མོ་མིག་གི་བར་དུ་མར་བཀླུབས་ཏེ།
ནུབ་ཕྱོགས་མཁའ་དབྱིངས་མཐོན་པོ་བསྙེགས་ནས་སོང་།
ས་བོན་རྙིང་བ་ཞིག་ལ་མེ་ཏོག་འཛུམ་པ་ལྟར།
ང་ཡི་དུས་ཚོད་འཁྱག་པ་འདིའི་ནང་ལ།
ཁྱོད་རང་དཔྱིད་ཀ་བཞིན།
འཇམ་ཐིང་ཐིང་།
སྤྲིན་པ་སྔོན་པོ་ཞིག་ལས་ཆར་ཐིགས་སིམ་པ་བཞིན།
ང་ཡི་མཚན་ཞག་རིང་མོ་འདིའི་ནང་ལ།
ཁྱོད་རང་རྨི་ལམ་བཞིན།
ལྗང་ནེམ་ནེམ།
ཚོར་སྣང་གསར་བ་དེའི་དབང་གིས།
ངའི་ཁོག་པའི་ནང་གི་རི་མོ་ཡོད་ཚད་ནག་པོར་འགྱུར་གྱིན་འདུག
ང་ཡི་མགྲིན་པར་ལུས་པའི་སྒྲུང་ཞིག
ཁྱོད་ཀྱིས་ཚོམ་མེད་དུ་བཟོ་བཅོས་རྒྱག་གིན་འདུག
སུས། ཁྱོད་རང་སྙིང་ཉེ་བ་ཞིག་ཏུ་བསྒྱུར་ཚར་བ་ཡིན་ནམ།
ཁྱོད་ཀྱི་གོམ་སྒྲ་ཡང་གཞན་གྱིས་འཕྲོག་ཚར་བ་མ་ཡིན་ནམ།
“ཤྭ་བའི་རྨིག་རྗེས་ལ་ཆུ་འཁྱིལ་བ”བཞིན།
ང་རང་ཁྱོད་ཀྱི་གྲིབ་མའི་ནང་ལ་དབང་མེད་དུ་ལྷུང་གིན་འདུག
ཧ་ཅང་སེམས་ཆུང་གི།
ཁྱོད་ཀྱི་མིག་ལ་སིམ་པའི་ལང་ཚོའི་ཟིལ་བ་དེས།
ང་རང་བརླན་བྱུང་།
ཆང་དང་རོལ་དབྱངས་བཞིན་དུ།