ཁྱིམ་ཚང་དགུ་བཅུ་གོ་དགུའི་ཁང་།

ཉི་མ་ནོར་བུ། (དཀར་མཛེས།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


བསྟན་རྒྱམ་ཁྱིམ་ཚང་དགུ་བཅུ་གོ་དགུའི་ཁང་པའི་མདུན་དུ་ལངས་ནས་དེ་རིང་འདིར་ཕེབས་པའི་འགྲུལ་བ་དག་ལ་ཚང་རྩིས་ལེན་བཞིན་འདུག 

“དམྱལ་བ་མ། བདེ་ཆེན་གཡང་སྒྲོན་མ་ཐོན་པ་འདྲ།”བསྟན་རྒྱམ་གྱིས་དེ་ལྟར་བཤད།

“ཀུན་བཟང་རིག་འཛིན་ཡང་་་ ་་་”བསྟན་རྒྱམ་གྱིས་ཀུན་བཟང་རིག་འཛིན་སླེབས་ཡོད་མེད་ལ་བལྟས།

འདུ་འཛི་ཆེ་བའི་དེ་རིང་གི་མི་ཚོ་རང་རང་གི་གནས་སུ་ཕྱིན་ཟིན། རྟ་བདུན་དབང་པོས་ཀྱང་ཉིན་གཅིག་གི་ལས་འགན་རྫོགས་པ་བཞིན་མདུན་རིའི་རྩེ་ལ་དལ་གྱིས་བཞུད་སོང་། མཁའ་དབྱིངས་ཀྱི་ཕྱོགས་སོ་སོ་ན་མངོན་ཆུང་གིས་འཕགས་པའི་སྐར་མའི་ཚོགས་དག་གཅིག་ལས་གཅིག་མགྱོགས་ཀྱིས་གསལ་ལམ་ལམ་བྱས། བསྟན་རྒྱམ་ཡང་ངལ་དུབ་ཀྱིས་རབ་ཏུ་མནར་ནས་རྐང་བའང་ས་རུ་སྤོ་མི་ནུས་པ་ཞིག་ཆགས་ཡོད་ཀྱང་། ཁོས་དེ་དག་ལ་སེམས་ཁྲལ་མི་བྱེད་ཅིང་ཁུག་མ་ནག་པོ་ཞིག་རུམ་ཁུག་ཏུ་བཅུག་ནས་རང་ཁྱིམ་ལ་ཆས་མགོ་བརྩམས། བསྟན་རྒྱམ་ཤིན་ཏུ་ཚོ་བས་ཁོ་གོམས་པ་འགར་སོང་ཚེ་དབུགས་ཧལ་ཧལ་དང་རྔུལ་ཆུ་ཁྲོམ་ཁྲོམ་བྱས་ནས་ངལ་གསོ་བྱེད་སྲིད་མོད། དོ་དགོང་ཁོ་རང་སེམས་ཁྲལ་ཆེ་བའི་འདས་དོན་ཞིག་ལ་བསམ་གཞིག་གཏོང་བཞིན་ལམ་ལ་ཆས་ཤིང་། རྔུལ་ཆུས་མ་ནེ་འོག་ནས་མདུད་པ་བརྒྱབ་ནའང་ཕུ་ཐུང་གིས་ཕྱི་ཙམ་བྱས་ནས་མུ་མཐུད་དུ་འགྲོ་བཞིན་འདུག

