ངའི་མིག་མཐའ་ནས་བཞུར་མ་ཐུབ་པའི་མིག་ཆུ་རྡོག་གཅིག

འབྲོང་ཕྲུག (མཚོ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 05-31


གཅིག


 ང་རང་ནང་ལོགས་ཀྱི་གྲོང་ཁྱེར་ཆུང་ཆུང་ཞིག་ལ་དབྱིན་ཡིག་སྦྱོང་དུ་སོང་ནས་ཟླ་གསུམ་འགོར། ཟླ་གསུམ་འགོར་བའི་རིང་ལ། ངས་དབྱིན་ཇིའི་དབྱངས་དང་གསལ་བཤད་སྦྱངས་ཚར་ཙམ་བྱས། ངས་རྒྱལ་སྤྱིའི་སྒྲ་རྟགས་ལ་བརྟེན་ནས་ཚིག་ཐུང་འགའ་རེ་ཀློག་ཐུབ་ཙམ་ཡོད། ངས་རང་དང་ན་ཚོད་མཉམ་པའི་བུ་མོ་བློ་འབབ་རེ་མཐོང་ཚེ་བརྩེ་དུང་མཚོན་བྱེད་ཀྱི་དབྱིན་སྐད་ཚིག་རྐང་གཅིག་རང་སེམས་སུ་འཆར་སྣང་བྱེད་ཐུབ་ཙམ་འདུག། ངས་དབྱིན་སྐད་ཀྱི་གློག་བརྙན་ལ་ཧ་དེ་འདྲ་མི་གོ་ནའང་རྒྱ་ཡིག་གི་འཁྲབ་ཚིག་ལ་བལྟས་ནས་ལྟ་མགོ་བརྩམས་ཙམ་ཡིན། དེ་ལྟར། ནང་ལོགས་ཀྱི་ཟླ་ངོ་གསུམ་ནི་ཕ་ཡུལ་གྱི་ཟླ་ངོ་གསུམ་ནང་བཞིན་ང་ལ་རིང་སྣང་མ་བྱུང་ལ་ཐུང་སྣང་ཡང་མ་བྱུང་། དེ་ནི་རྒྱུན་ལྡན་ཞིག་ཡིན་མོད་རྒྱུན་ལྡན་མིན་པ་ཞིག་ཏུ་འགྱུར་དོན་ནི་ཕ་ཡུལ་གྱི་བུ་མོ་ཞིག་ལ་འབྲེལ་བ་དམ་པོ་ཡོད། མི་ལོ་མང་པོ་འགོར་བའི་རྗེས་སུ་ངའི་རྩོམ་གྲོགས་ཡག་ཤོས་ཤིག་གིས་མངོན་སུམ་འཛེམ་མེད་ངང་མོ་ལ་དབུས་མོ་ཞེས་པའི་གཅེས་མིང་བློ་འབབ་ཅིག་བཏགས་མྱོང་།


 དེ་དུས། དབུས་མོ་ནི་སློབ་ཆེན་ལོ་རིམ་གཉིས་པ་ཡིན། དེ་དུས་ངེད་གཉིས་ཀྱི་སུ་ལའང་ལག་ཁྱེར་ཁ་པར་མེད། དེ་དུས་སྐད་འཕྲིན་ཀྱང་དར་མེད། སློབ་གྲྭའི་སྤྱི་ཤག་ཐོག་ཁང་གི་བརྩེགས་རིམ་དང་པོ་ན་སྤྱི་སྤྱོད་ཁ་པར་ཞིག་ཡོད། སྒོར་ཉི་ཤུའི་རིན་གྱིས་ཁ་པར་བཤད་གླའི་བྱང་བུ་ཞིག་ཉོས་ན་ཕལ་ཆེར་ཆུ་ཚོད་ལྔ་དྲུག་ཙམ་ལ་ཁ་པར་གཏོང་ཐུབ། དེ་ལ་ཆེད་དུ་ཚོད་ལྟ་བྱས་མ་མྱོང་ནའང་། དབུས་མོ་ངོ་ཤེས་རྗེས་སུ་ངས་ཁ་པར་བཤད་གླའི་བྱང་བུ་གཉིས་བཀོལ་ནས་ས་རུབ་པ་ནས་ནམ་ལངས་པའི་བར་ཁ་པར་གཏོང་ཐུབ་པ་བྱུང་། དེ་དུས་ང་ཚོ་ཉལ་གྲོགས་བརྒྱད་པོས་སྤྱི་གཞུང་དུ་མ་དངུལ་བསྡུས་ནས་ཉལ་ཁང་དུ་སྐུད་ཡོད་ཁ་པར་དང་འཚོ་བའི་མཁོ་ཆས་ཉོས་པ་ཡིན། རྗེས་སུ། རིམ་གྱིས་ལག་ཁྱེར་ཁ་པར་དར་ཞིང་སྤྱི་སྤྱོད་ཁ་པར་དེ་ནི་ངའི་ཆེད་སྤྱོད་ཁ་པར་ལྟ་བུ་ཞིག་ཏུ་གྱུར་ཡོད།


 དེ་དུས། ང་རང་སློབ་སྦྱོང་ལ་འགྲོ་སའི་གྲོང་ཁྱེར་དེ་རུ་དྲ་ཁང་ཟེར་བ་ཞིག་འདུག དེ་དུས་ཀྱི་དྲ་ཁང་དང་དེང་གི་དྲ་ཁང་མི་འདྲ་བར་དྲ་ལམ་དུ་ཞུགས་མཁན་མང་ཤོས་ནི་གློག་བརྙན་ལ་ལྟ་མཁན་རེད་ལ། དྲ་བའི་རྩེད་མོའི་རིགས་ཀྱང་ཐོག་མར་དར་མགོ་ཚུགས་པའི་དུས་ཤིག་ལ་ཁེལ་ཡོད། ང་དང་ངའི་སློབ་གྲོགས་ཞིག་དྲ་ཁང་དུ་ཐོག་མར་སོང་སྟེ་ཁྱེའུ་འཕྲིན་ཞེས་པའི་ཁ་བརྡ་བྱེད་སྤྱད་དེ་བཀོལ་ནས་ནམ་བསླངས་པ་ཡིན། ད་ལྟར་ཕྱིར་འདང་ཞིག་བརྒྱབ་ན། ངེད་གཉིས་ལ་ངེད་གཉིས་མ་གཏོགས་དྲ་གྲོགས་གཞན་སུ་དང་གང་ཡང་མེད་པས། ནམ་གང་བོར་གཡས་གཡོན་དུ་ཙོག་ནས་ཕན་ཚུན་ལ་ཁྱེའུ་འཕྲིན་བཀོལ་ནས་ཁ་བརྡ་ཅི་ཞིག་བྱས་པར་ཧ་གོ་གི་མི་འདུག ཡིན་ནའང་། དགོང་མོ་དེར་ངས་ཐོག་མར་ཁྱེའུ་འཕྲིན་བཀོལ་ཤེས་པ་དང་ཁྱེའ་འཕྲིན་ལས་ངོ་ཤེས་དང་མི་ཤེས་པའི་ཁ་བརྡ་བྱེད་རོགས་བཙལ་ཤེས་སོང་། ཡིན་ནའང་། དེ་དག་དབུས་མོ་དང་འབྲེལ་བ་ཆེར་མེད་པས་མུ་མཐུད་གླེང་བའི་དགོས་པ་ཆེར་མི་འདུག


