀྱི་ཉི་མ་དོན་གྲུབ་ནི་ང་རྒྱལ་གྱི་དབུ་འཕང་མཐོ་བའི་ཚོང་པ་ཆེན་པོ་ཞིག་གི་སྣང་བརྙན་ལས། ཆུང་དུས་ཀྱི་བྱིས་པ་ཡ་རབས་ཉམ་ཆུང་གི་སྣང་བརྙན་དེ་རྩ་བ་ནས་ཡལ་ཟིན།མདོར་ན། ཉི་མ་དོན་གྲུབ་ཀྱི་ཀྱག་ཀྱོག་གི་མི་ཚེའི་བརྒྱུད་རིམ་ཁྲོད་ཀྱི་འགྱུར་ལྡོག་གི་སྣང་བརྙན་གསུམ་ཞིབ་འབྲི་བྱས་པ་བརྒྱུད་ནས། སྒྲུང་གཏམ་དེའི་ཆེས་རྙོག་འཛིང་ཆེ་ཞིང་ཕུན་སུམ་ཚོགས་པའི་མི་སྣའི་སྣང་བརྙན་དེ་བཞེངས་སྐྲུན་ལེགས་འགྲུབ་བྱུང་ཡོད་པ་ཤ་སྟག་རེད། 

 གསལ་སྒྲོན་ནི་གཅེས་ཕྲུག་བཞི་ལས་བུ་མོ་གཅིག་པུ་དེ་ཡིན་ལ། སྒྲུང་གཏམ་ཧྲིལ་པོའི་ཁྲོད་ཀྱི་བུད་མེད་ཀྱི་སྣང་བརྙན་ཉུང་ཤས་ལས་གཙོ་བོ་དེ་ཡིན། དེ་ཡང་ཆུང་དུས་ཀྱི་མོ་ནི་ངོ་ཚ་རྒྱུར་དགའ་ཞིང་མིག་ཆུ་བཞུར་སླ་བ། གཤིས་ཀ་འཇམ་ཞིང་ལྷད་མེད་ཀྱི་བྱིས་བློས་ཁེངས་པ། ཕུགས་བསམ་དང་རེ་ལྟོས་ཡོད་པའི་བུ་མོ་སྙིང་རྗེ་པོ་ཞིག་ཡིན། ཁོ་མོའི་སྣང་བརྙན་གྱི་འགྱུར་ལྡོག་དེ་ནི་སློབ་ཆེན་དུ་རྒྱུགས་མ་འཕྲོད་པར་ལྷ་སར་བྲོས་བྱོལ་དུ་སོང་བ་ནས་མགོ་བརྩམས་ཡོད་ལ། ཁོ་མོ་ཡང་ཉི་མ་དོན་གྲུབ་དང་འདྲ་བར་ལྷ་ས་རུ་རྟེན་གཞི་གཅིག་ཀྱང་མེད་པར། འཚོ་རྟེན་གྱི་ཆེད་དུ་རང་གི་མིང་ངོ་མ་དེ་གསང་ནས་སྨད་འཚོང་མའི་ལས་ཀ་ལས་ནས་ཁ་གསོ་ཐབས་ཙམ་བྱེད་ཅིང་། ཉི་མ་དོན་གྲུབ་དང་འཕྲད་ཀྱང་ཕན་ཚུན་ངོ་མ་ཤེས་པར་ཁོའི་སྡོམ་པ་འཕྲོག་སོང་བས། རང་གིས་ལོ་མང་པོར་བསགས་པའི་སྒོར་མོ་ཡོད་ཚད་ཉི་མ་དོན་གྲུབ་ལ་བསྐྱུར་ནས་སོང་བ། ལོ་མང་པོའི་རིང་བྲོས་བྱོལ་བྱས་ཏེ་ཕ་ཡུལ་དུ་ལོག་མི་ཕོད་པ་སོགས་ཞིབ་འབྲི་བྱས་པ་བརྒྱུད། ཁོ་མོའི་ནང་སེམས་ཀྱི་ཆེས་ཟབ་སར་སྔར་བཞིན་རང་ཉིད་ཀྱི་ཡ་རབས་སྤྱོད་བཟང་གི་ངང་ཚུལ་དེར་རྗེས་དྲན་དང་ཕ་ཡུལ་གྱི་རྩེད་གྲོགས་དང་ཁྱིམ་མི་དག་ལ་བརྩེ་བ་ཟབ་མོ་བཅངས་ཡོད་པ་ཚོར་ཐུབ། དེ་བས། རྩོམ་པ་པོས་ཁོ་མོའི་སྐྱོ་གར་རང་བཞིན་དང་འགྱུར་བག་ངེས་མེད་ཀྱི་ལས་དབང་ལ་སྙིང་རྗེ་ཞིང་། འགལ་འདུའི་བསམ་བློ་དྲག་པོ་ཞིག་གིས་གསལ་སྒྲོན་གྱི་སྣང་བརྙན་འདི་བཞེངས་སྐྲུན་བྱས་ཡོད། 

