ཕྱིར་ལོག་པའི་མི།

བོན་སྐོར་དོན་གྲུབ་ཚེ་རིང། (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


མ་མཐའ་ཡང་ལུང་པ་འདིའི་མི་རྣམས་ཀྱིས་ཁྱོད་ཀྱི་མིང་ལ་རི་མོ་འཚོ་ཞེས་མི་འབོད་པར་ཕྱིར་ལོག་མ་ཞེས་འབོད་བཞིན་ཡོད།


 ད་ལྟ་ཁྱོད་རང་དགུང་ལོ་གྱ་གསུམ་ལ་བསླེབས་ཡོད་པས། ལོ་ཟླས་ཁྱོད་ཀྱི་ནག་ཅིང་འདུས་པའི་དཔྲལ་བའི་སྒང་ལ་སྟབས་བདེའི་ཐུག་པ་ཆུ་ལ་བངས་པ་འདྲ་བའི་རྒས་གཉེར་གྱི་རི་མོ་མང་པོ་གསལ་བོར་བྲིས་འདུག་ནའང་། ཁྱོད་ཀྱི་ཟ་འགྲམ་གྱི་ཟུངས་བཅུད་ཤོར་བའི་སྐྱི་མོའི་སྟེང་གི་ཁམ་ཐིགས་གམ་དམར་རྟགས་དེའི་གཏམ་རྒྱུད་ནི་ད་ལྟ་ངའི་སེམས་ནས་ཀྱང་རབ་རིབ་ཅིག་ཏུ་འགྱུར་བཞིན་འདུག མཚམས་ལན་རེར། ངས་ཁྱོད་ཀྱི་ཟ་འགྲམ་གྱི་ཁམ་ཐིགས་དེར་ཅེར་ནས་དེའི་སྐོར་གྱི་གཏམ་རྒྱུད་དག་ཨུ་ཚུགས་ཀྱིས་ཡིད་ནས་མགོ་རྔ་སྒྲིག་སྡོད་སྐབས། ཁྱོད་ཀྱིས་མ་ཎི་སྐད་གསང་མཐོན་པོས་འདོན་པའམ་གློ་ལུ་འགའ་བྱས་ཏེ་ང་རང་ཅི་བྱ་གཏོལ་བྲལ་དུ་བཏང་འགྲོ།


 མི་བཟང་བོ་དྲུག་ཅུ་ལོ་ཡིས་ཐུབ་པའམ་གོམས་གཤིས་ཤིག་གིས་ཡིན་ནམ་ཅི་ཆ། གང་ལྟར་མི་རིང་བའི་སྔོན་ནས་བཟུང་ངས་ཉིན་གཅིག་ལ་ཐེངས་བཅུ་ཕྲག་འགར་ཁྱོད་ཀྱི་ཟ་འགྲམ་གྱི་ཁམ་ཐིགས་དེར་ཅེར་རྒྱུ་ཞིག་ལོབས་འདུག གཅིག་བྱས་ན་དེ་ནི་མི་ཟེར་བ་འདི་རྒ་བའི་ཁུར་གྱིས་མནན་ཏེ་གོ་ཁར་ལྷུང་ཙ་ན། ཁང་བའི་ཕྱི་རོལ་གྱི་འཇིག་རྟེན་ལ་འབྲེལ་ཐག་ཆད་པས་མ་ཎི་འདོན་ཞོར་ཁྱོད་ཀྱི་གདོང་ལ་ཅེར་རྒྱུ་ལས་འོས་འཚམ་གྱི་ལས་ཀ་གང་ཡང་མེད་པ་ཡིན་ལོས་ཆེ།


 སྐབས་འདིར། ངས་ཡར་སྔོན་བཞིན་ཁྱོད་ཀྱི་ཟ་འགྲམ་གྱི་ཁམ་ཐིགས་དེ་ལ་ཅེར་ཡོད་པ་ཁྱོད་ཀྱིས་ཚོར་སོང་བས་ལོས་ཡིན། ཁྱོད་ཀྱིས་ཕྱི་གསལ་ནང་གསལ་གྱི་ཤེལ་ཕྲེང་དེ་མཐེབ་མོ་དང་གོང་མཛུབ་བར་ནས་བགྲང་མཚམས་བཞག་པ་དང་། དཀར་ཡོལ་འབྲུག་རིས་མའི་ནང་གི་འོ་ཇ་ཚ་འཐུང་ཞིག་བྱས་རྗེས། འཁྱོར་ཞིང་སེར་དྲག་ཆགས་པའི་མདུན་སོ་གཉིས་ཕྱི་ལ་སྟོན་ཙམ་གྱིས་མ་མཆུ་ཡ་མཆུར་རེག་ཙམ་ངང་ཁ་ཤ་མུར་ཙམ་མུར་ཙམ་བྱེད་པར་བལྟས་ན། ཁྱོད་ཀྱིས་ང་ལ་ཟ་འགྲམ་གྱི་ཁམ་ཐིགས་དེའི་སྐོར་ནས་བཤད་མ་མྱོང་བ་ཅི་ཞིག་འཆད་འདོད་བྱུང་ཡོད་པ་འདྲ། འོན་ཏེ། ཁྱོད་ཀྱིས་ནམ་ཡང་ཁམ་ཐིགས་དེའི་སྐོར་ང་ལ་ཡང་དང་བསྐྱར་དུ་བཤད་འདོད་མེད་པའམ། དེའི་སྐོར་ང་ལ་བཤད་ཐེངས་མང་ཚེ་དེ་དུས་ཀྱི་ལུང་མདོའི་ལུག་རྫི་དེའི་སེམས་ཀྱི་གྲུ་ཟུར་གང་རུང་ཞིག་ལ་སྐྱོ་སྡུག་དང་འགྱོད་གདུང་གི་ཁ་བ་འབབ་སྲིད་སྙམ་ནས་སེམས་ཆུང་བྱེད་བཞིན་ཡོད་པའང་ངས་སྔ་མོ་ནས་མི་རྟོགས་པ་ག་ལ་སྲིད།


