གཅེས་ཕྲུག
ཡོད་ཚད་ང་འོ་སྙམ་པའི་ང་རྒྱལ་དེ་མཐོ་དྲགས་པས།
མཐོ་དམན་སུ་ལའང་གུས་ལུགས་མ་ཤེས་པའི་རྣམ་རྟོག་ཕྲ་མོས།
སེམས་པ་མང་པོར་ཕོག་ཐུག་གིས་མནར་གཅོད་བྱ་སྲིད།
ཁམས་གསུམ་དབང་དུ་འཛིན་པའི་ནུས་སྟོབས་དེ་ཁྱོད་ལ་ལྡན་ནམ།
འཛམ་གླིང་ཁ་ལོ་བསྒྱུར་བའི་མཐུ་ཆེན་དེ་ཁྱོད་ལ་ཡོད་དམ།
མེད་ན་མི་གྲལ་ནས་མི་ཡི་སྤྱོད་པ་རེ་སྐྱོང་རོགས།
གཅེས་ཕྲུག
ཡོད་ཚད་རང་བདག་ཏུ་འཛིན་པའི་འདོད་སྲེག་དེ་ཆེ་དྲགས་པས།
ཕྱི་ནང་སུ་ལའང་བསྟུན་ལུགས་མི་ཤེས་པའི་ཞེ་སྡང་འདིས།
ན་མཉམ་མང་པོར་གདུག་རྩུབ་ཀྱི་ཁྲོ་བ་སློང་སྲིད།
སྐྱེ་བ་སྔ་ཕྱི་བརྗེ་བའི་ནུས་སྟོབས་དེ་ཁྱོད་ལ་ལྡན་ནམ།
སྐྱེ་གནས་རང་ལ་དབང་བའི་མཐུ་སྟོབས་དེ་ཁྱོད་ལ་ཡོད་དམ།
མེད་ན་མི་ཡུལ་དུ་མི་ཡི་ཟློས་གར་རེ་འཁྲབ་རོགས།
གཅེས་ཕྲུག
ཡོད་ཚད་རུམ་དུ་ཡོད་པའི་ཡིད་ཆེས་དེ་མཐུག་དྲགས་པས།
ཆེ་ཆུང་སུ་ལའང་འགྲོགས་ལུགས་མི་ཤེས་པའི་རྫིག་ཉམས་འདིས།
རིགས་མཐུན་མང་པོར་ཕྲག་དོག་སློང་སྲིད།
ནོར་ལྷ་རུམ་དུ་བཀུགས་པའི་ནུས་མཐུ་དེ་ཁྱོད་ལ་ལྡན་ནམ།
ཐམས་ཅད་མཁྱེན་པར་ནུས་པའི་རིག་སྟོབས་དེ་ཁྱོད་ལ་ཡོད་དམ།
མེད་ན་མི་ལུས་འདིའི་མི་ཚེ་ལ་དོན་ལྡན་གནང་རོགས།
ལང་ཚོའི་མཛེས་སྡུག་འདི་ཡལ་བ་སྐད་ཅིག་རེད།
ཐོད་རིས་བསོད་ནམས་འདི་ཞིག་པ་ཟིལ་བ་བཞིན།
གོ་གནས་ཐེར་ཟུག་ཏུ་འཛིན་པ་བྱིས་པའི་བློ།
ནོར་རྫས་རྟག་བརྟན་དུ་མིན་པ་ཀུན་གྱིས་རྟོགས།
གཅེས་ཕྲུག
རྙོག་འཛིང་གི་འགྲན་རྩོད་བར་ནས།
གཅེས་ལང་དུ་ཤོར་བའི་སེམས་པ་དེས།
ཁྱོད་ལ་འགྱོད་གདུང་གི་རྨ་ཁ་མང་པོ་ཞིག་གནང་དུས་ཇི་ལྟར་བྱ།