 དགོང་མོ་ཞིག་ལ། ངའི་ཉལ་གྲོགས་ཤིག་ཆང་གིས་བཟི་སོང་། བརྩེ་དུང་གིས་རྨས་པའི་སེམས་པ་གཉོམ་པོ་དེས་ཁོག་དུག་མ་ཐེག་པར་ཆང་གིས་བཟི་སོང་། ངའི་ལག་གི་ཁ་པར་བཤད་གླའི་བྱང་བུ་གཅིག་བླངས་ནས་ཁ་པར་བཏང་སོང་། དེ་ནི་ཁོས་སྙིང་སྡུག་ཅེས་གླེང་གིན་པའི་ཟི་ལིང་གི་བུ་མོ་ཞིག་ཡིན། བུ་མོ་དེ་སློབ་ཆེན་ག་གེ་མོ་ཞིག་གི་ལོ་རིམ་གཉིས་པའི་སློབ་མ་ཡིན་ཟེར། སློབ་ཆེན་ལོ་རིམ་གཉིས་པའི་སློབ་མ་བུ་མོ་དེས་ཁ་པར་ལས་ཁ་བརྡ་མང་ཙམ་བྱས་མ་སོང་ནའང་། ངའི་ཉལ་གྲོགས་དེ་ཡིད་ཚིམ་པའི་ཚིག་ལན་ཞིག་བྱིན་ཡོད་ཚོད་འདུག ཁོས་སྣ་གླུ་ཡང་མོ་ཞིག་ལེན་ཞོར་ཝུ་ཆང་དམ་བེ་གང་གི་ཁ་ཕྱེས་ནས་ང་ལ་གཏད་བྱུང་། སྐབས་དེའི་ང་ལ་ཆང་འཐུང་ངར་བ་ཞིག་གི་ཚུགས་ཀ་ཅུང་ཡོད་པས། དབུགས་ཐེངས་གཅིག་གིས་ཕྱེད་ཀར་ཕབ་པ་ཡིན། ཁ་པར་ཕ་རོལ་བའི་བུ་མོ་དེའི་རོགས་ན་བུ་མོ་གཞན་འགའ་ཡོད་འདུག བུ་མོ་དེ་དག་གི་དགོད་སྒྲ་ཁ་པར་ལས་གསལ་བོར་ཐོས་ཡོང་། ཆང་ལ་བཀའ་དྲིན་ཞུ་དགོས་ས་མང་པོ་ཡོད་དེ། ཆང་གི་ངར་གྱིས་ངས་ངའི་ཉལ་རོགས་ཀྱི་སྙིང་སྡུག་དེ་ལ་མོའི་གམ་གྱི་དགོད་སྒྲ་ཆེས་དྭངས་པའི་བུ་མོ་དེ་ལ་ཁ་བརྡ་བྱེད་འདོད་ཚུལ་བཤད་པ་ཡིན།


 ད་ལྟ་ཕྱིར་འདང་རེ་བརྒྱབ་ན། སྐབས་དེར་ངས་ཁ་བརྡ་ཅི་ཞིག་བྱས་པ་དྲན་རྒྱུ་མི་འདུག་མོད། བྱང་བུ་གཅིག་ཚར་རགས་བར་དུ་ཁ་བརྡ་བྱས་པ་དྲན་སོས་ཀྱིན་འདུག རྗེས་སུ་ངའི་བློས་ཐུབ་ཀྱི་རྩོམ་གྲོགས་ཞིག་གིས་དགོད་སྒྲ་ཆེས་དྭངས་པའི་བུ་མོ་དེའི་མིང་ལ་དབུས་མོ་ཞེས་བཏགས་སོང་། མིང་དེ་དེ་ལྟར་སྙིང་ཉེ་ཞིང་བློར་འབབ་པ་ཞིག་བྱུང་སོང་།