 “གནམ་གཤིས་འཁྱག་པ་འདི་འདྲར་ཇ་ཚ་འཐུང་བྱོས་དང་ཡིད་ལ་ཚ་དྲོད་རྒྱས་ཐུབ”ཁྱོད་ཀྱིས་སླར་ཡང་འོ་ཇ་ཁམ་གང་འཐུང་རྗེས་ང་ལའང་ཇ་འཐུང་དགོས་པའི་སྐུལ་མ་གནང་བྱུང་། ཁྱོད་ཀྱིས་ཤ་ཚའི་སྙིང་གཏམ་འདི་ང་ལ་གློད་སྐབས། ཁང་བའི་ཕྱི་རོལ་གྱི་ནམ་མཁར་ཆུ་སྤྲིན་ནག་སྐྱ་ཞིག་གཏིབ་འདུག་ཅིང་། ཅུང་མི་འགོར་བར་ཁངས་ཆེན་ཞིག་དབབ་རྒྱུ་ཡིན་པའི་ཚུགས་ཀ་འདུག


 ཡང་ཅིག་བཤད་ན། ད་ལོའི་དགུན་གྱི་ནམ་ཟླ་དངོས་གནས་ཧ་ཅང་འཁྱག དགུན་ཚུགས་པ་ནས་བཟུང་། ཉིན་རྒྱུན་གནམ་ངོར་ཆུ་སྤྲིན་ལངས་ལངས་ལ་སྡོད་ཅིང་། རླུང་གཡུག་པ་མིན་ན་ཁངས་འབབ་པ་དང་། དེ་མིན་ཚེ་ཁངས་བབས་རྗེས་ཙག་རླུང་འཐིབས་ནས་དབུགས་ལྡན་གྱི་སྐྱེ་འགྲོ་ཀུན་ཕྱིད་ལ་ཁད་བྱེད།


 “མི་ཟོག་གི་ཁྲོད་ན་ལས་ངན་ཡོད་ཚེ། འདི་འདྲའི་ནམ་ཟླ་འཁྱག་པའི་ནང་ལ་དེ་ཚོར་བཀྲ་མི་ཤིས་པ་འབྱུང་སྲིད།”ཁྱོད་ཀྱིས་ཧ་ཅང་སེམས་ཆུང་གིས་བཤད་པར་དཔག་ན། ཁྱོད་ཀྱི་ཟ་འགྲམ་གྱི་ཁམ་ཐིགས་དེའང་ཤིན་ཏུ་འཁྱག་པའི་དགུན་ཁ་ཞིག་ལ་ཤོག་དཀར་ངོས་སུ་ལྷུང་བའི་སྣུམ་ཐིགས་བཞིན་ཁྱོད་ཀྱི་དཀར་ཤ་དམར་མདངས་ཆགས་པའི་མོ་ལོ་ཉི་ཤུའི་གཞུང་གི་ཟ་འགྲམ་ལ་དཔར་བ་མིན་ནམ།


 ལོ་དེ་ནི་ཁྱོད་རང་གནས་ལ་སོང་བའི་ལོ་གསུམ་པ་རེད། ཡང་ཅིག་བཤད་ན། འཇིག་རྟེན་འདིར་ཁྱོད་རང་གནས་ཡུལ་དང་པོ་དང་གཏན་དུ་བྲལ་ནས་ཕྱིར་རང་ཡུལ་ལ་ལོག་པ་ཐེངས་དང་པོ་རེད། སྐབས་དེའི་ང་ལ་མཚོན་ན་ཁྱོད་རང་གནས་ཡུལ་བཅུ་ཙམ་ནས་ཕྱིར་ལོག་ཀྱང་ང་རང་ཁྱོད་དང་ལྷན་དུ་མགོ་སྔས་ཐོག་གཅིག་དང་ལུས་གདན་ཐོག་གཅིག་ལ་འཛོམ་པའི་སྐལ་བ་ལྡན་ཐུབ་ཚེ། དེ་ནི་ངའི་སྐྱེ་བ་འདིའི་བསོད་ནམས་རེད་སྙམ་པའི་ངའི་བྱིས་དུས་ཀྱི་བསམ་བློ་གཏོང་སྟངས་དེ་སྔར་བཞིན་མཁྲེགས་འཛིན་བྱས་ནས་བསྡད་ཡོད།


 ངས་ཁྱོད་རང་གནས་ཡུལ་ནས་ཕྱིར་ལོག་ཐེངས་དེ་ནི་གནམ་རྒན་མས་ངས་ཁྱོད་ཆུང་མར་ལེན་ཐུབ་ན་ཅི་མ་རུང་སྙམ་པའི་འདོད་བློ་དེ་མངོན་འགྱུར་བྱ་ཆེད་དུ་ང་ལ་ཐུགས་རྗེའི་སྤྱན་གྱིས་གཟིགས་པ(ཕོ་ལོ་བརྒྱད་ཅུར་བུད་པའི་ངས་ནི་མི་ཚེ་གང་བོར་འཇིག་རྟེན་འདིའི་ཡོད་ཚད་ལས་ཀྱིས་ཐག་གཅོད་བྱེད་པའི་ལྟ་ཚུལ་དེ་སྐར་ཆ་གཅིག་གི་ཡུན་ལའང་བསྒྱུར་མ་མྱོང་ལ། དཔེར་ན། ཁྱོད་ཀྱང་ལས་དབང་གིས་ང་ལ་ཆེད་དུ་བཀོད་སྒྲིག་བྱས་པའི་སྐྱ་ཡ་ཞིག་ཡིན་པ་ལས་གཞན་ཅི།)རེད་སྙམ་ནས་སེམས་ཀྱི་ཐང་ཆེན་དུ་འཆར་གཞི་སྣ་ཚོགས་ཀྱི་གདན་དཀར་བཏིང་ཞིང་། གལ་ཏེ། སྐབས་དེའི(ད་ལྟའི་ངའི་སེམས་ཀྱི་འགྱུ་བ་སྣ་ཚོགས་ཀྱང་དེ་ལས་མ་འདས།)ངའི་སེམས་ནི་ཤེལ་དམ་སྟོང་བ་ཞིག་ཡིན་པར་ཆ་བཞག་ན། ངས་བསམ་ཚུལ་དང་འཁྲུལ་སྣང་། སྟོང་བསམ་དང་རེ་བ། ཐབས་ཤེས་སྣ་ཚོགས་ཀྱི་གཙང་བོ་ཆེན་པོ་ཞིག་ཤེལ་དམ་དེར་ལྡུག་ཅི་ཐབས་བྱས་མྱོང་།


 འོན་ཏེ། ལོ་དེར། ཁྱོད་རང་གནས་ཡུལ་ནས་ཕྱིར་ལོག་དོན་ནི་བཟློག་ཏུ་མེད་པའི་ཆོས་ཉིད་ཅིག་གི་དབང་གིས་ཡིན་པ་ངས་ལུང་པ་འདིའི་མི་རྣམས་ཀྱི་ངག་ལས་ཤེས་པ་མ་གཏོགས་ཁྱོད་ལ་དངོས་སུ་དྲིས་མ་མྱོང་མོད། ཁྱོད་ཀྱིས་དོན་དེ་ང་ལ་དངོས་སུ་བཤད་དུས་ནི་ཁྱོད་རང་གནས་ཡུལ་གསུམ་པ་ནས་ཕྱིར་ལོག་རྗེས་ཡིན་ལ། དེའང་ཁྱོད་ཀྱིས་ཟ་འགྲམ་གྱི་ཁམ་ཐིགས་དེའི་གཏམ་རྒྱུད་ང་ལ་བཤད་སྐབས་ད་གཟོད་གནས་ཡུལ་དང་པོ་ནས་བྱུང་བའི་དོན་དེ་ང་ལ་ཞོར་ནས་བཤད་པ་ཡིན།


 “ལོ་སར་ཚེས་གཅིག་ནས་བསྟུད་མར་ཉིན་ཞག་གསུམ་ལ་ཁངས་བབས་པས་རི་ལུང་ཐང་གསུམ་དཀར་བོང་བོང་བྱེད། བཟི་ནས་ཁྱི་རོ་དང་མཚུངས་པའི་ཁོ་རང་རྟ་ནག་ནག་དེ་འདྲོགས་ནས་འདྲེད་པས་མྱི་རྟ་གཉིས་ཝ་ཚང་ལུང་པའི་ལྗོན་གསེབ་ལ་བརྫངས།” ཉིན་དེར། ཁྱོད་ཀྱིས་སྐད་ཆ་འདི་བཤད་སྐབས། ཁྱོད་ཀྱི་ཆུ་མིག་ལྟར་དྭངས་པའི་མིག་ཟུང་ལ་རྟ་ནག་ནག་རྔོག་མ་རིང་བོ་ཅན་ཞིག་གི་རྨིག་པ་ཁ་བའི་ཁྲོད་ནས་ཡང་ཡང་འདྲེད་བཞིན་པའི་རྣམ་པ་ཞིག་ཤར་ཡོད་ལོས་ཆེ།


 “མྱི་རྟ་གཉིས་རྙེད་དུས་ཕལ་ཆེར་ཕྱི་དྲོ་རེད། ཁ་དཔེར་རྟའི་འཆི་བ་གད་པ་མཐོ་གང་ལ་ཐུག་ཟེར་བ་བདེན་ཤས་ཆེ། རྟ་ནག་ནག་དེ་ཝ་ཚང་ལུང་པའི་ཆུ་གྲོག་ལ་ལྷུང་རྗེས། འཕགས་ཙམ་ཡང་བྱེད་ཁོམ་མ་བྱུང་བར་ཁ་མལ་དེ་ནས་དབུགས་ཆད་འདུག་ཅིང་། ཁོ་ལ་དབུགས་རྟ་རྔ་ཙམ་ལས་མི་འདུག ཁོའི་ངག་ལས་ཨུན་ཞེས་འཁུན་སྒྲ་རིང་བོ་ཞིག་གྲགས་པ་མ་གཏོགས་སྐད་ཆ་ཚིག་གཅིག་ཀྱང་བཤད་མི་ཐུབ། ངས་སྟོབས་ཤུགས་ཡོད་དགུ་བཏོན་ནས་ཁོ་ཕྲག་པར་ཁུར་ཞིང་། ཤིན་ཏུ་མཐུག་པའི་ཁངས་ནང་ལ་གོམ་པ་སྤོ་དུས། གོམ་གཅིག་ཕར་སྤོས་ན་གོམ་གཉིས་ཕྱིར་འགྱེད་ཅིང་། མཐར་ངའང་ཁངས་ནང་ནས་ཤུད་དེ་ཝ་ཚང་ལུང་པའི་ཆུ་གྲོག་དེར་ལྷུང་སྟེ་བརྒྱལ”


 ཁྱོད་རང་ལོ་ན་གཞོན་དུས། གདོང་ལ་མཛེས་མའི་སྐྱོན་ཀུན་ཟད་པའི་ཆ་ལག་ཀུན་ནས་རྫོགས་ཡོད་པར་མ་ཟད། ལུས་ཀྱི་རྩལ་ཤུགས་ནི་ཕོ་འབྲིང་ཞིག་གི་དོ་ཡ་ཡིན་པ་ལུང་པ་འདིའི་ཁྱོད་ཀྱི་ཁ་ཡ་ན་ཟླ་ཚང་མས་ཤེས།


 “ཕྱིས་སུ། ང་བརྒྱལ་བ་ལས་སད་དུས་ཞིང་ཆེན་སྨན་ཁང་གི་ཐོག་རྩེགས་བཅུ་བར་འདུག་ཅིང་། ངའི་གམ་དུ་ཡོད་པ་ནི་སྒྱུག་མོ་རེད། ཉིན་བཅུ་ཁའི་འཕྲོར། སྒྱུག་མོས་ང་ལ‘སྨན་པས་བཤད་པ་ལྟར་ན། སང་ཉིན་སྨན་ཁང་ལས་འབུད་ཆོག’ཟེར། སྨན་ཁང་ནས་བུད་རྗེས་ཀྱི་ཟླ་ངོ་འགའི་རྗེས་སུ། ང་རང་ཐེངས་དང་པོར་གནས་ཡུལ་དང་གཏན་དུ་བྲལ་ནས་ཕྱིར་ཡུལ་ལ་ལོག་པ་ཡིན། ཁ་དཔེ་ཞིག་ལ་སྡུག་ལ་བརྗེད་རྒྱུ་དང་གོས་ལ་རྙིང་རྒྱུ་ཟེར་བ་དེ་དངོས་གནས་བདེན། དུས་ཚོད་རིམ་གྱིས་འདས་པ་དང་བསྟུན་ནས་ཁྱོ་ག་འདས་རྗེས་ཀྱི་ངའི་སེམས་ཀྱི་ནམ་མཁར་འཐིབས་པའི་སྡུག་གི་སྤྲིན་ནག་ཀྱང་ཇེ་དྭངས་ནས་ཇེ་དྭངས་སུ་གྱུར། ཡིན་ནའང་། ང་རང་ཝ་ཚང་ལུང་པའི་ཆུ་གྲོག་ལ་ལྷུང་ནས་བཏོད་པའི་ཟ་འགྲམ་གྱི་རྨ་ཁའམ་ཁམ་ཐིགས་འདི་གཏན་ནས་བསུབ་ཐབས་མ་བྱུང་སྟེ། ཕྱིས་སུ་ཀུན་གྱིས་མངོན་ལྐོག་གང་རུང་ནས་ང་ལ ‘ཡུགས་མོ་ཟ་ནག་མ’ཞེས་བཏགས་པའི་མིང་དེ་ངས་སྐྱེ་བ་འདིར་འདོར་ཐབས་མ་བྱུང་ལ་ཀུན་གྱིས་བརྗེད་ཐབས་མེད་སོང་། ” ཁྱོད་རང་གནས་ཡུལ་དང་པོ་ནས་ཕྱིར་ལོག་ཚུལ་སྐད་ཆ་ཉུང་ཉུང་ཞིག་གིས་བརྗོད་སྐབས། ཁྱོད་ཀྱི་ངོ་གདོང་ན་སུས་ཀྱང་རྟོགས་ཐབས་མེད་པའི་རྣམ་འགྱུར་ཞིག་མངོན་འདུག


