གཅིག ཐོག་མའི་དུས་སུ་བཏུལ་ཐང་གོང་མའི་ཆ་ཤས་ཤིག་ཡིན་པ།
ད་ལྟའི་ཧོད་ཁ①ས་ཆ་འདི་ཐོག་མའི་དུས་སུ་བཏུལ་ཐང་ཟེར་བའི་ཁོངས་སུ་གཏོགས་པར་འདོད་དེ། སྔོན་གྱི་དུས་ན་བཏུལ་ཐང་ཟེར་བ་འདི་ལ་གོང་འོག་བར་གསུམ་ཡོད་ཅིང་། ད་ལྟའི་གུང་ཧོ་རྫོང་གི་ཆོས་རྗེ་ཐང་དང་བཏུལ་ཐང་། ཞིན་ཧེ་རྫོང་གི་ད་ལྟའི་ཧོད་ཁ་ས་ཆ་སོགས་འདུས་པའི་ཡུལ་གྲུ་རྒྱ་ཆེན་པོ་ཞིག་ལ་གོ་བ་ཡིན་པར་སྙམ། དེ་ཡང་བཏུལ་ཐང་ཟེར་བ་ནི་དུས་རབས་བདུན་པའི་སྨད་ཙམ་ལ་མགར་ཁྲི་འབྲིང་གིས་ཐང་དམག་བཏུལ་བའི་ཐང་ཡིན་པས་དེ་ལྟར་དུ་གྲགས་པར་བཞེད་ལ།② རྒྱའི་ལོ་རྒྱུས་སུ་ཡོད་པའི་ཏ་ཧྥེ་ཁྲོན་ཡང་མཁས་པ་ཁ་ཅིག་གིས་གནས་འདིར་ངོས་འཛིན་པ་དེའང་བདེན་པར་སེམས་ཏེ། རྒྱུ་མཚན་ནི་དེང་སྐབས་ཏ་ཧྥེ་ཁྲོན་ལ་ངོས་འཛིན་གསུམ་ཡོད་པའི་ནང་ཧང་གཞུང་ཆུ་བོའི་འགྲམ་ངོགས་སུ་ཡོད་པའི་ཆུ་འགག་དེ་མ་གཏོགས་གཞན་པའི་ཡུལ་གཉིས་ནི་དོན་དུ་སྔོན་གྱི་བཏུལ་ཐང་གི་ཁྱབ་ཁོངས་སུ་གཏོགས་ལ། དེར་མ་ཟད་བཏུལ་ཐང་ཞེས་པའི་མིང་དེ་ཡང་ས་ཕྱོགས་འདིར་དངོས་སུ་ཡོད་པ་སོགས་ཕྱོགས་དུ་མའི་སྒྲུབ་བྱེད་མཆིས་སོ། །ས་འདིའི་ངག་རྒྱུན་ཞིག་ལ་བཏུལ་ཐང་ནི་སློབ་དཔོན་པདྨས་བྱིན་གྱིས་བརླབས་པའི་གནས་དང་དཔལ་ལྡན་ལྷ་མོས་འདྲེ་སྲིན་བཏུལ་བ་ལ་སོགས་པའི་གཏམ་རྒྱུད་ངོ་མཚར་ཅན་བརྗོད་རྒྱུ་ཡོད་ཀྱང་ཐུན་མོང་གི་ལུགས་ལ་དེ་འདྲའི་འོས་མེད་ལ། ངག་རྒྱུན་གཞན་འདྲར་ཡང་སྔོན་གྱི་དུས་སུ་དཔའ་བོ་སྟོབས་ཅན་ཆེ་གེ་མོས་འབྲོང་བཏུལ་བའི་ཐང་ཡིན་པ་སོགས་སུ་སྨྲ་ཡང་། དེ་ནི་བཏུལ་ཐང་གི་ཕྱོགས་གཅིག་ལ་ཁྱབ་ཀྱང་བཏུལ་ཐང་གི་གོང་ཞོལ་བར་གསུམ་ལ་ནི་མི་ཁྱབ་པར་སྙམ། ད་ལྟའི་ཧོད་ཁ་རུ་འབོད་པ་འདི་ཡང་སྔོན་གྱི་དུས་ན་བཏུལ་ཐང་གོང་མའི་ཆ་ཤས་སུ་གཏོགས་ལ། རིམ་བཞིན་མི་སྡེ་ཚོ་བ་སོགས་གནས་བཅས་པས་བཏུལ་ཐང་ལས་ལོགས་སུ་བཀར་བའི་རྣམ་པ་འདི་ཆགས་ཤིང་། ཕྱིས་སུ་སོག་པོའི་དཔུང་གིས་ས་ཆ་འདི་ལ་ཐོག་མར་དབང་བསྒྱུར་སྐབས་སོག་སྐད་དང་སོག་སྐད་དུ་ཟུར་ཆག་པའི་ས་མིང་ཡང་མང་པོ་ཞིག་བྱུང་། དཔེར་ན། ཏུའུ་ཐེ་ཟེར་བའི་ད་ལྟ་ཨ་ཚོགས་གོང་མར་འབོད་པའི་ས་ཆ་འདིའི་མིང་ཡང་བཏུལ་ཐང་སྟོད་མའི་མིང་ལས་སོག་སྐད་དུ་ཟུར་ཆག་པ་ཞིག་ཡིན་པར་སྙམ་སྟེ། དེ་དུས་ཀྱི་བཏུལ་ཐང་གོང་ཞོལ་བར་གསུམ་ནི་ད་ལྟའི་ཧོད་ཁའི་རི་རྒྱུད་ནས་ཆབ་ཆུའི་ལུང་གཤོང་གི་བར་དུ་གནས་པའི་ཡུལ་གྲུ་རྒྱ་ཆེ་བ་ཞིག་སྟེ། སྔོན་གྱི་དུས་སུ་ས་མཚམས་ནི་རི་རྒྱུད་དང་ཆུ་ཡིས་གཅོད་པ་ཡིན་ལ། ཐང་གཞོང་དེ་གཉིས་ཀྱི་བར་དུ་གནས་པའི་ཡུལ་གྲུ་རྒྱ་ཆེན་པོ་དེ་ལ་བཏུལ་ཐང་ཞེས་སྤྱི་མིང་དུ་འབོད་པ་ཡིན་པས། སྐབས་དེ་དུས་སུ་ཧོད་ཁ་ཞེས་པའི་མིང་ཞིག་ལོགས་སུ་མེད་པར་བཏུལ་ཐང་གོང་མའམ་བཏུལ་ཐང་ཞེས་སྤྱི་མིང་དུ་འབོད་པའི་ཁྱབ་ཁོངས་སུ་འདུ་བར་སེམས།
གཉིས། བར་དུ་ཧོད་ཁ་དང་དཔལ་ཁའི་མིང་གཉིས་ཇི་ལྟར་བཏགས་པ།
དེ་ཡང་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་པའི་སྐབས་སུ་སོག་པོའི་དམག་གི་དཔུང་སྡེ་དུ་མ་ཞིག་གནས་འདིར་གཞིས་སྡོད་བྱས་པའི་རྐྱེན་གྱིས་ད་ལྟའི་ཆར་ཧོད་ཁའི་ས་ཆ་འདི་ལ་སོག་སྐད་དུ་འབོད་པའི་ས་མིང་དུ་མ་ཞིག་བྱུང་ཡོད་དེ། དཔེར་ན་སན་སེ་བེ། ཧོད་ཁ། ཁི་ཐིལ། ཧོ་ཐུང་། ཡུ་ལོ་ཤ་གདའ། བཱ་ཡན་སོགས་ལྟ་བུ་རེད།③ དེ་ཡང་ས་འདིར་སོག་པོ་མ་སླེབས་པའི་སྔོན་ཧོད་ཁའི་ས་ཆ་འདིར་ཨ་རིག་པ་བསྡད་མྱོང་བ་འདྲ་སྟེ། དེང་སྐབས་ས་ཕྱོགས་དེ་ན་ཨ་རིག་རྒད་པོའི་གཏམ་རྒྱུད་དང་རི་དེའི་ཕར་ནང་ཚུར་ནང་ན་ཨ་རིག་གི་རྗེས་ཤུལ་མང་དུ་མཐོང་རྒྱུ་འདུག་པས་ཀྱང་ཤེས་ནུས། དེ་ཡང་ཡིན་པར་སེམས་ཏེ། སྔོན་ཆད་ཨ་རིག་པ་རྣམས་ཧང་ངེའི་སྟོད་སྨད་བར་གསུམ་དུ་གནས་ལ། མདོ་སྨད་ཆོས་འབྱུང་དུའང་། རྨ་ཆུའི་ནུབ་ངོས་ཨ་རིག་གི་ས་ཧང་ངེ་གཞུང་འབྱུང་ལ།④ དེར་མ་ཟད། ཨ་རིག་པ་རྣམས་ཀྱིས་ད་ལྟའི་ཧོད་ཁའི་ས་ཆའི་ཨ་ཚོགས་ཞེས་པའི་ཚོ་བ་འདི་ཡང་ཕྱིས་ཨ་རིག་གི་རུ་སྡེ་ཐོར་བའི་རྗེས་སུ་དུད་ཁྱིམ་སྐོར་ཞིག་སླར་ཡང་གནས་འདིར་ཚོགས་པ་ལས་བྱུང་བའི་རུ་མིང་ཞིག་ཡིན་པར་བཞེད་མཁན་ཡང་ཡོད།⑤ དེས་ན་ད་ལྟའི་དཔལ་ཁ་ཞེས་པའི་ས་མིང་འདི་ཡང་རྣམ་པ་གཅིག་ཏུ་ན་དུས་སྐབས་འདི་དག་གི་སྐབས་སུ་བྱུང་ཟེར་ན། ཨ་རིག་གི་ལོ་རྒྱུས་སོགས་སུ་དེ་འདྲའི་སྒྲོས་ཙམ་ཡང་མི་འདུག་པས་ཕལ་ཆེར་མི་བདེན་པར་སྙམ། ཕྱིས་སུ་དུས་རབས་བཅུ་བདུན་པ་དང་བཅོ་བརྒྱད་ཡས་མས་ཤིག་ལ་ཧང་ངེའི་ཕྱོགས་ཀྱི་ཨ་རིག་པ་རྣམས་སོག་པོའི་དབང་འོག་ཏུ་བསྡུས་པས།⑥ ཨ་རིག་འབངས་དང་སོག་པོ་དཔོན་གྱི་ཚུལ་དུ་བསྡད་པས་ས་མིང་ལ་ལ་ཞིག་སོག་མིང་དུ་ཟུར་ཆག་པ་དཔེར་ན་ཏུལ་ཐེ་ལྟ་བུས་མཚོན། རི་ལུང་ཐང་གསུམ་གྱི་མིང་ཡང་སོག་སྐད་དུ་ཆགས་ཏེ་དུས་རབས་གང་མཚམས་སུ་སོང་བར་སྣང་། ཧོད་ཁའི་ས་འདི་སོག་པོའི་ཕྱུགས་ས་གཙོ་བོ་ཞིག་ཏུ་གྱུར་སྟབས་ཁོ་ཚོས་འདི་ལ་ཧོད་ཁ་ཞེས་བཏགས་ཤིང་། ཧོད་ཁ་ནི་སོག་སྐད་དུ་ཐང་བདེ་མོའམ་རྟ་རྒྱུག་ཐང་དུ་འབོད་ཅེས་ཨ་ཚོགས་ལྷ་སྡེ་ཚོ་བརྒྱད་ཀྱི་ལོ་རྒྱུས་ཀུན་འདུས་གསལ་བའི་མེ་ལོང་དུ་གསལ་ཞིང་། འགའ་ཞིག་གིས་དཔལ་ཁ་ཞེས་པ་སོག་པོས་སྒྲ་ཟུར་ཉམས་ཏེ་ཧོད་ཁ་རུ་བོས་པར་བཤད་མོད། གོང་བརྗོད་ས་འདིའི་བོད་རིགས་ཀྱི་གཞི་འཛིན་ཐོག་མ་ཨ་རིག་པ་དག་གིས་དཔལ་ཁ་ཞེས་ས་མིང་སྔོན་དུ་བཏགས་པ་མེད་ན། དེའི་རྗེས་སུ་ས་འདིར་སོག་པོ་སླེབས་པ་སྔ་བ་ཡིན་པས། དུས་ཀྱི་སྔ་ཕྱིའི་གོ་རིམ་ལ་བསམས་ན་དེ་འདྲའི་ཐོད་མི་ཐུག་པར་སེམས། ཕྱིས་སུ་མཚོ་སྔོན་དུས་འཁྲུག་གི་སྐབས་སོག་པོ་རྣམས་ཆིང་རྒྱལ་རབས་ཀྱི་ལག་ནས་ཕམ་ཞིང་། ཆིང་རྒྱལ་རབས་ཀྱིས་སོག་གནོན་བོད་སྐྱོར་གྱི་སྲིད་ཇུས་སྤེལ་བས་སོག་པོ་རྣམས་ཡུལ་བུད་བྱེད་དགོས་བྱུང་ནའང་སོག་མིང་དག་སྔར་བཞིན་མ་ཉམས་པར་གནས་པ་དང་། ཟིང་འཁྲུག་དེའི་བར་སྐབས་དེ་དག་ཏུ་ཨ་རིག་པ་རྣམས་ཀྱང་སྨད་ནས་རྨ་ཆུའི་ལྷོ་རྒྱུད་ནས་ཡོང་བའི་རུ་སྡེ་ཡིས་གཙེས་པ་དང་། སྟོད་ནས་མགོ་ལོག་