 གཉིས།


 དབུས་མོ་ངོ་ཤེས་པ་དེ་ནི་དེ་ལྟར་སྟེས་དབང་གློ་བུར་བ་ཞིག་ཡིན། མི་ཚེ་ནི་དེ་ལྟར་ང་ཚོར་བསམ་བློའི་གྲ་སྒྲིག་ཅི་ཡང་མེད་པའི་བར་གསེང་དུ་གློ་བུར་དུ་ཚེ་སྲོག་དང་བརྩེ་དུང་དང་བྱ་གཞག་ལ་སོགས་པའི་རླུང་རྟ་རྒྱུག་རྐྱང་བྱེད་པས། རྗེས་ཀྱི་ངའི་མི་ལོ་མང་པོའི་རིང་གི་སྙན་ངག་དང་སྒྲུང་གཏམ་གྱི་བརྗོད་བྱར་གྱུར་པའི་བུ་མོ་དེ་ཆ་མེད་རྒྱུས་མེད་ནས་ཆ་ཡོད་རྒྱུས་ཡོད་དུ་གྱུར་ཞིང་། ངའི་ཉམས་སྣང་ལ། ཁ་ཕར་འཁོར་མདའ་དར་བསླངས་འདྲ། ཚུར་འཁོར་སྒྲོ་གུར་ཕུབ་འདྲ། ཕར་འགྲོ་གོམ་པ་རྟ་བརྒྱ་རི། ཚུར་ཡོང་གོམ་པ་མཛོ་བརྒྱ་རི། ཁྱོད་འདྲ་བའི་བུ་མོ་མཚར་མོ་ཞིག བོད་མ་བརྒྱའི་པང་ནས་འཁྲུངས་དོན་མེད། འཁྲུངས་ཀྱང་ཁྱོད་འདྲ་འོང་ལེ་མིན་ཟེར་བ་ལྟར། མོའི་གཡས་སྐྲ་གཡས་སུ་ཤད། གཡོན་སྐྲ་གཡོན་དུ་ཤད། གཡས་གཡོན་གྱི་སྐྲའི་ལམ་བུ་གོང་ཐོག་ལ། བྱུ་རུ་སྲིན་མོའི་ལག་མཐིལ། མཐིང་ནག་འཛམ་གླིང་གཡས་བཞག གཡུ་རྐྱང་ནམ་མཁའ་འོད་ལྡན། རྒྱབ་སྐྲ་མི་འཕར་གོང་གནོན་ལ། ནོར་བུ་དགའ་བ་གཡས་འཁྱིལ། སྤོས་ཤེལ་རི་མོ་དགུ་བསྐོར། གཙུག་ཏོག་བྱུ་རུ་འོད་འཕྲོ། ཐོད་ལོ་ནོར་བུ་དགའ་འཁྱིལ། གསེར་གྱི་གའུ་རི་མོ་དགུ་བསྐོར་ལ། ནང་རྟེན་སྒྲོལ་མ་དཀར་མོ། ཁྲ་བོ་གཟི་འབུར་དགུ་སྒྲིག། སྲམ་ཐུལ་སྨེ་བ་དགུ་བསྐོར། གོས་ལྭ་རིང་ལྭ་ཐུང་བཅོ་བརྒྱད། སྐ་རགས་འཇའ་ཚོན་དགུ་མདངས། སྐྲའི་ལམ་བུ་རེ་ལ་གཡུ་ཆུང་རེ། ལག་གདུབ་ལ་གསེར་གདུབ་དངུལ་གདུབ་ཆ་བྱས་ནས་གསོལ་ཞིང་། མ་གྲུབ་པ་མེད་པའི་ཚེ་ཡི་མདའ་དར་ཕྱག་ལ་བསྣམས་ནས། གནས་བདག་འདེམ་པའི་གླུ་ངག་འདི་དགུ་སེང་དྲུག་འགྱུར་གྱི་རྟ་ལ་དྲངས་ནས་བླངས་སོ། ། ཨ་ཅང་ཀུ་རེ་ཡིན་ཏེ། དེ་ནི་དབུས་མོ་མ་ཡིན་པར་འབྲུག་མོ་ཡིན་འདུག ངའི་ཉམས་སྣང་ལ་དབུས་མོ་དང་འབྲུག་མོ་ནོར་འདུག ངས་ནི་དེ་ལྟར་ངོ་འཕྲོད་མ་མྱོང་བའི་དབུས་མོ་བློར་འབབ་འབབ་ཙམ་བྱུང་། སེམས་ཤོར་ཤོར་ཙམ་བྱུང་། ཞེ་དུང་དུང་ཙམ་བྱུང་། འདང་ཆེ་ཆེ་ཙམ་བྱུང་། གོ་རིམ་དེ་འདྲ་ཞིག་བརྒྱུད་པའི་བར་གླགས་སུ་མི་ལོ་གཉིས་འགོར་སོང་། སྤྱིར་ན་མི་ལོ་གཉིས་ཧ་ཅང་ཐུང་ལ་ཧ་ཅང་རིང་བའང་འདྲ་མོད། ད་ལྟ་གློག་ཀླད་མདུན་དུ་ཙོག་ནས་ལག་པའི་སོར་མོ་ཕབ་གཞོང་དུ་རྟ་རྒོད་རྒྱུག་རྒྱུག་བྱེད་དུས་སུ། ཧ་ཅང་ཐུང་དྲག་ནས་མིག་རྡེབ་དབང་ཙམ་ཡང་བྱིན་མེད་པའི་ཚོར་བ་འདུག ཚོར་བ་ལ་ལ་ཞིག་དེ་ལྟར་རབ་རིབ་མག་མོག་ནས་ལྷན་ནེར་ལྷང་ངེར་གསལ་ཡོང་བས། ཁ་སང་གི་དོན་དག་དང་འདྲ་བའི་གཏམ་རྒྱུད་དེ་དག་བརྒྱུད་རིམ་ལྡན་པའི་ངང་དྲན་ཤིང་དུ་ཚེར་མར་སྐྱེས་སོང་།


 རྗེས་ཀྱི་ལོ་ཟླ་ནི་ཆུ་རུ་བཞུར་བའམ་རླུང་གིས་ཁུར་བ་གང་དང་ཅི་ཡིན་རུང་། ངའི་ཁེར་རྐྱང་གི་སེམས་སུ་ཆུ་ལྟ་བུའི་དྭངས་གཙང་གི་བརྩེ་དུང་ཅི་ཞིག་ཆུ་རུ་བཞུར་གྱིན་ཡོད། ངའི་ཁེར་རྐྱང་གིའི་སེམས་སུ་རླུང་ལྟ་བུའི་གཟུགས་མེད་ཀྱི་བརྩེ་དུང་ཅི་ཞིག་རླུང་གིས་རྒྱུ་བཞིན་ཡོད། དེ་ནས་བཟུང་། ངས་འཚོ་བ་འཚོ་བར་གོ་ཞིང་བརྩེ་དུང་བརྩེ་དུང་དུ་ཤེས། དེ་ནས་བཟུང་། ང་ལ་དྲན་གདུང་ཡོད་པར་གྱུར། རེ་སྒུག་ཡོད་པར་གྱུར། གལ་ཆེ་བོ་ནི་ངེད་གཉིས་ཀྱི་བརྩེ་དུང་ནི་དེ་ལྟར་ཁ་པར་ཞིག་ལས་མགོ་བརྩམས་ཤིང་འཕྲིན་ཡིག་མང་པོས་མཇུག་མཐུད་པ་ཡིན། ཡང་ན། ང་ལ་འཕྲིན་ཡིག་འབྲི་བའི་གོམས་གཤིས་དེ་ཡང་དེ་ལྟར་ཆགས་ནས། ད་ལྟ་ཁ་པར་དང་སྐད་འཕྲིན་དུའང་སྐད་ཆ་བཤད་པ་ལས་ཡི་གེ་འབྲི་རྒྱུར་དགའ་བ་ཞིག་ཆགས་འདུག བཟང་ངན་གང་ཡིན་རུང་། གོམས་གཤིས་ཡན་གར་བ་ཞིག་རང་གཤིས་སུ་གྲུབ་པ་འགྲིག་འདུག ངས་དེ་ལྟར་བསམ་གྱིན་ཡོད། མོའི་འཕྲིན་ཡིག་ནི་དུས་ཚོད་ལྟར་སླེབས་པ་ཞིག་མིན་ནའང་། ང་རང་མོའི་འཕྲིན་ཡིག་ལ་སྒུག་རྒྱུར་དགའ་བོ་ཡོད། སྐབས་དེར། ལྷ་ཕྲུག་ཅེས་འབོད་པའི་ལག་ཁྱེར་ཁ་པར་ཞིག་ཀྱང་དར་སྒང་ཡིན། ངའི་ཉལ་གྲོགས་ཀྱིས་ཁ་པར་དེ་འདྲ་ཞིག་ཉོས་བྱུང་ལ། དབུས་མོས་ཀྱང་ཁ་པར་དེ་འདྲ་བཟུང་འདུག་སྐད། ཡིན་ནའང་། ང་རང་སྔར་བཞིན་མོའི་འཕྲིན་ཡིག་ལ་སྒུག་རྒྱུར་དགའ་བོ་ཡོད། མོའི་འཕྲིན་ཡིག་ཏུ་བརྩེ་དུང་གི་ཚིག་འབྲུ་རེ་རེར་མྱུ་གུ་འབུས་ཤིང་ལོ་འདབ་རྒྱས་ཏེ་མེ་ཏོག་བཞད་པ་ལྟ་བུའི་ཡིད་འོང་གི་མཛེས་སྡུག་གི་མི་སེམས་སྒུལ་བ་ཞིག་མེད་ནའང་། ང་ནི་མོའི་འཕྲིན་ཡིག་ཡང་ཡང་ཀློག་པར་དགའ། བརྩེ་དུང་གིས་བཟི་བའི་མི་ནི་དེ་ལྟར་སུ་དང་གང་གིས་ཀྱང་བློས་དཔག་དཀའ་བ་ཞིག་ཡིན་དོན་ལའང་འགྲེལ་བཤད་ལྷག་མ་དགོས་དོན་མི་འདུག