 ཁྱོད་རང་གནས་ཡུལ་དང་པོ་ནས་ཕྱིར་ལོག་རྗེས། ཁྱོད་ཀྱིས་ཁྱེད་ཚང་གི་སྦྲ་དང་ཐག་ཅུང་ཟད་རིང་བའི་ན་དམར་རྫ་འདབས་ཀྱི་དེའུ་འབུར་དེའི་སྒང་ལ་བུད་ནས་ནུབ་ཕྱོགས་ཀྱི་ལུང་མདོ་དེ་རུ་ལུག་འཚོ་བའི་གསར་བུ་ཞིག་གི་ཕྱོགས་སུ་ལ་གཞས་ལེན་པའི་གོམས་སྲོལ་དེ་སྔར་བཞིན་རྒྱུན་བསྐྱངས། གོམས་སྲོལ་དེ་ཁྱོད་ཀྱི“མེ་ཏོག”ལ་ཉི་འོད་མ་ཕོག་གོང་ནས་ཡོད་པ་ད་ལྟའང་ཁྱོད་ཀྱིས་བརྗེད་རྒྱུའི་དཔེ་མེད། ཁྱོད་ཀྱིས་ལ་གཞས་ལེན་དུས། ནུབ་ཀྱི་ལུང་མདོའི་ལུག་རྫི་གསར་བུ་དེས་ཁྱོད་ཀྱིས་ཁོའི་སེམས་འདུན་ཕྲ་མོ་དེ་རྟོགས་འདུག་སྙམ་ནས་འབྱུང་མི་སྲིད་པའི་མཇུག་འབྲས་མང་པོ་ཞིག་སེམས་ནས་རྟོགས་བཟོ་བྱས་ཤིང་། ཕྱིར་ཁྱོད་ཀྱི་ཕྱོགས་སུ་ལ་གཞས་བླངས་ཏེ་རང་སེམས་རང་གིས་གསོས།


 ཐེངས་ཤིག་ལ། ནུབ་ཀྱི་ལུང་མདོའི་ལུག་རྫི་གསར་བུ་དེས་ཁྲོམ་ཞིག་བོར་སོང་བར་ཁ་གཡར་ཏེ་ན་དམར་རྫ་འདབས་སུ་འོངས་ནས་ཁྱོད་ལ་སྐད་ཆ་དྲིས། གསར་བུ་དེས་ཁྱོད་ལ་ཁྲོམ་ཞིག་བོར་སོང་ཚུལ་དྲིས་པ་ལ་ཁྱོད་རང་གཏན་ནས་དགའ་བོ་མ་བྱུང་ཞིང་། ཁྱོད་ཀྱིས་ང་མ་མོ་ཞིག་ཡིན་རྒྱུ་ན་ཁྱོད་ཚང་གི་ཁྲོམ་རྒན་ངའི་རྩུབ་ལ་ཡོང་སྲིད་མོད། ང་མ་མོ་མིན་ལ་ཁྱོད་ཀྱི་ཁྲོམ་རྫི་ཡང་མིན་ཞེས་ལན་བཏབ་པས། གསར་བུ་དེས་ཀྱང་ངས་དེ་ཟེར་བ་མིན། ངའི་ཁྲོམ་དངོས་གནས་བོར་སོང་བས། ཁྱོད་ཚང་གི་ལུག་ཁྱུར་ཡོང་མིན་དྲིས་པ་ལས་ངེད་ཚང་གི་ཁྲོམ་ཁྱོད་ལ་བུད་སོང(ཨ་མདོའི་ཁ་སྐད་དུ། ཞི་མོ་དེར་ཞི་ལི་འགྲོ་ནི་རེད་ཟེར་དུས་དོན་ལ་མི་དེ་གཉིས་ཀྱི་བར་དུ་ཕོ་མོའི་འབྲེལ་བ་ཡོད་པ་ཤེས་ཐུབ།)ཟེར་བ་མིན་ཞེས་གསལ་འདེབས་བྱས་ཀྱང་ཕན་མ་ཐོགས།


 ཕྱིས་སུ། གསར་བུ་དེས་ཁྱོད་ལ་ཁ་བརྡ་མང་པོ་བྱས་ཤིང་། དུང་བའི་ཟུར་མིག་འཕངས་ནའང་། ཁྱོད་ཀྱིས་དེ་ལ་རྩ་བ་ཉིད་ནས་དོ་སྣང་མ་བྱས་པར་མ་ཟད། སྐྱེ་བ་ད་ཐེངས་འདིར་གསར་བུ་ཁྱོད་ཀྱིས་རེ་བ་དེ་འགྲུབ་ཐབས་མེད་ཚུལ་བཤད་ནས་གསར་བུ་དེའི་སེམས་ལ་ཆུ་འཁྱག་བླུགས།


 ལོ་གཅིག་ཙམ་གྱི་རྗེས་སུ། ཁྱོད་ཀྱིས་སླར་ཡང་གནས་ཡུལ་བསྙེགས་སོང་། དེ་ནི་སྐྱེ་བ་འདིར་ཁྱོད་རང་གནས་ལ་འགྲོ་ཐེངས་གཉིས་པ་རེད།