ན་ནིང་ཁྱི་ཟླའི་ཚེས་གསུམ་ལ་སོག་རི་ཀརྨ་སྙིང་པོ་ཚང་གིས་ཁང་པ་འདི་བསྐྲུན་ནས་ཐོག་མར་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅོ་ལྔའི་ཡོང་སྒོ་བྱུང་། ཚེས་བཅོ་ལྔ་ལ་གེ་འཕན་རིག་པ་རྡོ་རྗེ་ཡིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅུ་ཙམ་གྱི་ཡོང་སྒོ་འདུག ཚེས་ཉེར་བརྒྱད་ལ་ཁྱི་ཤུལ་རང་བྱུང་ལྷུན་འགྲུབ་ཀྱིས་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅུ་གཅིག་གི་ཡོང་སྒོ་འདུག ཕག་ཟླའི་ཚེས་གཅིག་ལ་རྟ་ཤུལ་ཉི་མ་ཚེ་རིང་གིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅོ་བརྒྱད་ཙམ་གྱི་ཡོང་སྒོ་འདུག ཚེས་བརྒྱད་ལ་ལྕམ་པ་དོན་འགྲུབ་རྡོ་རྗེ་ཡིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བརྒྱད་ཀྱི་ཡོང་སྒོ་འདུག ཚེས་བཅུ་ལ་སྟག་རོང་རིག་འཛིན་དོན་འགྲུབ་ཚང་གིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅུ་ཙམ་གྱི་ཡོང་སྒོ་འདུག ཚེས་བཅུ་གསུམ་ལ་ཨ་སྐྱབས་ཀུན་བཟང་ཚེ་རིང་གིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་ཉི་ཤུ་ཙམ་གྱི་ཡོང་སྒོ་འདུག ཚེས་བཅོ་ལྔ་ལ་བྱམས་ཤུལ་རིག་བཟང་མགོན་པོ་ཡིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅུ་གསུམ་ཙམ་གྱི་ཡོང་སྒོ་འདུག ཚེས་ཉི་ཤུ་ལ་སྟག་བཟའ་ཚེ་གྲུབ་ལྷ་མོས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་བཅུ་ཙམ་གྱི་ཡོང་སྒོ་འདུག ཚེས་སུམ་ཅུ་ལ་ཝ་ཤུལ་ཨོ་རྒྱན་རིག་འཛིན་ཚང་གིས་ཁང་པ་དེ་ཉོས་ནས་ཁང་སྟོན་བྱས། དེ་ཚང་ལ་སྒོར་ཁྲི་དགུ་ཙམ་གྱི་ཡོང་སྒོ་འདུག

“ཨ་ཙི། དེ་དག་གིས་སྟོན་མོ་འཇོག་པར་སྐར་མ་བཟང་ངན་ལའང་ལྟ་མི་དགོས་སམ”རང་གིས་རང་ལ་དོགས་འདྲི་ཞིག་རང་དབང་མེད་པར་བྱེད་དགོས་བྱུང་།ཡང་བསྐྱར་ཕྲེང་རྡོག་རེ་རེ་བཞིན་བགྲང་ཞོར་ཁྱིམ་ཚང་འདི་དང་གན། ཡོང་སྒོ་དེ་དང་དེ་རེ་རེ་བཞིན་བརྩིས།

ན་ནིང་གླང་ཟླ་ནས་བཟུང་གེ་འཕན་ཚེ་དབང་ནོར་བུ་ཚང་། དམེ་ཤུལ་ཆོས་མཆོག་བསམ་འགྲུབ་ཚང་། སིང་སིང་བསྟན་པའི་རྒྱལ་མཚན་ཚང་། རྒྱལ་རོང་ཡིད་དགའ་དོན་འགྲུབ་ཚང་། སྟོང་བཟའ་ཚེ་རིང་སྒྲོན་མ་ཚང་། དབྲུ་བཟའ་སྒྲོན་མ་དཔལ་མོ་ཚང་། ཉག་རོང་འཇིགས་མེད་རྡོ་རྗེ་ཚང་། རྟ་བཟའ་ཡིད་འོང་ལྷ་མོ་ཚང་། ཉག་བཟའ་ཚེ་རིང་བདེ་སྐྱིད་ཚང་། སྟོང་བཟའ་མེ་ཏོག་སྒྲོན་མ་ཚང་བཅས་ཀྱིས་ཁང་པ་འདི་ནས་རེས་མོས་བཞིན་ཁང་སྟོན་བྱས་ལ། ཁོ་ཚོའི་ཡོང་སྒོ་ནི་སྒོར་ཁྲི་བཅུ་ཡི་ཡན་ཡིན། 