 2.མི་སྣ་ཕལ་པ། 

 སྒྲུང་གཏམ་དེར་གཅེས་ཕྲུག་བཞི་པོ་ལས་ད་དུང་“ངའི”ཨ་ཕ་དང་དགེ་རྒན་མི་འགྱུར། སྤོ་བོ་རལ་བ་ཅན། ཨ་ཅེ་འབྲུག་སྐྱིད། མར་ནང་སྡེ་བའི་མི་རྐྱང་གཅོད་པ་སོགས་མི་སྣ་ཕལ་པའི་སྣང་བརྙན་མང་པོ་ཞིག་ཀྱང་བཞེངས་སྐྲུན་བྱས་ཡོད་པ་ལས། མི་སྣ་གཙོ་བོ་དག་གི་སྣང་བརྙན་གྱི་འགྱུར་ལྡོག་ལ་སྐུལ་འདེད་ཀྱི་ནུས་པ་ཆེས་ཆེར་ཐོན་ཡོད་པ་ནི་དགེ་རྒན་མི་འགྱུར་ཡིན་པར་སྙམ། དགེ་རྒན་མི་འགྱུར་ནི་སྒྲུང་གཏམ་ཧྲིལ་པོའི་ཁྲོད་ཀྱི་ཆེས་གནད་འགག་གི་མི་སྣ་ཞིག་ཡིན་ལ། ཁོ་ནི་རྟག་བརྟན་ཐེར་ཟུག་གི་གདོད་མའི་འཚོ་བའི་རྣམ་པ་ལས་ཟུར་དུ་འབུད་མཁན་ཞིག་སྟེ། གྲོང་ཁྱེར་དུ་སློབ་གྲྭར་འགྲིམས་ནས་ཕྱིར་ཐོན་ཞིང་དེང་རབས་ཅན་གྱི་བསམ་བློས་ཤན་ཤུགས་ཐེབས་པའི་ཤེས་ཡོན་པ་ཞིག་ཡིན་ལ། མར་ནང་སྡེ་བར་བསམ་བློ་གསར་པའི་མྱུ་གུ་འཛུགས་མཁན་ཐོག་མ་དེར་གྱུར་ཡོད་པ་ནི། སློབ་གྲྭའི་ནང་གི་སློབ་མ་མང་ཤས་དགོན་པའི་ནང་དུ་བསྐྱལ་ཏེ་གྲྭ་པ་བྱེད་སྐབས་ནུས་ཤུགས་ཡོད་ཚད་ཀྱིས་བཀག་འགོག་བྱེད་ཅིང་། དུས་རྒྱུན་དུ་སློབ་མ་རྣམས་ལ“སློབ་སྦྱོང་ལེགས་པོ་བྱས་ན་ཁྱོད་ཚོ་ཆེན་པོ་ཆགས་ཚེ་ད་ནི་ཞིང་བཏབ་ནས་ཕྱུགས་འཚོ་དགོས་པ་མ་རེད་ཅེས་དང་། ཁྱོད་ཚོ་ནི་བོད་ཀྱི་རེ་བ་ཡིན”[3] ཞེས་སློབ་སྦྱོང་ལ་བསྐུལ་བ་སོགས་ལས་ཤེས་ཐུབ། ད་དུང་ཆེས་གླེང་རིན་ཡོད་པ་ཞིག་ནི་ཁོ་དང“ངའི”ཨ་ཅེ་འབྲུག་སྐྱིད་གཉིས་བར་ཀྱི་འབྲས་བུ་མེད་ཀྱང་ལྷད་མ་འདྲེས་པའི་བརྩེ་དུང་དེ་རེད། ཁོས་རང་དབང་གི་གཉེན་སྒྲིག་བརྩོན་ལེན་བྱས་ཏེ་ཨ་ཅེ་འབྲུག་སྐྱིད་ཁྲིད་དེ་མར་ནང་ལུང་མདོ་ནས་བྲོས་མོད། མཐར་མོ་དང་གཉེན་རྟགས་བརྒྱབ་ཡོད་པའི་ཕུ་བོ་འབྲུག་བྱམས་ཀྱིས་འཕྲུལ་རྟ་བསྐོར་ནས་ཕྱིར་ཁྲིད་ཡོང་སྟེ་ཅུང་མ་འགོར་བར་གཉེན་སྟོན་གྱི་ཆོ་ག་སྤེལ་བས། ཁོ་པའི་རང་དབང་གི་བརྩེ་དུང་ལ་ཕམ་ཉེས་བྱུང་ནའང་། ཁོས་སློབ་གྲྭའི་ནང་གི་བོད་ཀྱི་གཅེས་ཕྲུག་དག་ལ་སྔོན་ཐོན་གྱི་བསམ་བློ་གསར་པའི་བག་ཆགས་བཞག་ཡོད་ཅིང་། ཁོ་ཚོའི་མ་འོངས་པའི་མི་ཚེའི་གདམ་ག་ལ་ཤུགས་རྐྱེན་ཟབ་མོ་ཐེབས་པར་བྱས་པ་སྨོས་མ་དགོས་ཏེ། དེ་ལས་ཆེས་མཚོན་བྱེད་རང་བཞིན་གྱི་མི་སྣ་ནི“ང”ཡིན་ཏེ། དགེ་རྒན་མི་འགྱུར་གྱིས“ངའི”སློབ་སྦྱོང་གི་གོ་རིམ་ཁྲོད“ང”ལ་སྐུལ་ལྕག་དང་ལམ་སྟོན་མཛད་དེ་མ་འོངས་པར་རེ་བཞག་གིས་ཁེངས་པར་བྱས་པས། “ངའི”མི་ཚེའི་བགྲོད་ལམ་ལ་འགྱུར་ལྡོག་བྱུང་བའི་སྒུལ་ཤུགས་ཆེ་ཤོས་སུ་གྱུར་པ་དེ་ཡིན། 

 གཉིས། མི་སྣའི་སྣང་བརྙན་བཞེངས་སྐྲུན་གྱི་སྒྱུ་རྩལ་ཁྱད་ཆོས། 

 1.མི་སྣའི་སྣང་བརྙན་སྣ་མང་ཅན།[4] 