 ཉིན་དེའི་ཞོགས་པར། ཁྱོད་ཀྱིས་རྟ་ནག་ནག་ཅིག་བཅིབས་འདུག་ཅིང་། རྒྱབ་དར་ལྗང་ཁུ་དེ་རླུང་གིས་བསྐྱོད་ཙམ་བསྐྱོད་ཙམ་བྱེད་དུས། སྐྱ་མི་བཅུ་ཁ་ཞིག་གིས་ཁྱོད་ཀྱི་གཡས་གཡོན་མདུན་རྒྱབ་ནས་བསུས་ཏེ་ནུབ་ཀྱི་ལུང་མདོ་དེ་ནས་ལུང་པའི་ཕུ་ལ་རིམ་བཞིན་ཡལ་སོང་།


 ཁྱོད་གནས་ཡུལ་གཉིས་པར་ཕྱིན་ཤུལ་དུ། གསར་བུ་དེས་སྔར་བཞིན་ལུག་ཁྱུ་དེད་ནས་ནུབ་ཀྱི་ལུང་མདོར་འཚོ་ཞིང་། ན་དམར་རྫ་འདབས་ཀྱི་མ་ཎི་རླུང་འཁོར་ལྟ་བུའི་ལུག་རྫིའི་འཚོ་བ་དང་ལོ་ཟླ་སེམས་ནས་བསྐྱར་ཞིང་བཟློས་ཏེ་བསྡད།


 སྣང་བ་ཞིག་ལ། དེ་དུས་ཀྱི་ལུག་རྫི་དེ་ད་ལྟ་ངའི་ཁ་གཏད་དུ་བསྡད་ནས་ང་ལ་ཁ་བརྡ་བྱེད་བཞིན་ཡོད་པ་འདྲ། ཕལ་ཆེར་ད་ལྟ་ངའི་སེམས་ལ་དྲན་པའི་གཏམ་རྒྱུད་དག་ཁོའི་སེམས་སུའང་དྲན་གྱིན་ཡོད་ངེས། ཡང་ན། ནུབ་ཀྱི་ལུང་མདོ་དེའི་ས་རྡུལ་གྱི་དྲི་མ་དང་རླུང་བུའི་འཇམ་རྩུབ་ཀྱང་ཁོས་མྱངས་པ་དག་ངས་ཀྱང་ཚོར་ཐུབ་པའི་གདེང་ཚོད་འདུག ངས་མིག་བཙུམ་ནས་འདང་ཞིག་རྒྱབ་ན། ནུབ་ཀྱི་ལུང་མདོ་དེ་རུ་ད་ལྟ་ནག་ཅིང་སྣུམ་པའི་གཞུང་ལམ་རིང་མོ་ཞིག་བྱང་ནས་ལྷོ་རུ་བྱ་རྒོད་ཀྱི་གཤོག་ཟུང་ལྟར་བརྐྱངས་འདུག་ཅིང་། དེ་དུས་ཀྱི་མི་རྟའི་ཚབ་ལ་ད་ནི་འབའ་འབུ་ལྟ་བའི་འཕྲུལ་འཁོར་སྣ་ཚོགས་སྟོད་འདུར་སྨད་རྒྱུག་བྱེད་བཞིན་ཡོད་ངེས། ཁྱོད་ཀྱིས་ཕྱིར་འདང་རྒྱབ་ནའང་དེ་དུས་ཀྱི་ན་དམར་རྫ་འདབས་ཀྱི་དེའུ་འབུར་སྒང་དུ་ད་ལྟ་རླུང་ནུས་གློག་འདོན་འཕྲུལ་ཆས་ཤིག་བཙུགས་ཡོད་པ་མིན་ནམ།


 ད་ལྟ་ནམ་ཟླ་འཁྱག་པའི་ནང་ལ་ཕྱུགས་ཟོག་ལས་ངན་ཇེ་ཉུང་དུ་འགྲོ་བཞིན་འདུག་སྟེ། ཕྱུགས་ཟོག་ཁོ་ནར་ལྕགས་ཀྱི་ཁང་པ་དང་རྡོ་ཡི་ཁང་པ། འགྱིག་གི་ཁང་པ་དང་འགྱིག་མིན་ལྕགས་མིན་གྱི་ཁང་པ་སོགས་ཁངས་དང་རླུང་འཚུབ་རྒོད་ཀྱང་ཙག་རླུང་མིག་གིས་རིག་མི་དགོས་པའི་ཁང་པ་ཡོད་པར་མ་ཟད། རི་མགོའི་གཟན་རྩྭ་ཕུད་པའི་གཟན་རྩྭའི་རིགས་ལའང་མང་པོ་ཡོད་ཅིང་། ཁངས་དང་རླུང་ཁྲོད་འགྲིམ་དུས་གནའ་ལྟར་རྟར་ཞོན་ནས་བགྲོད་མི་དགོས་པར་འཕྲུལ་འཁོར་སྣ་ཚོགས་ཡོད་པ་ཁྱོད་ཀྱིས་ཀྱང་གསལ་བོར་ཤེས། ཡིན་ནའང་། ད་ལྟ་ཁངས་བབས་རྗེས་ཀྱི་ནམ་ཟླ་འཁྱག་ཏོའི་ནང་མི་ལས་ངན་དངོས་གནས་ཇེ་མང་ཡིན་པ་འདྲ། དེ་ཁྱོད་ཀྱིས་ཀྱང་ཤེས་ཡོད་ལོས་ཆེ་མོད། ཁྱོད་ཀྱིས་མི་ཟོག་ཁྲོད་ཀྱི་ལས་ངན་ལ་ནམ་ཟླ་འཁྱག་པའི་ནང་དུ་བཀྲ་མི་ཤིས་པ་འབྱུང་སྲིད་ཅེ་ན། དངོས་གནས་ཁྱོད་ཀྱི་མྱོང་བ་གཅིག་པུའི་སྟེང་ན་བཤད་བཞིན་པའང་ངས་མི་ཤེས་པ་ག་ལ་སྲིད། སྔ་ཕྱིར་ཁྱོད་ཀྱི་ཁྱོ་ག་གསུམ་པོ་ཁངས་གཡུག་ཙག་རླུང་འཐིབ་དུས་དག་ལ་རྐྱེན་དང་བར་ཆད་བྱུང་བ་མིན་ནམ།


 ཁྱོད་གནས་ཡུལ་གཉིས་པ་ནས་ཕྱིར་ལོག་པའི་གཏམ་རྒྱུད་ཀྱང་ངས་ལུང་པ་འདིའི་མི་རྣམས་ཀྱི་བཤད་སྒྲོས་ལས་གསལ་བོར་གོ་ཡོད་མོད། ཁྱོད་ཀྱིས་ང་ལ་དངོས་སུ་བཤད་དུས་ནི་སྔར་བཞིན་ཁྱོད་རང་གནས་ཡུལ་གསུམ་པ་ནས་ཕྱིར་ལོག་རྗེས་དེ་ཡིན།


