ཉེ་ཆར། “བུད་མེད་ཅིག་གིས་ལག་པ་སྔས་མགོ་བྱས་ཏེ། ཆུ་ཚོད་གཅིག་ཙམ་ལ་གཉིད་རྗེས། ལག་པ་གཡས་པ་ཞ་བ་རེད”ཅེས་པའི་གསར་འགྱུར་ཞིག་ལ། དྲ་གྲོགས་ཚོས་གྲོས་བསྡུར་ཆེན་པོ་བྱས་ཡོད། དེ་ན། ང་ཚོ་ཉིན་གུང་ལ་གཉིད་དགོས་སམ་མི་དགོས། གཉིད་ན་ཉལ་སྟངས་གང་ཞིག་ལེགས་པ་ཡིན་ནམ།
གཅིག ཉིན་གུང་གཉིད་པ་ལ་བཟང་ཆ་ཅི་ཡོད་དམ།
ཀ ཉིན་གུང་གཉིད་ན། སེམས་ཁམས་བདེ་པོ་ཡོང་བ་དང་བྱ་བའི་གནོན་ཤུགས་བསལ་ཏེ་སེམས་ཁམས་མི་ལེགས་པར་སྙོམ་སྦྱོར་བྱེད་ཐུབ། རང་གི་སེམས་ཁམས་ཇེ་ལེགས་སུ་བཏང་ན། ཕྱི་དྲོར་མུ་མཐུད་དུ་བྱ་བ་སྒྲུབ་པ་དང་སློབ་སྦྱོང་བྱེད་པ་ལ་ཕན།
ཁ ཉིན་གུང་གཉིད་ན། ཀླད་པ་ངལ་གསོ་དང་ཁྲག་འདོད་མི་འདང་བ་ལྷོད་འཇགས། དྲན་པ་སླར་གསོ་བཅས་ལ་ཕན་པ་ཆེན་པོ་ཡོད་སྟབས། སློབ་སྦྱོང་དང་བྱ་བའི་ལས་ཕྱོད་ཇེ་ཆེར་གཏོང་ཐུབ།
ག ཉིན་གུང་གཉིད་ཐུང་ངུ་ཞིག་བྱས་ན། དབང་རྩའི་མ་ལག་དང་སྙིང་རྩའི་མ་ལག་གི་བྲེལ་བའི་རྣམ་པ་ལྷོད་པོར་གཏོང་ཐུབ་པས། སྙིང་དང་ཀླད་པའི་ཁྲག་རྩའི་ནད་རིགས་འབྱུང་བའི་ཉེན་ཁ་ཇེ་དམའ་རུ་གཏོང་ཐུབ།
ང མཚན་འཁྱོངས་བྱེད་པའི་མི་ལ་མཚོན་ན། ཉིན་གུང་གཉིད་ཐུང་ངུ་ཙམ་བྱས་ན། རྣམ་རིག་ཇེ་གསལ་དུ་གཏོང་ཐུབ།
ཅ སྔ་དྲོའི་བྱ་བ་མང་ན། ཉིན་གུང་གི་གཉིད་ཐུང་ངུ་ཡིས་བུད་མེད་ཀྱི་ཟླ་མཚན་མི་སྙོམས་པ་ལ་སྙོམ་སྦྱོར་བྱེད་ཐུབ།
གཉིས། ཉལ་སྟངས་མི་ལེགས་པ་ལ་གནོད་པ་ག་འདྲ་ཡོད་དམ།
ཀ ལག་པ་སྔས་མགོ་བྱས་ཏེ་ཉལ་ན། ཁྲག་གི་འཁོར་རྒྱུག་མ་ལག་དང་དབང་རྩའི་མ་ལག་ཚང་མར་ཤུགས་རྐྱེན་ཐེབས་པས། གཉིད་སད་དུས་རྐང་ལག་སྦྲིད་པར་མ་ཟད། ད་དུང་སྐེ་ཚིགས་ན་བ་སོགས་ཀྱང་འབྱུང་།