འབྲུག་ཟླའི་སྟོད་སྨད་དུ་ཨ་མཆོག་རིན་ཆེན་ཕྲེང་བ་ཚང་།

ཧྲེ་ཀྱ་བྱང་ཆུབ་ཚེ་རིང་ཚང་། སེ་རིག་འཛིན་ཀུན་དགའ་ཚང་། ལྡོང་ཚེ་དབང་བསྟན་འཛིན་ཚང་། ཁྱི་ཤུལ་རིན་འཛིན་དཔའ་བོ་ཚང་། རྟ་ཤུལ་བྱམས་པ་མགོན་པོ་ཚང་། གླུ་རྒྱགས་ཡིན་བཞིན་དབང་རྒྱལ་ཚང་། སྟག་རོང་པདྨ་དགྲ་འདུལ་ཚང་། བྱམས་ཤུལ་འཇིགས་མེད་སེང་གེ་ཚང་། ཞོ་བཟའ་བཀྲ་ཤིས་ལྷ་མོ་ཚང་བཅས་ཀྱིས་ཁང་པ་འདི་ནས་ཁང་སྟོན་བྱས་ཀྱང་ཡོང་སྒོ་སྔོན་མ་དང་བསྡུར་ན་ཅུང་ཙམ་དམའ་མོ་འདུག ཁྱིམ་ཚང་རེར་སྒོར་ཁྲི་བརྒྱད་དགུ་ཡས་མས་ཙམ་ཡིན།

རྟ་ཟླའི་ནང་དུ་ཀ་བཞི་ཚེ་རིང་ནད་མེད་ཚང་།རོང་ངོ་སེང་གེ་རིག་འཛིན་ཚང་། གཉགས་ཤུལ་ལྷག་པ་རྒྱལ་ལོ་ཚང་། ཏྲེ་བོ་པ་སངས་ནོར་བུ་ཚང་། ཧོར་ཕུར་བ་ཚེ་རིང་ཚང་། མོན་ཤུལ་ཟླ་བ་ནོར་བུ་ཚང་། གཟུངས་ཤུལ་མིག་དམར་དོན་འགྲུབ་ཚང་།ཧམ་བཟའ་ཉི་མ་མཁའ་འགྲོ་ཚང་། ཧམ་རྩངས་སྤེན་པ་བཀྲ་ཤིས་ཚང་། མང་དགེ་ཐུབ་བསྟན་འབྱུང་གནས་ཚང་བཅས་ཀྱིས་ཁང་པ་འདི་ནས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་བརྒྱད་ཙམ་ཡིན།

ལུག་ཟླའི་ནང་དུ་རྒྱ་ཤུལ་ཀུན་བཟང་ལྷུན་འགྲུབ་ཚང་། བག་བཟའ་ཁམས་སྐྱིད་ཚང་།སྤྱང་ཤུལ་པདྨ་རང་གྲོལ་ཚང་།སི་རིག་པདྨ་ཚེ་རིང་ཚང་། ཨ་འཛི་ཚེ་རིང་དབང་འདུས་ཚང་། གོ་ཚོང་རིག་འཛིན་རྡོ་རྗེ་ཚང་། རྫ་བུ་རྡོ་རྗེ་དོན་འགྲུབ་ཚང་།གེ་འཕན་བསྟན་འཛིན་དབང་ཕྱུག་ཚང་། ཁྲ་སྡེ་ཡིད་བཞིན་དོན་འགྲུབ་ཚང་། ལྕགས་མི་འགྱུར་དབང་ཕྱུག་ཚང་བཅས་ཀྱིས་ཁང་པ་འདི་ནས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་བདུན་ཙམ་ཡིན།

སྤྲེལ་ཟླའི་ནང་དུ་སྒོ་ཤུལ་དུང་དཀར་ཚེ་རིང་ཚང་། དམེ་ཤུལ་ཏིང་འཛིན་རྡོ་རྗེ་ཚང་། རྟ་ཤུལ་དབང་ཕྱུག་རྩེ་རྒྱལ་ཚང་།