 “་་་་་་ཕྱི་ཉིན། ཁོས་ངའི་ཟ་འགྲམ་ལ་རྟ་ལྕག་གིས་སྐག་སྒྲ་མཆེད་པ་ཞིག་གཞུས་རྗེས། རྟ་ནག་ནག་དེ་ཞོན་ནས་རྒྱབ་རིའི་ཉག་ཁ་བརྒྱུད་དེ་བུད་སོང་། རྟ་ཡི་རྨིག་རྗེས་ཁ་བའི་ཁྲོད་ལ་དཔར་བ་ཉིན་འགའ་ལ་བསུབ་རྒྱུ་མ་བྱུང་།”


 “དེའི་རྗེས་སུ་་་་་་”ངས་ཁྱོད་ཀྱིས་སྐད་ཆ་མང་པོ་ཞིག་བཤད་ན་ཅི་མ་རུང་སྙམ་མོད། ཁྱོད་ཀྱིས་ཚིག་གཅིག་གཉིས་ཀྱིས་མཇུག་བསྡུས་པས་ངས་ཀྱང་ཁྱོད་ལ་དྲི་བ་སྟབས་བདེ་ཞིག་དྲིས།


 “དེའི་རྗེས་སུ། ཁོ་རང་སྟོད་ཉི་མ་ལྷ་ས་རུ་འཁྱམ་ནས་ཡོད་རབས་བཤད་མོད། བདེན་མིན་ངས་ཀྱང་ད་ལྟའི་བར་བརྩད་གཅོད་བྱེད་མ་མྱོང་། ཡང་ཅིག་བཤད་ན། ངའི་ཟ་འགྲམ་གྱི་ཁམ་ཐིགས་འདི་ཇེ་གསལ་དང་ཇེ་ཟབ་ཏུ་འགྲོ་དོན་ཁོས་རྟ་ལྕག་གིས་གཞུས་པ་ལན་པར་བསམ་ན། ངས་ཁོ་རང་བརྩད་གཅོད་ཀྱང་བྱེད་དགོས་དོན་མི་འདུག ”


 “ཁོས་ཁྱོད་ལ་རྟ་ལྕག་གིས་གཞུས་དོན་ཅི་རེད།”


 “དྲང་མོར་བཤད་ན། ཁོའི་དེ(ཕོའི་སྐྱེ་འཕེལ་དབང་བོར་གོ)རྒྱུན་ལྡན་མིན་པ་ང་ཁོའི་ཆུང་མ་བྱས་རྗེས་གཟོད་ཤེས་པ་ཡིན། ”


 ཁྱོད་ཀྱིས་ང་ལ་ཁ་བརྡ་འདི་བྱེད་དུས། ཟ་འགྲམ་གྱི་ཁམ་ཐིགས་དེའི་སྔུན་གྱི་མཁུར་ཚོས་ཅུང་དམར་པོར་གྱུར་འདུག་ཅིང་། མིག་མཐའི་སྤྲི་ཀའང་ཅུང་གསལ་བོར་གྱུར་འདུག


 “དེས་ན་ཁོ་ལན་པ་ལས་ཁྱོད་ལན་མི་འདུག ཁོས་ཁྱོད་ལ་རྟ་ལྕག་གིས་གཞུས་པར་ཡང་གནས་ལུགས་མི་འདུག”


 “དངོས་པོ་ཞིག་གིས་མི་ཞིག་གི་དགོས་མཁོ་སྐོང་ཐབས་མེད་དུས་མི་དེའི་མིག་ལམ་ནས་དངོས་པོ་དེའི་རྩིས་ཐང་ཡང་ཇེ་ཆུང་ནས་ཇེ་ཆུང་ཡིན་པར་མ་ཟད། སྟབས་ཉེས་ཚེ། དངོས་པོ་དེ་འདོར་ཡང་སྲིད།”


 “མི་དགོས་ཨ་ཀྲད་སྐམ་པོ་མཁོ་བའི་དུས་ཤིག་ཡོད་ངེས་ཟེར་བ་མིན་ནམ”ངས་ཁྱོད་ཀྱི་སྐད་ཆ་དེའི་མཇུག་རྫོགས་མེད་པ་མ་ཤེས་པས་ཨུ་ཚུགས་ཀྱིས་བར་དེར་སྐད་ཆ་ཚིག་གཅིག་བརྫངས་མོད། དེ་ནི་རྨ་ཆུའི་ཟབ་སར་རྡོ་ཞིག་འཕངས་པ་དང་ཁྱད་པར་མ་བྱུང་བར་ཁྱོད་ཀྱི་ཚིག་མཚམས་གཅོད་མ་ནུས།


 “་་་་་་ཅུང་མ་འགོར་བར། ཁོ་ཡུལ་ན་མེད་པའི་གོ་སྐབས་དང་བསྟུན་ནས་ངས་ཀྱང་མཚན་རོགས་ཟུར་པ་ཞིག་བཙལ་བ་ཡིན། ”


 དང་ཐོག་ངས་ཁྱོད་ཀྱི་སྐད་ཆ་འདི་ལ་རྩ་བ་ནས་ཡིད་ཆེས་བྱེད་མ་ཐུབ། དེ་ནི་ཁྱོད་ཀྱིས་གང་བྱུང་དུ་བཤད་པ་རེད་སྙམ་མོད། ཁྱོད་ཀྱིས་མུ་མཐུད་དུ


 “ཁོ་རྫོང་ཐོག་ལ་ལུག་གི་རྙང་སྨན་ཞིག་ལེན་དུ་སོང་བའི་ཉིན་དེ་ཚོར་བསྟུད་མར་ཁངས་བབས་པས་མི་ཕྱུགས་ཀྱི་འགྲོ་ལམ་ཡོངས་སུ་བཀག་སོང་། ཁངས་ཆག་འདི་འདྲའི་ནང་ངས་ཁོས་མཚན་ལམ་དེད་ནས་བསླེབས་འོང་བ་ཡིད་ཀྱི་རྒུ་ལའང་མ་དྲན། མཚན་རོགས་ཟུར་པའི་ཡིད་ལའང་དྲན་མེད་དེ། ངེད་གཉིས་ཀྱིས་དགའ་མགུ་ཡིད་ཚིམ་པ་ཞིག་སྤྱད་རྗེས། ཅི་ལྟར་བྱས་ཚེ་གཞུག་གི་ཉི་མ་རིང་བོ་འཁྱོལ་བའི་ཐད་ལ་ཞེ་གྲོས་ཀྱི་ལབ་གླེང་ལྷུག་པོར་གནང་བའི་སྐབས་ཤིག་ལ། ཁོ་ཁྱིམ་ལ་བསླེབས་བྱུང་།་་་་་་་་”