ཁ རྐུབ་སྟེགས་སུ་ཟུར་ལོག་བྱས་ནས་གཉིད་པའམ་མགོ་བསྐྱོར་ནས་གཉིད་ན། སྒལ་ཚིགས་ཁྱབ་ཁོངས་ཀྱི་མཇིང་ཚིགས་དང་བྲང་རུས། སྐེད་ཚིགས་བཅས་གནས་སྐབས་སུ་རང་གི་གནས་ཡུལ་དུ་མེད་པར་འགྱུར་སྟབས། མགོ་ཡུ་འཁོར་བ་དང་མགོ་ན་བ་སོགས་འབྱུང་།
ག རྐུབ་སྟེགས་བརྟན་པོ་མིན་ཞིང་རྒྱབ་ཏུ་ལོག་ནས་ཉལ་ན། སྒལ་བ་གནས་སྐབས་སུ་རང་གི་གནས་ཡུལ་དུ་མེད་པར་འགྱུར་བ་དང་། དེ་ལྟར་དུས་ཡུན་རིང་ན། སྐེད་ཚིགས་ནད་དང་མཇིང་ཚིགས་ནད་བསྐྱེད་པ་ཡིན།
གསུམ། ཉིན་གུང་ངལ་གསོ་སྐབས་ཇི་ལྟར་ཉལ་ན་ལེགས་སམ།
ཀ ངེས་པར་དུ་ཉལ་རྒྱུ་ཡིན་ན། དངོས་པོ་གང་རུང་ཞིག་ལ་བསྙེས་ཏེ་བདེ་མོའི་ངང་གཉིད་ན་ལེགས་པ་ཡིན།
ཁ ཉིན་གུང་གི་གཉིད་ཡུན་རིང་ན་མི་ལེགས་པ་དང་། དེ་ཡིས་དགོང་མོའི་གཉིད་ལ་ཤུགས་རྐྱེན་ཐེབས་པས། རྒྱུན་ལྡན་དུ་སྐར་མ15ནས30བར་དང་། ཆེས་རིང་ན་ཆུ་ཚོད་གཅིག་ལས་བརྒལ་མི་རུང་།
ག མི་མང་པོས་ཟ་མ་ཟོས་རྗེས། འཕྲལ་མར་གཉིད་པ་ཡིན། ཡུན་རིང་ལ་དེ་ལྟར་བྱས་ན། ཕོ་རྒྱུའི་ནད་རིགས་བསྐྱེད་སླ་བ་ཡིན། ཟ་མ་ཟོས་རྗེས། ཕྱི་རོལ་ནས་སྐར་མ15ནས30ལ་ཡར་མར་དུ་སོང་ན། འཇུ་བྱེད་མ་ལག་ལ་ཉིན་གུང་གཉིད་པ་ལས་ཚུལ་སྣང་མི་ལེགས་པའི་འབྱུང་ཚད་ཇེ་ཉུང་དུ་གཏོང་ཐུབ།
བཞི། མི་ཚང་མ་ཉིན་གུང་གཉིད་དགོས་པ་ཡིན་ནམ།
མི་ཚང་མ་ཉིན་གུང་གཉིད་དགོས་པ་ཞིག་མིན། དགོང་མོ་གཉིད་མི་ཡོང་བའི་མི་ནི་རྒྱུན་ལྡན་དུ་ཉིན་གུང་གཉིད་ན་མི་ལེགས། དེ་མིན་ན། དགོང་མོའི་གཉིད་ལ་ཤུགས་རྐྱེན་ཐེབས་ཏེ། གཉིད་མི་ཡོང་ཚུལ་ཇེ་སྡུག་ཏུ་གཏོང་བ་ཡིན།
ཉིན་གུང་གཉིད་དུས། མི་དར་མ་ཆུ་ཚོད་གཅིག་ལས་བརྒལ་མི་རུང་ཞིང་། བྱིས་པའམ་ཕྲུ་གུའི་གཉིད་ཡུན་ཅུང་ཙམ་རིང་ན་ཆོག་པ་ཡིན།