ཨ་སྐྱོང་ཁག་གསུམ་བར་ཁ་མཆུའི་རྩོད་གླེང་བསྟུད་མར་བྱུང་བས་ཕྱོགས་ཕྱོགས་སུ་བྲོས་འཐོར་བྱུང་བས་ས་ཆ་འདི་ཡང་བར་སྐབས་སུ་ས་སྟོང་དུ་ལྷག་པས། སྟོད་མགོ་ལོག་གི་རུ་སྡེ་དང་སྨད་རྨ་ཆུའི་ལྷོ་རྒྱུད་དང་ཙོང་ཆུའི་ལྷོ་བྱང་སོགས་ནས་ཡོང་བའི་རུ་སྡེ་དག་གིས་རིམ་བཞིན་ས་འདི་བཟུང་སྟེ་གཞི་འཛིན་དུ་གྱུར་པས། སོག་མིང་ཧོད་ཁ་ཞེས་པ་དེ་ཡང་རིམ་བཞིན་བོད་རང་གི་སྐད་དུ་སྒྲ་བཤད་ཡོད་པའི་མིང་དུ་བསྒྱུར་མགོ་བརྩམས་པར་གསལ། དེ་ཡང་དཔལ་ཁ་ཞེས་པའི་དོན་ནི་ཡུལ་འདིའི་ས་དཔྱད་མཁས་པ་དག་གིས་ས་དཔྱད་ཀྱི་བརྡ་ཆད་ཅིག་ལས་བཏགས་པར་བཞེད་དེ།⑦ དེ་ཡང་ཡུལ་འདིའི་རུ་སྡེ་དག་གིས་རང་རང་གི་སྦྲ་མགོ་དང་ཕྱུགས་ཟོག་གི་ར་སྒོའི་དཔལ་ཁ་ད་ལྟའི་དཔལ་ཁའི་རྫ་རྒྱུད་ཀྱི་ཕྱོགས་ནས་འཚོལ་དགོས་པའི་ངག་རྒྱུན་ཞིག་ཀྱང་མཆིས་ལ། དེ་མིན་ས་འདིའི་ས་བསྟོད་གནས་བསྟོད་སོགས་སུའང་། ས་དཔལ་ཁ་དཔལ་ཁ་ཡག་ས་ཡིན། ས་དཔལ་ཁ་ཨ་མྱེས་བཱ་ཡན་ནི། གཡུའི་བུམ་པ་བདུད་རྩིས་གང་འདྲ་ཡིན། །ཟེར་བ་སོགས་ནི་སྔོན་གྱི་འབྲེལ་ཡོད་ཡིག་ཆ་དང་ཡུལ་མི་རྒན་པ་མང་པོར་ཆ་རྒྱུས་མེད་པར་བསམས་ན་ཕྱིས་ཀྱིས་ཨ་རིག་གི་རྗེས་སུ་ས་འདིར་སླེབས་པའི་རུ་སྡེ་རྗེས་མ་དེ་དག་གིས་བཏགས་པར་སེམས།
དེ་ཡང་ས་མིང་ནི་དུས་གཏན་དུ་འགྱུར་བ་མེད་པ་ཞིག་མིན་པར་ཆབ་སྲིད་དང་དུས་རབས། སྤྱི་ཚོགས་ཀྱི་འགྲོས་དང་བསྟུན་ནས་འགྱུར་ལྡོག་འབྱུང་བཞིན་ཡོད་པ་དང་། དེ་ཡང་མི་དམངས་ཀྱི་བསམ་འདུན་དང་རིག་གནས་ཀྱི་དགོས་མཁོ་དང་འབྲེལ་ཏེ་མུ་མཐུད་དུ་ཁྱབ་སྤེལ་འགྲོ་བཞིན་ཡོད་པ་ཞིག་རེད། ཧོད་ཁ་ཞེས་པའི་ས་མིང་འདི་ཡང་ཐོག་མར་བཏུལ་ཐང་གོང་མའི་ཁོངས་སུ་གཏོགས་པ་དང་། དེའི་རྗེས་སོག་པོའི་དཔུང་སྟོབས་སླེབས་པས་ཧོད་ཁ་རུ་བཏགས་པ་དང་། ད་སྐབས་སྔར་བཞིན་ཡུལ་མིའི་ངག་ཏུ་ཧོད་ཁ་རུ་འབོད་པ་དང་། དམངས་ཁྲོད་ཡིག་ཐོག་ཏུ་དཔལ་ཁ་ཞེས་པ་འདི་གཉིས་མཉམ་ཏུ་སྤྱོད་པ་ལྟ་བུར་གནས་སོ། །