ཁྱི་ཤུལ་ནོར་བུ་དོན་འགྲུབ་ཚང་། གེ་བཟའ་ལྷ་པོས་ཚང་། ཨ་མཆོག་ཕུར་བ་ཚེ་རིང་ཚང་། སྟོང་དཔོན་བསྟན་པའི་ཉི་མ་ཚང་། སྟོང་བཟའ་གསེར་མོ་མཚོ་ཚང་།རག་ཤུལ་ཚེ་རིང་བསྟན་འཕེལ། མཆོག་བཟའ་ཟླ་བ་སྒྲོན་མ་ཚང་བཅས་ཀྱིས་ཁང་འདི་ནས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་དྲུག་ཙམ་ཡིན།

བྱ་ཟླའི་ནང་དུ་ཀ་རིང་བསྟན་པ་ཚེ་རིང་ཚང་། རྒྱ་ཤུལ་བདུད་འདུལ་རྡོ་རྗེ་ཚང་།ཚོགས་ཤུལ་བདེ་བ་རང་འཛོམས་ཚང་།

ལྕགས་མོ་ཞིང་སྐྱོང་ཚེ་རིང་ཚང་། ཆུ་བཟའ་ཟུར་མང་མཁའ་འགྲོ་ཚང་། གླིང་བཟའ་འོད་མཚོ་ཚང་། གཡོན་བཟའ་ཡིད་འཕྲོག་ལྷ་མོ་ཚང་། གླིང་རང་རིག་དོན་འགྲུབ་ཚང་། མཱ་ལོ་བརྒྱ་ཚེ་རིང་ཚང་།རག་ཤུལ་ཀུན་བཟང་རྣམ་རྒྱལ་ཚང་བཅས་ཀྱིས་ཁང་པ་འདི་གཡར་ནས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་ལྔ་ཙམ་ཡིན། “ཨ་ཙི། ཁང་པ་གཡར་ནས་བཞག་ནའང་ཆོག་གམ”ཡང་བསྐྱར་རང་གིས་རང་ལ་དྲི་བ་ཞིག་འདྲི་དགོས་བྱུང་། གང་ལྟར་དེ་དག་གི་ཁང་སྟོན་ལ་མགྲོན་བསུ་བྱས་པ་ལྷག་ཏུ་དྲན།

ད་ལོ་ཁྱི་ཟླ་ནས་བཟུང་རྡོ་བ་བསྟན་འཛིན་རྣམ་རྒྱལ་ཚང་། ལོ་ཤུལ་སེང་ཆེན་དོན་འགྲུབ་ཚང་། ལོ་བཟའ་སེམས་སྐྱིད་མཚོ་ཚང་། ཧོར་སངས་རྒྱས་རྡོ་རྗེ་ཚང་། ནགས་ཚང་འཇིགས་མེད་རྡོ་རྗེ་ཚང་། དཀར་ཤུལ་པད་མ་དཀར་པོ་ཚང་། ལོ་ཤུལ་པདྨ་རྡོ་རྗེ་ཚང་། སྟོང་དཔོན་འཇམ་དབྱངས་རིག་ལྔ་ཚང་། བག་ཧ་ཉི་མ་རང་ཤར་ཚང་། སྒོ་ཤུལ་ཚུལ་ཁྲིམས་དར་རྒྱས་ཚང་བཅས་ཀྱིས་ཡང་བསྐྱར་ཁང་པ་དེ་གཡར་ནས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་བཞི་ཙམ་ཡིན།

ཕག་ཟླའི་ནང་དུ་མགོ་ཤུལ་བསོད་ནམས་མགོན་པོ་ཚང་། གྲུ་བཟའ་ཀུན་མཐུན་སྐྱིད་ཚང་། སྒོ་སྤུས་ཆོས་ཉིད་དོན་རྟོག་ཚང་།