 ཉིན་དེའི་ས་སྲོད་དུ། ཁྱོད་རང་ནུབ་ཀྱི་ལུང་མདོ་དེ་ནས་ངོ་འདོམ་པ་གང་ཤོར་ནས་ཕྱིར་ལོག་ཡོང་སྐབས། ལུག་རྫི་གསར་བུ་དེས་སྔ་མོ་ནས་ལུག་དེད་དེ་ཁྱིམ་ལ་ལོག་ཟིན་པ་ཕྱིས་སུ་ཁྱོད་ཀྱིས་ང་ལ་བཤད་པ་ཡིན།


 “ཇ་ཚ་འཐུང་བྱོས་དང་། ཁོག་པ་དྲོད་ཀྱིས་གང་ཡོང་།”ད་ལོའི་དགུན་ཟླ་འཁྱག་པ་འདི་འགོ་ཚུགས་པ་ནས་ཁྱོད་ཀྱིས་ཡང་ང་ལ་སྔར་ལོ་བཞིན། ཡང་ན། སྔར་ལོའི་སྔར་ལོ་དང་དེའི་སྔར་ལོ་བཞིན་ལྭ་དྲོན་པོ་གོན། སྒོ་ཕྱི་ནང་ལ་འགྲོ་དུས་གཟབ་གཟབ་བྱོས་སོགས་ཤ་ཚའི་སྐད་ཆ་མང་དུ་བཤད་པ་ལའང་ཁག་ཅི་ཡོད། ཁྱོད་རང་གནས་ཡུལ་གསུམ་པ་ནས་ཕྱིར་ལོག་རྐྱེན་ཡང་དགུན་ཁ་འཁྱག་པ་ཞིག་དང་འབྲེལ་ཡོད་པ་ཡིན་ནམ། ངས་ཁྱོད་ལ་དེའི་སྐོར་ནས་ཐེངས་འགར་དྲིས་ནའང་། ཁྱོད་ཀྱིས་ང་ལ་ལན་ཅི་ཡང་མ་བཏབ།


 “ཕྱིས་སུ། ངས་ཁོ་སྟོད་ཉི་མ་ལྷ་ས་ནས་ཕྱིར་ལོག་པར་སྒུག་ནས་དུས་ཡུན་འོས་འཚམ་ཞིག་འདས་མོད། རུ་སྡེ་དེའི་མི་རྣམས་ཀྱིས་ཁོ་ལ་ལྷ་ས་རུ་ཆུང་མ་དང་ཕྲུ་གུ་ཡོད་རབས་ཀྱང་རླུང་བཞིན་འུར་གྱིན་འདུག་པ་དང་། ཁོ་ཡོད་དུས་ཀྱི་ངའི་མཚན་རོགས་ཟུར་པ་དེས་ཀྱང་ང་ལ་རེ་བ་ཡང་ཡང་ཞུས་སྟབས། ངའང་ནམ་མི་ལངས་ག་མེད་ཉི་མས་དེད་དེ་མཚན་རོགས་ཟུར་པ་དང་ལྷན་དུ་བསྡད་པ་ཡིན།”


 “ཁོའི་དེ་རྒྱུན་ལྡན་མིན་པ་མིན་ནམ། ཕྱིས་སུ། ཁོ་ལ་ཆུང་མ་དང་བུས་ཕྲུག་ཇི་ལྟར་ཡོད་པ་ཡིན་ནམ།”


 ངའི་དྲི་བ་དེར་ཁྱོད་ཀྱིས་ལན་ཅི་ཡང་མ་བཏབ་མོད། ད་ལྟ་བསམ་ན། སྐད་ཆ་དེ་ལའང་གཞི་འཛིན་ས་ཆེན་པོ་མི་འདུག་པས་ཁྱོད་ཀྱིས་ཀྱང་སྐབས་དེར་ངའི་དྲི་བ་བཏང་སྙོམས་སུ་བཞག་པ་ཡིན་ལོས་ཆེ། འོན་ཀྱང་། ངས་ད་ལྟ་ཞེ་ཐག་པ་ནས་བཤད་ཕོད་པ་ཞིག་ཡོད་པ་ནི་ཁྱོད་ཀྱིས་ཁོ་ལ་ལྷ་ས་རུ་ཆུང་མ་དང་བུས་ཕྲུས་ཡོད་མེད་ཀྱི་དོན་དེ་བདེན་མིན་ལ་བརྟག་དཔྱད་ཙམ་ཡང་མི་གཏོང་བར་ཐད་ཀར་མཚན་རོགས་ཟུར་པ་དེ་དང་ལྷན་དུ་བསྡད་པར་གཞིགས་ན། ཁྱོད་དང་ཁྱོ་ག་གཉིས་པའི་བར་དུ་བརྩེ་འདང་ཟེར་བ་དེས་ཤིན་ཏུ་དབུལ་བ་མིན་ནམ། ཡིན་ཡང་། འདི་དག་ངའི་བསམ་བློ་གཏོང་སྟངས་ཙམ་ཡིན་པ་མ་གཏོགས་ངས་ཁྱོད་ལ་དངོས་སུ་བཤད་མྱོང་མེད།