 དབྱིན་ཇིའི་སྒྲུང་གཏམ་མཁན་པོ་ཨེའེ་མོ་ཧྥོ་སུ་ཐུ་ཞེས་པས་སྒྲུང་གཏམ་ཁྲོད་ཀྱི་མི་སྣའི་སྣང་བརྙན“སྣ་གཅིག་ཅན་གྱི་མི་སྣ”དང“སྣ་འཛོམས་ཅན་གྱི་མི་སྣ”[5]བཅས་རིགས་གཉིས་སུ་ཕྱེ་ཡོད་དེ། “སྣ་གཅིག་ཅན་གྱི་མི་སྣ་ཞེས་པ་ནི་མི་སྣའི་གཤིས་ཀའི་ཁྱད་ཆོས་ལས་གཅིག་འབུར་དུ་ཐོན་པར་བྱས་ཤིང་། གཤིས་ཀ་ལ་མགོ་ནས་འཇུག་བར་འགྱུར་ལྡོག་ཆེན་པོ་མེད་པས་བརྟན་འཇགས་རང་བཞིན་ལྡན་ལ་ཕལ་ཆེར་འཕེལ་རྒྱས་ཀྱི་བརྒྱུད་རིམ་མེད། སྣ་འཛོམས་ཅན་གྱི་མི་སྣ་ཞེས་པ་ནི་མི་སྣའི་སྣང་བརྙན་ཕུན་སུམ་ཚོགས་ལ་རྙོག་འཛིང་ཆེ་བ་དང་། བརྟན་འཇགས་ཀྱི་གཤིས་ཀ་ཞིག་ལྟེ་བར་བཟུང་ནས་ཟ་ཟུར་གྱི་རིམ་པ་མི་འདྲ་ཞིང་ཕྱོགས་མང་བའི་གཤིས་ཀའི་ཁྱད་ཆོས་མངོན་པར་མཚོན་པའི་མི་སྣ་ལ་ཟེར”[6] ཞེས་པ་ལ་གཞིགས་ན།སྒྲུང་གཏམ་འདིའི་ཁྲོད་དུ་མི་སྣ་རིགས་གཉིས་ཀ་འདུས་ཏེ། སྤོ་བོ་རལ་བ་ཅན་དང་མི་རྐྱང་གཅོད་པ་ལ་མཚོན་ན་དཔེ་མཚོན་ཅན་གྱི་སྣ་གཅིག་ཅན་གྱི་མི་སྣར་གཏོགས་ཏེ། ཁོ་ཚོས་སྒྲུང་གཏམ་ཧྲིལ་པོར་སྲོལ་རྒྱུན་གྱི་ལྟ་བ་དང་ལུགས་སྲོལ་རྒྱུན་འཛིན་བྱས་ཏེ་འགྱུར་ལྡོག་གང་ཡང་མ་བྱུང་བས་མི་སྣའི་སྣང་བརྙན་ཅུང་ཟད་ཆིག་རྐྱང་དུ་མངོན། དེ་ལས་ལྡོག་སྟེ། “ང”དང་ཉི་མ་དོན་གྲུབ། ཐར་འཕེལ། གསལ་སྒྲོན། དགེ་རྒན་མི་འགྱུར། “ངའི”ཨ་ཕ་སོགས་ལ་མཚོན་ན་སྣ་འཛོམས་ཅན་གྱི་མི་སྣར་གཏོགས་ཤིང་། དེ་ལས་ཀྱང་ཉི་མ་དོན་གྲུབ་ནི་སྣ་འཛོམས་ཅན་གྱི་མི་སྣའི་དཔེ་མཚོན་ཡིན་ཏེ། ཁོ་ནི་ཆུང་དུས་ཀྱི་བྱིས་པ་ཉམ་ཆུང་དེ་ནས་རང་དབང་གི་ཆེད་དུ་སེམས་ཀྱི་དག་ཞིང་ལ་སོང་བའི་སྤྲུལ་སྐུ་བྲོས་བྱོལ་པ་ཞིག་དང་།རྗེས་སུ་ཡང་འཇིག་རྟེན་འཁོར་བ་ལ་གཏིང་ནས་རྨོངས་པའི་ཚོང་བདག་ཆེན་པོ་ཞིག་ཏུ་གྱུར་པ་ལས། ཁོ་བོའི་གཤིས་ཀ་ལ་འགྱུར་ལྡོག་སྣ་མང་ལྡན་པས་དཔོག་དཀའ་ལ་རྙོག་འཛིང་ཆེ་ཞིང་ཕུན་སུམ་ཚོགས་པའི་ཁྱད་ཆོས་མངོན་པར་གསལ། 

