མཚན་གུང་ཆུ་ཚོད་གཉིས་པར།
འཇུ་ལག་ཏུ་ས་ཡོམ་བྱུང་སོང་ཟེར།
ཁ་བའི་ལྗོངས་ཀྱི་ཁྲག་རྒྱུད་ལས་རྙེད་པའི་ཁྱོད་རང་།
འཇུ་ལག་གཙང་བོའི་འགོ་རྔ་གང་ཞིག་ཏུ།
གཉོམ་དུང་ངེར་ཨེ་ཡོད་བསམ་ནས་གློ་བུར་སྔངས་ཤིང་སྔངས་ཤིང་ཐོན།
དུས་ཚོད་ཀྱིས་གཙབ་ཅིང་གཤགས་མོད།
གློ་སྙིང་ད་དུང་འཁྱག་མེད་པའི།
སྒོ་ཕུག་ཏུ་དར་ལྕོག་ལྷབ་ལྷུབ་གཡོ་བའི་ཁྱོད་ཀྱི་ཕ་ཡུལ་དེ།
ས་ཡམས་འདི་ཙམ་གྱིས་བསྣུབས་ཐུབ་པ་ཞིག་ག་ལ་ཡིན་ཨང་སྙམ་སོང་།
ཁྲ་ཆུང་མིག་ལམ་ནས་བོར་སོང་བའི་ཁྱོད་རང་།
སླར་ཡང་ཡ་ཆུང་སྙིང་དབུས་སུ་འཚེར་ནས་ཐོན་བྱུང་།
དྲན་གདུང་དང་ཁ་ཆད་ཀྱི་བར་ནས་བསལ་བའི་ལོ་ཟླ་དེ་དག
ད་ནི་སྐད་ཅིག་འདི་ལ་གང་ཞིག་ཏུ་ནུབ་ཨེ་འགྲོ་བསམ་ནས།
ཞག་གང་ལ་གཉིད་ཡུར་ཙམ་ཡང་ལེན་མ་ཐུབ།
ས་ཡོམས་འཇགས་མ་ཚར་གོང་དུ།
གསར་འགྱུར་སྣ་ཚོགས་དྲ་བ་སྣ་ཚོགས་སུ་འཚངས་ནས་ཐོན་བྱུང་།
ཡུན་རིང་གྲགས་མེད་དུ་ལུས་པའི།
ཁྱོད་ཀྱི་འཕྲིན་པ་རེ་འགའ་ཡང་ཞེ་འདང་གིས་དེད་ནས་སླེབས་བྱུང་།
ལོ་ངོ་འདི་དག་ལ།
ང་རང་རི་ཁར་སྐྱོད་པའི་དར་ལྕོག་རལ་བོ་ཞིག་ལྟར།
དུས་ཚོད་དང་དཀའ་སྡུག་གི་རླུང་གིས་ཡང་ཡང་བྲབས་ནས།
ད་ལྟ་དར་ཤིང་ཡང་འགྱེལ་ལ་ཉེ་ཡང་།
ཁྱོད་ཀྱི་ཕྱོགས་སུ་དར་ལྕེ་ལྕུག་ལྕུག་གཡོས་ན་བསམ་པའི།
སྨྱོ་ཧམ་དེ་དག་ད་དུང་ཡང་ཡལ་ཐབས་མི་འདུག
མཚན་གུང་ཆུ་ཚོད་གཉིས་པར།
ང་རང་ས་ཡོམས་ཀྱི་འཇིགས་པས་གཉིད་ལས་བསླངས་བྱུང་།
འཇུ་ལག་ཡུལ་དུ།
ཚད་རིམ5.9དགུ་ཡི་ས་ཡོམས་བྱུང་སོང་ཟེར།
ཡིད་འོང་གི་འབྲོག་སྡེ་དེ་ཡང་ཡང་དྲན་བྱུང་།
ཁྱོད་རང་ན་ཟུག་ཅིག་ཏུ་གྱུར་ནས།
ཡང་ཡང་ཞེ་ལ་འཁོར་བྱུང་།