 ཁྱོད་གནས་ཡུལ་གསུམ་པར་སྙེག་དུས། ནུབ་ཀྱི་ལུང་མདོའི་ལུག་རྫི་དེས་


 ན་དམར་རྫ་འདབས་ཀྱི་དེའུ་འབུར་སྒང་དུ་ལུག་འཚོས་འདུག་ཅེས་ཕྱིས་སུ་ཁྱོད་ཀྱིས་ང་ལ་བཤད་པ་ཡིན་མོད། འོན་ཀྱང་། དེའི་དུས། ལུག་རྫི་ཁོས་ཁྱོད་ཀྱིས་གནས་ཡུལ་གསུམ་པར་སྙེག་ནས་འགྲོ་ཚུལ་མཐོང་མེད་ལོས་ཆེ། ཡིན་ནའང་། ལུག་རྫི་གསར་བུ་དེས་ཁྱོད་རང་གནས་ཡུལ་གསུམ་པ་ནས་ཀྱང་ཕྱིར་ལོག་ཡོང་བའི་དུས་ཤིག་ཡོད་སྲིད་སྙམ་ཞིང་། གལ་ཏེ་དངོས་གནས་དེ་འདྲའི་དུས་ཤིག་ཡོད་ཚེ། དེ་ནི་ལས་དབང་གིས་ཁོ་ལ་གནང་བའི་བཟློག་ཏུ་མེད་པའི་གོ་སྐབས་ཤིག་ཡིན་སྙམ་པར་མ་ཟད། མཚམས་ལན་རེར། ལུག་རྫི་ཁོ་ཆང་གིས་བཟི་དུས། ཁོས་ཁྱོད་རང་གནས་ཡུལ་གསུམ་པ་ནས་ཕྱིར་ལོག་སྲིད་པར་མ་ཟད། ད་དུང་ཁོས་ཁྱོད་ཆུང་མར་བསུ་རྒྱུ་ཡིན་ཞེས་བཟི་གཏམ་ཡང་བཤད་མྱོང་སྐད།


 ལུག་རྫི་ཁོ་གླེན་པ་ཞིག་ཡིན་ནམ།


 ལུག་རྫི་ཁོ་ལ་མཁྱེན་པ་ཡོད་དམ།


 ལུག་རྫི་ཁོས་ལས་དབང་ཞེས་པ་འདི་ཡོངས་སུ་ཤེས་པ་ཡིན་ནམ།


 དྲི་བ་འདི་དག་ལ་ལན་ཞིག་ཡོད་མི་སྲིད་ནའང་ཐང་མོད། ང་ཐེ་བའི་ལུང་པ་འདིའི་མི་ཚང་མས་ཤེས་གསལ་ལྟར་ན། མཇུག་མཐར་ལུག་རྫིའི་བཟི་གཏམ་དེ་མངོན་འགྱུར་བྱུང་སོང་། འོན་ཏེ། ད་ལྟའི་བར་ལུག་རྫིས་ཁྱོད་ལ་དྲིས་པའི་དྲི་བ་ཞིག་ལ་ཁྱོད་ཀྱིས་ལན་བཏབ་མེད་དེ། ཁྱོད་གནས་ཡུལ་གསུམ་པ་ནས་ཕྱིར་ལོག་རྐྱེན་ནི་སུས་ཀྱང་གསལ་བོ་ཞིག་མི་ཤེས།


 “ཅི་རེད། ངའི་གདོང་ལ་མི་གཙང་བ་ཞིག་འབྱར་ཡོད་པ་མིན་ནམ། ང་འཆུག་མེད་ན་དེ་རིང་ཁྱོད་ཀྱིས་ངའི་གདོང་ཁོ་ནར་ལྟ་བཞིན་འདུག”


 ཁྱོད་ཀྱིས་ང་ལ་གློ་བུར་བའི་དྲི་བ་འདི་དྲིས་པས་ངས་ཇ་ཚ་འཐུང་བྱེད་རྒྱུའང་བསྐྱུར་ནས་ཁྱོད་ལ་ལན་ཞིག་ལྡོན་དགོས་ཐུག་སོང་མོད། ངས་ཐད་ཀར་དུ་ལན་མ་བཏབ།


 “ཁྱོད་ཀྱི་ཟ་འགྲམ་གྱི་ཁམ་ཐིགས་དེ་ཁྱོད་ཀྱི་ཁྱོ་ག་གསུམ་པར་འབྲེལ་བ་ཡོད་དམ།”ངས་ཁྱོད་ལ་དྲི་བ་འདི་འདྲ་ཞིག་དྲིས། འོ་མ་རེད། ནུབ་ཀྱི་ལུང་མདོའི་ལུག་རྫིས་ཁྱོད་ལ་དྲིས་པ་རེད། གང་ལྟར་ཡང་། ངས་ཁྱོད་ལ་དྲིས་པ་ལུག་རྫིས་ཀྱང་འདྲི་བཞིན་འདུག་ལ། ལུག་རྫིས་འདྲི་འདོད་པ་དོན་ལ་ངས་འདྲི་འདོད་པ་དེ་ཡིན་པ་འདྲ། ངས་དྲི་བ་འདི་འདྲི་སྐབས། མགོ་ཐོག་གི་སྤྲིན་ནག་དེ་ལས་ཁ་བ་ལྷབ་ལྷུབ་ཏུ་བབས་བྱུང་། ཁྱོད་ཀྱིས་དཀར་ཡོལ་འབྲུག་རིས་མའི་ནང་གི་འོ་ཇ་ཚ་འཐུང་ཞིག་བྱས་རྗེས།


 “ངའི་ཁྱོ་ག་གསུམ་པ་ནི་དེ་དུས་ཀྱི་མཚན་རོགས་ཟུར་པ་དེ་ཡིན་་་”མཚམས་འདིར་ཁྱོད་ཀྱིས་ཤུགས་རིང་ཞིག་འཐེན་ཞིང་། ཁ་ཤ་མུར་མུར་ཙམ་བྱས་རྗེས། “ཉིན་དེར་ཁ་བ་བྱིས་པའི་མཐེ་བོང་འདྲ་བ་རེ་ལྷབ་ལྷུབ་འབབ་བཞིན་ཡོད། ངའི་ཁྱོ་གས(མཚན་རོགས་ཟུར་པ)རླངས་འཁོར་ནག་པོ་དེར་ཁ་ལོ་བསྒྱུར་ནས་དམར་ལྡིང་ལ་བརྒྱུད་སྐབས། ལམ་འགྲམ་གྱི་རྟ་ཕོ་ནག་ནག་ཅིག་དང་གདོང་ཐུག་བརྒྱབས་ནས་་་་་་”ཁྱོད་ཀྱིས་མུ་མཐུད་ནས་བཤད་མ་ཕོད།


 “ཕྱིས་སུ་སྨན་ཁང་དུ་ཕྱིན་ཡང་སྐྱོབ་ཐབས་མ་བྱུང་་་་་་”


 ངས་ཁྱོད་ཀྱི་ཁྱོ་ག་གསུམ་པའང་དེ་ལྟར་བཞུད་པར་མཉན་རྗེས། ལུང་པ་འདིའི་མི་རྣམས་ཀྱིས་ཁྱོད་ལ་ཕྱིར་ལོག་མ་ཞེས་མིག་ནང་ལ་མ་བཞག་པ་ལྟ་བུའི་སྐད་ཆ་སྤྲོས་པར་ཅུང་རེ་ཐག་ཆད་སོང་།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1