སྲམ་བཟའ་གངས་ལྷ་ཚང་། སིང་བཟའ་མེ་ཏོག་ཚང་། ཨ་ཁྱ་རྡོ་རྗེ་གཞོན་ནུ་ཚང་། ཨ་བོས་ཨྱོན་འགྲོ་མགོན་ཚང་། དུག་བཟའ་དབྱངས་ཅན་ཚང་། མང་བཟའ་བདེ་པོ་ཚང་། ཉ་མཚོ་རིག་འཛིན་དབང་ཕྱུག་ཚང་བཅས་ཀྱིས་ཁང་པ་འདི་གཡར་ནས་སྟོན་མོ་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་གསུམ་ཙམ་ཡིན།

གླང་ཟླའི་ནང་དུ་ཁྲོམ་ཐོག་བཀྲ་དོན་ཚང་། ཁྲི་ཐོག་བསྟན་འཛིན་མཆོག་གྲུབ་ཚང་། ཨ་ཏྲི་ཚེ་རིང་དོན་འགྲུབ་ཚང་། སྒོ་འཛུལ་དཔག་བསམ་དོན་འགྲུབ་ཚང་། གླུད་ཤུལ་བསྟན་འཛིན་ལྷུན་འགྲུབ་ཚང་།ཨ་རིག་མགོན་པོ་རྣམ་རྒྱལ་ཚང་། ཨ་བཟའ་ལྷ་སྐྱིད་ཚང་། དགེ་རྩེ་རང་བྱུང་དོན་འགྲུབ་ཚང་། རྐང་རྩ་གངས་དཔལ་བཀྲ་ཤིས་ཚང་བཅས་ཀྱིས་ཁང་སྟོན་བྱས་ལ་ཁྱིམ་ཚང་རེའི་ཡོང་སྒོ་སྒོར་ཁྲི་གཉིས་ཙམ་ཡིན།

ཁོ་ཇི་ལྟར་འོང་བ་ཡང་མ་ཤེས་པར་རང་ཁྱིམ་གྱི་སྒོ་ཁ་རུ་སླེབས་སོང་། གློ་བུར་དུ་ལག་གི་ཕྲེང་བ་གཅོད་མཚམས་བཞག་ནས་རུམ་ཁུག་གི་ཁུག་མར་རེག་ཙམ་བྱས། མདུན་གྱི་སྐར་འོད་འོག་གི་ཁང་མིག་ལ་ཅེར་ནས་ཡུད་ཙམ་ལུས་ལ། གཟུགས་མེད་ཀྱིས་བསྐུལ་བའི་ཁེར་རྐྱང་གི་སྐྱོ་སྣང་ཞིག་དལ་གྱིས་སེམས་པའི་དཀྱིལ་དུ་བབས་པ་ན་ཁ་ནས་རང་དབང་མེད་པར་ཤུགས་རིང་ཞིག་འདོན་དགོས་བྱུང་།

བསྟན་རྒྱམ་གྱི་ཆུང་མ་ཕྱི་མར་ཆས་པ་ནས་བཟུང་། ཁོ་རང་དགོན་པའི་ཉེ་འདབས་ཀྱི་དགེ་བསྙེན་ཁང་འདི་རུ་འོང་ནས་འཚོ་བ་རོལ་ལ། དུས་དེ་ནས་བཟུང་ཁོར་སྙིང་གཏམ་བཤད་སའི་སྙིང་ཉེ་དང་རྒྱུད་པ་འཛིན་པའི་བུ་ཕྲུག་མེད་པས། བྱ་བ་ཆེ་ཆུང་གང་བྱུང་གཉེན་ཉེ་རིང་དང་གྲོགས་མཛའ་བཤེས་ལ་བརྟེན་ནས་སྒྲུབ་པ་ཡིན། འོན་ཀྱང་ལོ་འདི་གར་གྲོང་སྡེ་སྟོད་སྨད་བར་གསུམ་གྱིས་ཁང་སྟོན་ཞེས་པའི་སྟོན་མོ་གསར་བ་ཞིག་གི་སྲོལ་དར་བ་ནས་བཟུང་། རྒྱལ་ཁབ་ཀྱི་དབུལ་སྐྱོར་ཙམ་ལས་ཡོང་སྒོ་མེད་པའི་བསྟན་རྒྱམ་ལ་སེམས་ཁྲལ་ལྷག་མ་ཞིག་གི་འཇིགས་སྐུལ་ཐེབས་མོད།འོན་ཀྱང་གཉེན་ཉེ་རིང་དང་གྲོགས་མཛའ་བཤེས་ཀྱི་ཁང་སྟོན་རེ་རེར་ཁོས་རང་ལ་མེད་ན་གཞན་ལ་གཡར་ནས་ལེགས་སྐྱེས་ཀྱི་སྒོར་མོ་ཆད་མེད་དུ་བྱིན་མྱོང་།ལོ་གཉིས་ཀྱི་རིང་ལ་བསྟན་རྒྱམ་གྱིས་གོང་གི་ཁྱིམ་ཚང་དགུ་ཅུ་གོ་དགུ་ལ་ཆ་བསྙམ་སྒོར་ཉིས་བརྒྱ་རེ་ཡི་ལེགས་སྐྱེས་བྱིན།བགྲང་འདི་དག་ལ་ཁོས་སྐྱ་ཆད་སྔོ་སྡུག་གི་འཚོ་བ་ཆུ་ནག་རྩམ་གྱིས་ཟད་པར་གྱུར་བ་མ་ཟད། ད་དུང་སྒོར་སྟོང་དགུ་དང་བདུན་བརྒྱའི་བུ་ལོན་སྟེར་དགོས།