 གསུམ།


 ངས་བཤད་མྱོང་། དབུས་མོ་ངོ་ཤེས་པ་དེ་ནི་ང་ལ་མཚོན་ན་དེ་འདྲའི་གོ་སྐབས་ཧ་ཅང་གློ་བུར་བ་ཞིག་སྟེ། ངའི་དྲན་པའི་མཚོ་ངོགས་སུ་ག་དུས་ཤིག་ལ་མོ་ལྟ་བུའི་བུ་མོ་གཤིས་འཇམ་ཞིག་རང་དགར་རྒྱུ་བའི་གྲུ་ཆུང་གི་ཚུལ་དུ་གཡོ་ཞིང་སྐྱོམ་པར་ཡེ་ནས་བསམ་མེད། ཡོད་ཚད་ལས་དབང་རེད་ཅེ་ན་ལས་དབང་ཡིན་ཀྱང་སྲིད་དེ། ཆར་བ་ཟམ་ཟིམ་འབབ་པའི་ས་སྲོད་ཅིག་ལ། ཆར་བ་མུ་མཐུད་དུ་ཟམ་ཟིམ་འབབ་ཀྱིན་ཡོད། ངའི་གཏམ་རྒྱུད་ཡོད་ཚད་ཆར་བ་ཟིམ་ཟིམ་འབབ་པའི་ས་སྲོད་ཅིག་ལ་འབྲེལ་བ་ཡོད་པ་འདྲ། ཉིན་འདི་ཚོར་ཆར་བ་ཉིན་རྒྱུན་བབས་པས་བརླན་ཞིང་བཤེར་བའི་མཐོང་ལམ་གྱི་ཁོར་ཡུག་ཧྲིལ་བོས་ང་ལ་སྨྲ་བསམ་བརྗོད་འདས་ཀྱི་སྐྱོ་སྣང་རབ་རིབ་ཅིག་བྱིན། ནམ་རྒྱུན་ཕྱི་རོལ་དུ་ཆར་བ་འབབ་དུས་སུ་ངས་ཅི་ཡང་བྱེད་མི་འདོད་ལ་ཅི་ཡང་བྱེད་མི་འདོད་པའི་ཚོར་བ་དེ་ཧ་ཅང་བཟོད་དཀའ་བར་འདུག་པས། ཝུ་ཆང་དམ་བེ་འགའ་བཟུང་ནས་དྲ་ཁང་དུ་ཉལ་བ་ཡིན།


 སྐབས་དེར། བོད་ཡིག་གི་དྲ་ཚིགས་ཐོག་མ་ཀྲུང་གོའི་བོད་ཀྱི་དྲ་བ་ཐོག་མར་ཤར་གཏོང་བྱས་སྒང་ཡིན་པ་དང་། གངས་ལྗོངས་གཞོན་ནུ་ཞེས་པའི་གླེང་སྟེགས་ཤིག་ཀྱང་ཤར་གཏོང་བྱས་སོང་། ཕལ་ཆེར་དུས་དེ་ག་ཙམ་ཞིག་ནས་ངས་བརྙན་ཕབ་ཁང་དང་ཆང་ཁང་། བྲོ་ཁང་སོགས་བློས་བཏང་ནས་དྲ་ཁང་ཁོ་ནར་ཉུལ་བའི་གོམས་གཤིས་ཞིག་ཆགས་སོང་། ངས་གངས་ལྗོངས་གཞོན་ནུ་ཞེས་པའི་གླེང་སྟེགས་སུ་ས་མིག་ཅིག་བླངས་ཤིང་། ཆང་དང་སྙན་ངག་གི་མཚན་མོ་ཞེས་པའི་མིང་ཐོག་ནས་ཟིན་བྲིས་སྤེལ་མགོ་བརྩམས་པ་ཡིན། རྗེས་སུ། རིམ་གྱིས་ བོད་ཀྱི་སྐད་ཡིག་དྲ་བ་དང་བོད་ཀྱི་སྐད་ཡིག་ཟིན་བྲིས། མཆོད་མེ་རྩོམ་རིག་དྲ་བ་དང་མཆོད་མེ་པོད་ཁུག མཚོ་སྔོན་པོ་དྲ་བ་དང་མཚོ་སྔོན་པོ་དྲ་བའི་ཟིན་བྲིས་སོགས་བོད་ཡིག་གི་དྲ་བ་དང་ཟིན་བྲིས། པོད་ཁུག གླེང་སྟེགས་སུ་མང་དུ་བྱུང་ནའང་། ངས་སྔར་བཞིན་དེ་དུས་ཀྱི་གངས་ལྗོངས་གཞོན་ནུ་གླེང་སྟེགས་བརྗེད་དཀའ་བར་འདུག གླེང་སྟེགས་དེ་རུ་ངས་བརྩེ་དུང་གི་ཡིག་འབྲུ་མང་དུ་སྤུངས་མྱོང་།


 “ཁམས་བདེའམ། རླུང་བུ་འཇམ་པོ་ཞིག་གིས་ཁུར་ཡོང་བའི་འཕྲིན་པ་འདིས་རི་ཆུ་ཁྲི་སྟོང་གི་བར་ཐག་བཅད་ནས་ཁྱོད་ཀྱི་གནག་སྣུམ་གྱི་སྐྲ་ལོ་རིང་བོ་དང་བརྩེ་ཞེན་གྱི་སེམས་པ་སྙི་མོར་གཡོ་འགུལ་གཏོང་སྲིད་དམ། དྲི་བ་འདི་ནི་ངའི་ཧམ་སེམས་ཀྱི་གཏིང་རུམ་དུ་སིམ་ནས་ཡུན་རིང་འགོར་དུས་ངེད་གཉིས་ངོ་ཤེས་ནས་ཟླ་ངོ་གཅིག་ཙམ་འགོར་ཟིན། ད་ལྟ། ཁ་པར་དུ་བཤད་ཟིན་པ་མཐའ་དག་ཡང་བསྐྱར་བཤད་དགོས་པ་འདྲ་ལ་བཤད་མ་སོང་བ་གང་ཞིག་མུ་མཐུད་དུ་གསང་དགོས་པ་གང་ཡིན་རུང་། འཕྲིན་ཡིག་འདི་ནི་ངའི་ནང་སེམས་ཀྱི་ཡང་སྙིང་བཞུས་པའི་དྭངས་གཙང་ལྷད་མེད་ཀྱི་གཙང་བོ་ཆུང་ཆུང་ཞིག་གམ། ཁེར་རྐྱང་གི་སྐྱེས་པ་ཞིག་གིས་ཞེ་སུན་དང་སྐྱོ་ངལ་གྱི་ཁ་གཏད་དུ་འགྲེངས་ནས་སྐྱུར་སིལ་སིལ་དུ་གྱེར་པའི་མཚན་གཞས་གཉོམ་པོ་ཞིག་ལས་མ་འདས་ན། ཁྱོད་ཀྱི་མཚན་གྱི་རྨི་ལམ་དང་རྨི་ལམ་གྱི་ཁ་དོག་ཡིན་སྲིད་པའི་ཚོན་མདོག་གི་གཏམ་རྒྱུད་ཅིག་ལ་དབུ་ཁྱུད་བྲིས་མི་ཆོག་པ་ཅི་ཡོད།”


 སྐད་ཆས་མཚོན་ཐབས་མེད་པའི་མིང་དང་ཚིག་ཏུ་མི་ཤོང་བའི་བརྩེ་དུང་གི་ཡིག་འབྲུ་དེ་དག་ཐོག་མར་གངས་ལྗོངས་གཞོན་ནུ་གླེང་སྟེགས་སུ་བཀོད་ཅིང་། དྲ་ཚིགས་དེའི་སྒོ་གཏན་པའི་རྗེས་སུ་ད་ལྟ་ད་དུང་ཡང་ངའི་མཚོ་སྔོན་པོ་རྩོམ་རིག་དྲ་བའི་ཟིན་བྲིས་སུ་ཉར་ཡོད། དྲང་མོར་བཤད་ན། བརྩེ་དུང་གི་སྐད་ཆ་ཐོག་མ་འདི་ནི་མདོ་མེད་ཀྱི་ལབ་བརྡོལ་ཞིག་ཡིན་ཀྱང་སྲིད་དེ། བཤད་དགོས་པ་ཅི་ཡང་བཤད་མེད་ཅིང་གླེང་འོས་པ་གང་ཡང་གླེང་མི་འདུག ལྷག་པར་དུ་ན་ཚོད་ཀྱིས་བྱིན་པའི་འདོད་བློ་དང་ཕོ་ཚོད་ཀྱིས་དྲན་པའི་རེ་བཞག་ད་དུང་མང་པོ་ཞིག་ལྷག་ཡོད་ཨང་།


 ངས་མཆོད་མེ་དྲ་བ་རུ་《ཁེར་རྐྱང་གི་མཚན་མོ་》ཞེས་པའི་སྙན་ངག་ཅིག་བྲིས་པར།


 “ཚེ་སྲོག་གི་མེ་ལྕེ་དམར་པོ།


 ཁྱེད་རང་དྲག་ཏུ་འབར་ན།


 ང་ལ། དགུན་ཁ་ཞིག་སླེབས་མི་སྲིད།”


 ཞེས་བྲིས་མྱོང་། ང་ལ་མཚོན་ན་ངོ་མ་དེ་འདྲ་ཞིག་སྟེ། བོད་ཀྱི་དྲ་བའི་རྩོམ་རིག་ཆེ་ཆེར་དར་སྒང་འདི་ལ་ངའི་བརྩེ་དུང་གི་ཡིག་འབྲུའི་ཚོགས་ཀྱང་མེ་ལྕེ་བཞིན་ལྷོག་ལྷོག་འཕྱོ་ཡོང་ཞེ་ན་ཁྱེད་རང་གཏན་དུ་རློམ་མི་སྲིད་ནའང་། ཕྱིར་དྲན་དུ་ཡིད་དུ་འོང་བའི་ལོ་ཟླ་དེ་དག་ནི་ལང་ཚོའི་དུས་ཀྱི་ཆེས་མཛེས་པའི་སྐད་ཅིག་མ་དེ་དག་རེད།