 དེ་ཡང“སྤྱིར་བཏང་གི་སྒྲུང་རིང་ཁྲོད་དུ་མི་སྣ་རིགས་འདི་གཉིས་ཀ་ངེས་པར་ཚང་དགོས”[7]ཞེས་པ་ལྟར།སྒྲུང་གཏམ་འདིར་ཡང་སྒྱུ་རྩལ་རང་བཞིན་དྲག་པའི་སྣ་འཛོམས་ཅན་གྱི་མི་སྣ་ཅུང་མང་ལ་སྣ་གཅིག་ཅན་གྱི་མི་སྣ་ཡང་ཡོད་པས། ཕན་ཚུན་ལ་གཞོགས་འདེགས་དང་ཐུན་མོང་གིས་བརྗོད་བྱའི་དོན་གཏིང་ཟབ་ཏུ་གཏོང་བའི་ནུས་པ་ཐོན་ཡོད། 

 2.སྤྱི་ཚོགས་འཚོ་བ་ཚུར་སྣང་བྱས་པ། 

 “སྒྲུང་གཏམ་གྱིས་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་པའི་ཐབས་ལམ་ཆེས་གཙོ་བོ་ནི། མི་སྣའི་སྣང་བརྙན་བཞེངས་སྐྲུན་བྱས་པ་དེ་ཡིན”[8] ཞེས་པ་ལྟར། སྒྲུང་གཏམ་དེར་བོད་ཀྱི་གཅེས་ཕྲུག་བཞིའི་སྒྱུ་རྩལ་གྱི་སྣང་བརྙན་བཞེངས་སྐྲུན་བྱས་པ་བརྒྱུད། ལོ་རབས་ཉི་ཤུ་པའི་མཇུག་གི་དུས་རབས་དེའི་འཕོ་འགྱུར་ཆེན་པོའི་རྒྱབ་ལྗོངས་འོག་ཏུ་བོད་པའི་མི་རབས་ཤིག་ལ་གཡོལ་མེད་དུ་འབྱུང་བཞིན་པའི་འགྱུར་ལྡོག་སྟེ། བོད་མིའི་ཞིང་གྲོང་གི་འཚོ་བ་དངོས་དང་སེམས་ཀྱི་འཁྱེར་སོ་ལ་འགྱུར་ལྡོག་འགྲོ་བཞིན་མཆིས་ཏེ། རྩོམ་པ་པོས་འགྱུར་ལྡོག་དེའི་དགེ་སྐྱོན་དང་ཐོབ་ཤོར་ནི་དུས་སྐབས་དེའི་མི་སོ་སོའི་རྨོངས་འཐོམ་དང་ཧོལ་རྒྱུག གྱེས་བྲལ་དང་ཕྱིར་ལྡོག་གི་འགལ་འདུ་ལས་བསྐྱེད་པའི་ན་ཟུག་ཅིག་ཏུ་ངོས་བཟུང་ནས། སྐབས་དེའི་བོད་མི་རིགས་ཀྱི་མཆོང་སྐྱོད་རང་བཞིན་གྱི་འཚོ་བའི་འཕེལ་རྒྱས་ལས་ཕ་ཡུལ་འབོར་ལ་ཉེ་བའི་སེམས་ཁྲལ་དང་། ལྷོད་ཉམས་ཀྱིས་ཕྱུག་པའི་ཕ་ཡུལ་ལ་རེ་སྨོན་ཚད་མེད་བྱས་ཏེ། ང་ཚོའི་ཁ་གཏད་ན་ཚུར་ཡོང་བཞིན་པའི་དུས་རབས་ཀྱི་ནད་ཡམས་དེ་ཚུར་སྣང་བྱས་ཡོད། 