ཉི་ཟེར་སྒེའུ་ཁུང་ལས་འཕྲོས་པ་ན་བསྟན་རྒྱམ་གྱིས་ལག་གཡས་ཀྱིས་མགྲོན་ཡིག་གི་ཁ་ཕྱེ་ལ། ལག་གཡོན་པས་ཙནྡན་གྱི་ཕྲེང་བ་ནག་པོ་རུ་ཡོང་སྒོའི་སྒོར་རེ་རེ་བཞིན་ཞིབ་རྩིས་ཐེངས་གཅིག་བྱས་པ་ན། ཏག་ཏག་བུ་ལོན་བྱིན་པའི་ཡོང་སྒོ་ཞིག་ལས་སྒོར་གཅིག་ཀྱང་ལྷག་མ་མི་འདུག

“བདེ་ཆེན་གཡང་འཛོམས་དངོས་གནས་སླེབས་མི་འདུག མོ་ཅིའི་ཕྱིར་མ་འོང་པ་ཡིན།”ཡང་དང་བསྐྱར་དུ་རང་ཉིད་ལ་ལྡོག་འདྲི་ལན་འགའ་བྱས་པ་ན། མོ་སྔ་ས་ནས་སྡེ་བ་དང་གྱེས་ཟིན་པ་གཞི་ནས་རྟོགས་སོང་།འོ་རེད་ཡ། ཁ་སང་ཀུན་བཟང་རིག་འཛིན་ཚང་ཡང་གསེར་རྫོང་དུ་སྤོས་ནས་སོང་ཟིན་ཟེར་བ་མ་ཡིན་ནམ།

ཉི་ཐིག་བསྟན་རྒྱམ་མདུན་གྱི་ལྕགས་ཐབ་སྟེང་དུ་འཕྲོས་སྐབས། ཁོ་སྒོར་བུད་དེ་ཁྱིམ་ཚང་དགུ་ཅུ་གོ་དགུས་རེས་མོའི་ངང་ཁང་སྟོན་བྱེད་པའི་ཁང་པ་དེར་མིག་ཉུལ་ཐེངས་གཅིག་བྱས་པ་ན།སེམས་སུ་འགྱོད་སྣང་དྲགས་པོ་ཞིག་གིས་ཡོངས་སུ་བསྐུལ་ཏེ་དགོན་པའི་ཕྱོགས་སུ་ཁང་སྟོན་ལ་མི་འགྲོ་བའི་དམ་བཅའ་བྱེད་དུ་ཆས་སོ།།


རྩོམ་ཡིག་སྔོན་མ།
རྒྱུན་ལྡན་གྱི་ཉིན་མོ།
རྩོམ་ཡིག་རྗེས་མ།
བློ་འགྱོད།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1