 བཞི།


 ང་རང་སློབ་སྦྱོང་ལ་འགྲོ་སའི་གྲོང་ཁྱེར་དེ་ནི་ནང་ལོགས་ཀྱི་གྲོང་ཁྱེར་ཆུང་ཆུང་ཞིག་ཡིན་པས། ཟི་ལིང་ལ་བསྡུར་ན་ཆུང་ཙམ་དང་ཆབ་ཆར་བསྡུར་ན་ཆེ་ཙམ་ཞིག་སྟེ། དེ་འདྲའི་ནང་ལོགས་ཀྱི་གྲོང་ཁྱེར་ཆུང་ཆུང་ཞིག་ནས་མི་ལོ་གསུམ་གྱི་དགའ་སྡུག་གི་རི་མོ་འབྲི་ས་གཙོ་བོ་ནི་སློབ་ཁང་དང་ཉལ་ཁང་དང་ཟ་ཁང་དང་དཔེ་ཁང་དག་ཡིན་པ་སྨྲོས་མ་དགོས་མོད། སྐབས་ལན་རེར། གཟའ་མཇུག་གི་དུས་ཚོད་སྤྱད་དེ་ཉི་མ་གཏོང་ས་སྐྱིད་པོ་རེ་གཉིས་ཡོད་པ་དག་ལས། བཏུང་བྱ་གྲང་མོ་འཐུང་སའི་KTVཞེས་པ་དེ་དང་བྲོ་ཁང་། བརྙན་ཕབ་ཁང་བཅས་ནི་མི་གླེང་ཐུ་མེད་དུ་ཡོད་དེ། ང་ནི་བྲོ་ཁང་ལ་སོང་ཐེངས་ཉུང་ཞིང་སོང་ཐེངས་རེ་རེར་ཡང་སློབ་གྲོགས་ཚོས་གསར་རྟགས་བཏོད་དེ་གཞན་ལ་འཁོར་རེས་རྡུང་རེས་ཀྱིས་ཀླན་ཀ་བཙལ་ནས་གྲོལ་འགྲོ་བས། དེ་ལ་དེ་འདྲ་དགའ་བོ་བྱུང་མ་སོང་་ལ། བརྙན་ཕབ་ཁང་ལའང་དེ་འདྲ་ལོབས་མ་སོང་། གྲོང་ཁྱེར་དེའི་བརྙན་ཕབ་ཁང་མང་ཤོས་ནི་སློབ་གྲྭ་དང་བཟོ་གྲྭ་སོགས་ཀྱི་ཉེ་འགྲམ་དུ་ཡོད་ཅིང་། ཁང་མིག་ཆུང་ངུ་རེའི་སྨད་དུ་བརྙན་འཕྲིན་དང་བརྙན་ཕབ་སྟོན་ཆས། སྒྲ་སྒམ་སོགས་ཁ་ཚང་དུ་བཞག་ཅིང་། སྟོད་དུ་མི་གཉིས་ཤོང་ཙམ་གྱི་མལ་ཁྲི་གཅིག་ལས་རྐུབ་སྟེགས་དང་ཅོག་ཙེ་ཅི་དང་གང་ཡང་མེད། དེ་ཙམ་གྱིས་བརྙན་ཕབ་ཁང་དེའི་ཡང་སྙིང་དང་དམིགས་ཡུལ་མི་ཤེས་པ་ག་ལ་ཡོད། སྐབས་ཤིག་ལ། སློབ་གྲོགས་ཤིག་གིས་གསང་བ་ཆེན་པོ་ཞིག་བརྟོལ་བ་ནི་ཁང་མིག་དེ་དག་གི་བར་གྱང་ནི་རྒྱུ་ཤོག་བུས་གྲུབ་པའི་ཤིང་ལེབ་སྲབ་མོ་རེ་ཡིན་པ་དང་། ཤིང་ལེབ་དེ་དག་ལ་བུ་ག་བརྟོལ་སླ་བ་དེ་རེད། དེ་བས། ང་ཚོས་བརྙན་ཕབ་ཁང་གི་བར་གྱང་གི་བུ་ག་དག་ལས་བརྙན་ཕབ་གཞན་ཞིག་ལ་ལྟ་ཐུབ་སོང་མོད། ང་ནི་ལས་དེ་རིགས་ལ་དགའ་བོ་མེད་པས་ལྟད་མོ་དེ་དག་ཀྱང་མང་དུ་མཐོང་སྐལ་མ་བྱུང་།


 དུས་ནམ་ཞིག་ནས་བཟུང་ཡིན་པ་མི་དྲན་མོད། སྐབས་ཤིག་ནས་བཟུང་། ང་རང་བཏུང་བྱ་གྲང་མོ་འཐུང་སའི་KTVཞེས་པ་དེ་ལ་ལོབས་སོང་། དེ་ལའང་རྒྱུ་རྐྱེན་གཞན་ཞིག་ཡོད་དེ། རྒྱུ་རྐྱེན་དེ་ཡང་དབུས་མོ་དང་འབྲེལ་བ་ཡོད་པ་འདྲ་ལ་མེད་པའང་འདྲ་མོད། གང་ལྟར། ལོ་ཟླ་ཚེས་གྲངས་ཡིད་ལ་གསལ་བོར་མི་ངེས་པའི་ཉིན་ཞིག་ལ། ང་དང་སློབ་གྲོགས་འགས་གཟའ་ཉི་མའི་ཉི་མ་མ་ཐོངས་པར་རྒྱ་སྲང་ཉུལ་བ་ཡིན། ང་ནི་རྒྱ་སྲང་ཉུལ་རྒྱུའི་གོམས་གཤིས་དེ་ཡང་ལོབས་ཡག་ཅིག་མིན་པས། ལུས་སེམས་ཉིས་ཆ་ནས་ཉོབ་ཅིང་སྒྱིད་ལུག་ཏུ་གྱུར་ནས་གང་ལའང་འགྲོ་མི་འདོད་པར་གྱུར་པ་ན། སློབ་གྲོགས་བུ་མོ་ཞིག་གིས་སྲང་མཐའི་ཆང་ཁང་ལམ་ཞེས་པ་དེ་ན་ངལ་གསོ་ས་ཡག་པོ་ཞིག་ཡོད་ཟེར། དེ་ནས་ཝུ་ཆང་དལ་འཐུང་གིས་གླུ་དབྱངས་བླངས་ཆོག་ཟེར། མི་སེམས་ཀྱི་སྐྱོ་ངལ་དང་ངལ་དུབ་སེལ་བ་སྨན་པའི་གནས་མཆོག་འདི་ལྟ་བུ་ཞིག་ལ་རེ་ཞིང་སྒུག་པའི་ང་ལ་མཚོན་ན་དགའ་བའི་སྟེང་ལ་དགའ་བ་བརྩེགས་སོང་། སྐབས་དེ་དག་ཏུ་ང་རང་བརྩེ་དུང་གི་བཟི་ཁས་བདེ་སྐྱིད་ཀྱི་སེམས་ཁ་སྙོར་ནས་ཡོད་པས་ན། ཝུ་ཆང་རྔམ་འཐུང་གི་དགོས་པ་མེད་ལ། སེམས་ངལ་གླུ་རུ་འགུག་པའི་སྐད་ངག་ཀྱང་མེད་མོད། དམིགས་མེད་ངང་རྒྱ་སྲང་ཉུལ་བ་ལས་དམིགས་མེད་ངང་ངལ་གསོ་བྱས་མི་ཆོག་པ་ཅི་ཡོད། དུས་དེ་ག་ཙམ་ནས་ང་རང་ཆངཁང་ཇ་ཁང་དུ་བསྡད་ནས་ཁེར་རྐྱང་གི་སྐྱོ་ངལ་དང་ཁུ་སིམ་གྱི་སྨྲེང་སུན་སེལ་བར་གོམས་སོང་བ་འདྲ།