 མཇུག་བསྡུ་བའི་གཏམ། 

 མདོར་ན། སྒྲུང་རིང《བོད་ཀྱི་གཅེས་ཕྲུག》ཁྲོད་དུ་རྩོམ་པ་པོས་གསོན་ཉམས་ལྡན་ཞིང་གཟུགས་སུ་བཀོད་པའི་རྩོམ་རིག་སྐད་ཆར་བརྟེན་ནས། དུས་རབས་ཉི་ཤུ་པའི་མཇུག་དང་ཉེར་གཅིག་པའི་མགོའི་བོད་ཀྱི་སྤྱི་ཚོགས་ཀྱི་གནས་སྟངས་ལ་བསམ་ཚོར་ཆེན་པོས། སྐབས་དེའི་སྤྱི་ཚོགས་ལ་མཚོན་ན་ཁྱབ་གཟུགས་ཀྱི་དོན་སྙིང་ལྡན་ཞིང་། ལོ་རྒྱུས་ཀྱི་གནས་བབ་དང་བསྟུན་པའི་དཔེ་མཚོན་རང་བཞིན་གྱི་གཅེས་ཕྲུག་བཞིིའི་སྣང་བརྙན་གཙོ་བོར་བསྐྲུན་ཞིང་། གཞོགས་འདེགས་ཀྱི་མི་སྣ་ཕལ་པའི་སྣང་བརྙན་ཡང་མང་དུ་བཞེངས་ཡོད། དེ་ལས་མི་སྣ་སོ་སོར་རང་རང་གི་ཐུན་མིན་གྱི་ཁྱད་ཆོས་ལྡན་ལ། སྣང་བརྙན་སྣ་མང་ཅན་དང་སྤྱི་ཚོགས་འཚོ་བ་ཚུར་སྣང་བྱེད་ཐུབ་པ་སོགས་ཀྱི་སྒྱུ་རྩལ་ཁྱད་ཆོས་དང་སྤྱི་ཚོགས་ཀྱི་རིན་ཐང་མི་དམན་པ་མཆིས་པས། སྒྲུང་གཏམ་འདིའི་མི་སྣའི་བཞེངས་སྐྲུན་ལ་ཁྱད་འཕགས་ཀྱི་ཡོན་ཏན་དང་ལྡན་ཞིང་དཔེ་ལྟའི་རིན་ཐང་ཤིན་ཏུ་ཆེ་བ་ལགས་སོ། ། 

 དཔྱད་གཞིའི་ཡིག་ཆ། 

 [1] ལྷ་བྱམས་རྒྱལ།《བོད་ཀྱི་གཅེས་ཕྲུག》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་། 2019ལོའི་ཟླ10པ། པར་གཞི་དང་པོ། ཤོག་ངོས1、100、116、239、10、118、162 

 [2] ལྷ་བྱམས་རྒྱལ།《བོད་ཀྱི་གཅེས་ཕྲུག》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་ཟླ10པ། པར་གཞི་དང་པོ།ཤོག་ངོས118 

 [3] ལྷ་བྱམས་རྒྱལ།《བོད་ཀྱི་གཅེས་ཕྲུག》[M]མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།2019ལོའི་ཟླ10པ། པར་གཞི་དང་པོ།ཤོག་ངོས162 

 [4] སྣ་མང་ཅན། 多元化 

 [5] སྣ་གཅིག་ཅན་གྱི་མི་སྣ། 扁平人物 སྣ་འཛོམས་ཅན་གྱི་མི་སྣ། 圆形人物 

 [6] 大卫·姚斯著《小说创作谈:重思关于写作技艺的传统观念》[M],中国人民大学出版社,2016年12月出版,113页 

 [7] 周永俊.浅议现代小说的人物形象分析 教学[J].高教论坛,2012(03): 85-87. 

 [8] 曹文轩《小说门》北京:人民文学出版社2009(曹文轩文集)P118 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1