 ད་ལྟ་ད་དུང་ཡང་ཧ་ཅང་ཁོམ་དྲགས་ནས་སྙན་ངག་ཀྱང་འབྲི་རྒྱུ་མི་རྙེད་དུས། ང་རང་ཇ་ཁང་དཔེ་ཁང་ཉུལ་ནས་ཇ་ཆང་རང་མོས་སུ་མྱོང་རྒྱུར་དགའ་བོ་ཡོད། སྐབས་དེ་དག་ཏུ། ངས་སྔོན་ཆད་བྲིས་པའི་སྙན་ངག་ལྟ་བུ་དེ་དག་བཀླགས་པའི་གོམས་གཤིས་ཤིག་ཀྱང་ཆགས་ཡོད། གོམས་གཤིས་དེའི་དབང་གིས། དེ་རིང་ཡང་མང་རྫོང་གི་གཟའ་ཉི་མ་ཞེས་པའི་དཔེ་ཤག་འདི་རུ་མགྲོན་པོ་ཧ་ཅང་མང་ནའང་། ང་གཅིག་པུ་ཁང་མིག་ཅིག་ཏུ་འཛུལ་ནས་ཝུ་ཆང་འཐུང་གིན་ཡོད། 《ཆང་དང་སྙན་ངག་གི་མཚན་མོ་》ཞེས་པའི་སྙན་དེབ་ཅིག་ཀློག་གིན་ཡོད། ཡིག་འབྲུའི་གསེང་གི་དབུས་མོ་ཀྱང་དེ་ལྟ་དེ་ལྟར་ངའི་དྲན་ངོགས་སུ་ག་ལེར་གསལ་ཡོང་། མོས་དལ་རྒྱུ་མེད་ལ་བྲེལ་རྒྱུའང་མེད་པའི་གོམ་པ་དེས་ངའི་བསམ་གཞིག་དཀྲོག་པར་དོགས་པ་ནང་བཞིན། མོའི་མིག་ཟུང་ལ་མོ་ཁོ་ནར་མཛའ་བའི་པྲ་ཆལ་གྱི་འོད་གོར་ཆུང་ཆུང་ཞིག་འཛུམ་ཡོད། སེམས་ཀྱི་སྒེའུ་ཁུང་དེ་ལས་མོའི་བསམ་བློ་དང་བརྩེ་དུང་ལ་མངོན་སུམ་འཛེམ་མེད་དུ་དཔུང་འཇུག་བྱེད་པའི་སྤོབས་པ་མེད་ནའང་། ང་ནི་དེ་ལྟ་དེ་ལྟར་མོའི་ཉམས་སྣང་ཁྱད་པར་བ་དྲན་རྒྱུར་དགའ་བོ་ཡོད།


 ལྔ།


 ངའི་ཚོད་དཔག་ཁྲོད་ཀྱི་དབུས་མོ་ནི་ངའི་སྙན་ངག་ཁྲོད་ཀྱི་དབུས་མོ་ནང་བཞིན་དགའ་སླ་ལ་ངུ་ཡང་སྐྱེན་པ་ཞིག་ཡིན། ངའི་ཚོད་དཔག་ཁྲོད་ཀྱི་དབུས་མོ་ནི་ངའི་སྒྲུང་གཏམ་ནང་གི་དབུས་མོ་ནང་བཞིན་ལྷུན་ཆགས་ཞིག་ཡིན། ངས་ཚོད་དཔག་ཁྲོད་དུ་རྨི་ལམ་ནང་གི་དབུས་མོ་ཞིག་བཞེངས་སྐྲུན་བྱས་པ་ལན་སོང་། བར་སྐབས་ཤིག་ལ། ང་རང་ངའི་རྨི་ལམ་ནང་གི་དབུས་མོར་ཐུག་འཕྲད་བྱེད་པའི་སྤོབས་པ་མེད་པར་གྱུར་སོང་། ངས་རྨི་ལམ་དུ་མོས་འཐེན་འཐེན་སྐོར་སྐོར། འཛུམ་འཛུམ་རེག་རེག འཇུ་འཇུ་རིལ་རིལ། གཉའ་ཞ་ཞ། སྐེད་པ་སྒུར་སྒུར། སྒྱིད་པ་གུག་གུག ཡ་ཐོད་སྲབ་སྲབ། སྣ་ཕུར་ཕུར། ཁ་འཇའ་འཇའ། ཟུར་མིག་ཁྱུག་ཁྱུག་བྱེད་པ། དཔེར་ན། ང་ལ་ཁྱི་བདག་པོ་ལ་འཕྲད་པ་ལྟ་བུའི་དགའ་བའི་རྣམ་འགྱུར་ཚད་མེད་པ་ཞིག་སྟོན་གྱིན་པའི་ངང་ཚུལ་དེ་རྨིས་མྱོང་། ཨ་ཙི། དེ་ཡང་དབུས་མོ་མ་ཡིན་པར་འབྲུག་མོ་ཡིན་འདུག བར་སྐབས་ཤིག་ལ། ང་རང་དེ་ལྟར་ངའི་རྨི་ལམ་ནང་གི་དབུས་མོར་ཐུག་འཕྲད་བྱེད་པའི་སྤོབས་པ་མེད་པར་གྱུར་སོང་།


 ལོ་ཟླ་མང་པོ་ཞིག་འགོར་སོང་། དངོས་གནས། ལོ་ཟླའི་འཁོར་ཐག་གིས་དྲུད་སོང་བའི་འདས་དོན་གྱི་ཁུར་བོ་རེ་རེ་དེ་ལྟར་དྲན་ཤིང་དུ་ལྕི་ལ། མི་ཚེའི་གཙང་གཞུང་དུ་འཐིམ་སོང་བའི་དྲན་ཤིང་མང་པོ་དེ་ལྟར་ཕྱིར་དྲན་ལ་འཁོར་ཡོང་དུས། ང་ནི་དབུས་མོ་ཞེས་པའི་བུ་མོ་ཞིག་གི་ཁ་གཏད་དུ་འགྲེང་ནས་སྐད་ཆ་ཚིག་གཅིག་ཀྱང་བཤད་མ་ཐུབ་པའི་ཟི་ལིང་གི་མཚན་མོ་ཞིག་དྲན་རྒྱུར་ལོབས་སོང་། ཟི་ལིང་གི་མཚན་མོ་དེར་ཆར་བ་ཆུང་ཆུང་ཞིག་འབབ་ཀྱིན་ཡོད། ཆར་བ་ཆུང་ཆུང་དེ་ཡང་འཁྱག་སིབ་སིབ་ཏུ་ངའི་བརྩེ་དུང་གི་མེ་ལྕེ་ལ་གཡོ་སྐྱོམ་གཏོང་། ལོ་ཟླ་མང་པོ་མང་པོ་ཞིག་གི་ཡར་སྔོན་གྱི་མཚན་མོ་དེ་ལ། ང་རང་དེ་ལྟར་ཆེས་ཐོག་མར་དབུས་མོ་ཞེས་པའི་བུ་མོ་དེ་ལ་ངོ་ཐུག་སོང་། ཟི་ལིང་གི་བཞི་མདོའི་ཟམ་ཆེན་ཞེས་པ་དེ་ལས་ངས་མི་ཚོགས་ཀྱི་འདུ་འགོད་དང་རླངས་འཁོར་གྱི་འཁོར་རྒྱུག་ལ་དོ་སྣང་མ་བྱུང་བར་དབུས་མོ་ཞེས་པའི་བུ་མོ་ཞིག་དྲན་གྱིན་ཡོད། ཁོ་མོས་ལྷ་ཕྲུག་ཏུ་འབོད་པའི་ལག་ཁྱེར་ཁ་པར་ཞིག་སྟོད་ལྭའི་ཕུ་ཐུང་དུ་བཅུག་ནས་ང་རང་བསུ་མར་ཡོང་གིན་ཡོད། ངོ་མ་ཐུག་པའི་བུ་མོ་དེ་དེ་ནས་བཟུང་ངའི་མི་ཚེ་གཅིག་གི་དྲན་ཤིང་དུ་འགྱུར་སྲིད་པའི་སྔོན་དཔག་ཀྱང་སྐབས་དེར་གྲུབ་པ་ཡིན།


 དུས་ཚོད་དེ་སྔུན་ལ་ཆུ་ཚོད་གཉིས་ཙམ་ལ་བསྣུར་ཚེ། ཟི་ལིང་གི་ཕྱི་དྲོའི་ཆུ་ཚོད་ལྔ་དང་ཕྱེད་ཀ་ཡིན། ཕྱི་དྲོའི་དུས་ཚོད་ལྔ་དང་ཕྱེད་ཀའི་སྟེང་དུ་དབུས་མོ་སྡོད་སའི་སློབ་ཆེན་དེའི་སློབ་རའི་རྒྱང་སྒྲོག་གཏོང་བའི་དུས་ཚོད་ལ་ཐོན་ཡོད། དབུས་མོ་ནི་སློབ་རའི་རྒྱང་སྒྲོག་ཁང་གི་མདོ་འཛིན་པ་ཡིན་འདུག མོའི་སྐད་ངག་ནི་དེ་ལྟར་ཆུ་བཞིན་དྭངས་ཤིང་རླུང་ལྟར་ཡང་པ་ཞིག་སྟེ། དཔེར་འཇོག་འདི་ཡང་སེམས་ལ་འབབ་པ་ཞིག་མིན་ནའང་། ངས་ཐ་སྙད་ཀྱི་སྒྲོམ་བུའི་ནང་ནས་དཔེར་འོས་པའི་ཐ་སྙད་གཞན་ཞིག་རྙེད་པ་མི་འདུག མོས་རྒྱང་སྒྲོག་ལས་ཐག་རིང་ནས་ཉིན་མཚན་གཉིས་ཀྱི་ལམ་ཐག་བརྒྱུད་དེ་སླེབས་པའི་གྲོགས་པོ་ཞིག་ལ་སེམས་དང་བསམ་པ་མཚོན་བྱེད་ཀྱི་གླུ་གཞས་ཞིག་ཕུལ་ཡོད་ཟེར། གྲོགས་པོ་དེས་ད་ལྟ་རྒྱང་སྒྲོག་ལ་ཉན་ཡོད་པའི་རེ་བ་ཆེ་ཟེར། སྨོན་ལམ་ཡོད་ཟེར། ཏག་ཏག་སྐབས་དེར། ང་རང་སློབ་ཆེན་དེའི་ཕྱི་སྒོའི་རླངས་འཁོར་འབབ་ཚིགས་སུ་ཡོད། ཕྱི་རོལ་ན་ཆར་བ་ཟམ་ཟིམ་ཞིག་འབབ་ཀྱིན་ཡོད། ཆར་བ་ཟམ་ཟིམ་དེ་དབུས་མོའི་སྐད་ངག་བཞིན་ཐོགས་རེག་མེད་པར་ངའི་སེམས་སུ་བཞུར་གྱིན་ཡོད། ང་ནི་དེ་ལྟར་སེམས་འགུལ་ཐེབས་སླ་བའི་ན་ཚོད་དུ་ཡོད་པས་ཅི། བརྩེ་དུང་ཡིན་ནམ་ཅི་ཡིན་མི་ཤེས་པའི་ཚ་རླབས་གང་ཞིག་གིས་དམ་དུ་བསྡམས་ནས་མི་གཏོང་།


 དྲུག


 ལོ་མང་པོ་འགོར་བའི་རྗེས་སུ་དེ་རིང་ཡང་ངས་ཟི་ལིང་གི་མཚན་མོ་དེ་དྲན་ཡོང་། ཆར་བ་ཟམ་ཟིམ་འབབ་པའི་མཚན་མོ་དེ་དྲན་ཡོང་། ཁང་མིག་གཅིག་ཏུ་ཉལ་ཁྲི་གཉིས། ཉལ་ཁྲི་གཉིས་ཀྱི་བར་དུ་དྭངས་གཙང་གི་ཁ་དབུགས་ལས་ཅི་ཡང་མེད། བར་ཐག་དེ་ག་ཙམ་བརྟོལ་ཐུབ་མིན་ནི་གཏམ་རྒྱུད་ཡོད་ཚད་ཀྱི་མཇུག་བྱང་ཡིན་ལ་དབུ་ཁྱུད་ཀྱང་ཡིན་དགོས།


 ཀྭ་ཡེ། ངའི་མིག་མཐའ་ནས་བཞུར་མ་ཐུབ་པའི་མིག་ཆུ་རྡོག་པོ་དེའི་བདག་པོའི་མིང་ལ་དབུས་མོ་ཟེར།


རྩོམ་ཡིག་སྔོན་མ།
ཕྱིར་ལོག་པའི་མི།

དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1