༄༅།། འགོས་ནད་ནི་ཁྱབ་ལམ་གང་ཞིག་ནས་མཆེད་པ་ཡིན་ནམ།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། སྤེལ་དུས། ༢༠༢༢ལོའི་ཟླ་བ་༠༦ཚེས་༠༢ཉིན།



  

        མིའི་རིགས་དང་ནད་རིགས་བར་གྱི་ལོ་ངོ་སྟོང་ཕྲག་ལྷག་རིང་གི་འཛིང་རེས་ཁྲོད་དུ། འགོས་ནད་ནི་མིང་ངན་ཡོངས་གྲགས་ཅན་ཞིག་ཡིན། འགོས་ནད་སྐྱེད་པའི་ནད་གཞི་ལ་ནད་དུག་དང་ཕྲ་སྲིན། གཞན་བརྟེན་སྲིན་འབུ་སོགས་ཡོད་ཅིང་། དེ་ཚོའི་ནང་གི་གང་རུང་ཞིག་མི་ལུས་ལ་འགོས་པ་ནི་གཤམ་གསལ་གྱི་ཁྱབ་ལམ་འདི་དག་བརྒྱུད་པ་ཡིན། 

 

 གཅིག དབུགས་ལམ་འགོས་ཁྱབ།

         མཁའ་དབུགས་ནང་གི་མཆིལ་ཟེགས་སམ་ཡང་ན་དབུགས་ཞུ་སྤྱིན་གྱི་ནང་དུ། ནད་གཞི་མང་པོ་ཡོད་པ་དང་། དེ་ཉིད་འགོས་ནད་འགོ་སླ་བའི་མི་ཡི་ཁ་དང་སྣ་སོགས་བརྒྱུད་ནས་ལུས་པོའི་ནང་ལ་ཁྱབ་པ་ལས། འགོས་ནད་ཅན་གྱི་ནད་རིགས་འབྱུང་བ་ཡིན། མཁའ་དབུགས་ཁྲོད་དུ། འགོས་ནད་མཆེད་པའི་འགྲོས་ཚད་མགྱོགས་ཤིང་གཞི་རྒྱ་ཆེ་བ། ཤུགས་རྐྱེན་ཟབ་པ། ཚོད་འཛིན་དཀའ་བ་བཅས་ཡིན་སྟབས། ཉེན་ཁ་ཆེས་ཆེ་བའི་ཁྱབ་ལམ་ཞིག་ཡིན། སིབ་བི་དང་འདུས་འདྲིལ་གཅོང་ནད། ཆམ་རིམས། འདབ་ཆགས་ཆམ་རིམས་ཚང་མ་དབུགས་ལམ་བརྒྱུད་ནས་འགོས་པ་ཡིན།

 གཉིས། འཇུ་ལམ་འགོས་ཁྱབ།

         ནད་པའི་སྐྱུག་རོ་དང་གཅིན་སྐྱག་སོགས་ཀྱི་ནང་དུ་ནད་གཞི་མང་པོ་འདུས་པ་དང་། གལ་ཏེ་ཟ་མ་དང་ཆུ་མགོའམ་ཡང་ན་ཟས་སྣོད་སོགས་བཙོག་བཟོ་བྱས་ཚེ། འགོས་ནད་འགོ་སླ་བའི་མི་ལ་ཟ་མ་ཟ་དུས་འགོས་པ་ཡིན། རྒྱུ་ཚད་དང་ཕྲ་སྲིན་རང་བཞིན་གྱི་བཤལ་ནད། སྐྱུག་བཤལ་སོགས་འཇུ་ལམ་འགོས་ཁྱབ་བརྒྱུད་ནས་འགོས་པ་ཡིན། 

  

 གསུམ། ཐུག་རེག་འགོས་ཁྱབ།

         འགོས་ནད་འགོ་སླ་བའི་མིས་ནད་གཞི་ཡིས་བཙོག་བཟོ་བྱས་པའི་ཆུའམ་ཡང་ན་ས་རྒྱུ་ལ་ཐུག་རེག་བྱེད་སྐབས། ཁྲག་འཇིབ་འབུ་ཕྲའི་ནད་དང་འབུ་ཕྲ་ཁ་གུག་མའི་ནད་སོགས་འབྱུང་བ་དང་། རྨ་ཁ་ལ་བཙོག་བཟོ་བྱས་ན། རྨ་ངན་དུག་མཆེད་ཀྱི་གནས་ཚུལ་འབྱུང་བ་ཡིན། ནམ་རྒྱུན་གྱི་འཚོ་བའི་ཁྲོད་དུ་ཐུག་རེག་དམ་ཟབ་ཡོད་ནའང་། སིབ་བི་དང་མཆེད་གཤིས་ཆམ་རིམས་སོགས་འགོ་བའི་ཉེན་ཁ་ཡོད། གཙང་མ་མིན་པའི་ཐུག་རེག་བྱས་ན། ཨེ་ཙི་འགོས་ནད་དང་མཆིན་ཚད་ནད་དུག་ཁ་པ། མཆིན་ཚད་ནད་དུག་ག་པ་སོགས་འགོས་ཁྱབ་བྱུང་བ་ཡིན།

 བཞི། འབུ་སྨྱན་འགོས་ཁྱབ།

  ནད་གཞི་འགོས་པའི་ཁྲག་འཇིབ་སྒལ་ཚིགས་མེད་པའི་སྲོག་ཆགས་ཏེ་ཤིག་དང་ལྗི་བ། དུག་སྦྲང་སོགས་ཀྱིས་མི་ལུས་ཀྱི་ཁྲག་འཇིབ་དུས་ནད་གཞི་དེ་ཉིད་ཀྱང་འགོས་ནད་འགོ་སླ་བའི་མི་ལ་འགོས་པར་བྱེད་པ་དང་། དེ་ནས་འདར་ནད་དང་འབྲུམ་ཁྲ་གྲང་ནད་སོགས་འབྱུང་བ་ཡིན། སྒལ་ཚིགས་མེད་པའི་སྲོག་ཆགས་ཀྱི་འཚོ་བ་རོལ་སྟངས་ཀྱི་ཤན་ཤུགས་འོག འབུ་སྨྱན་འགོས་ཁྱབ་ལ་དུས་ཚིགས་རང་བཞིན་དང་ས་ཁོངས་རང་བཞིན་ཡོད།

 

ལྔ། ཁྲག་རྒྱུན་འགོས་ཁྱབ།

         ནད་གཞི་ནི་ནད་པ་དང་དེ་ཉིད་འཁྱེར་མཁན་གྱི་ཁྲག་རྒྱུན་ནམ་ཡང་ན་ལུས་ཀྱི་གཤེར་ཁུའི་ནང་དུ་ཡོད་ཅིང་། དེ་ནི་ཁྲག་བཟོས་དངོས་པོ་དང་ཕྲུ་གུ་སྐྱེ་བའམ་ཡང་ན་འཁྲིག་སྤྱོད་བཅས་ཀྱི་སྐབས་འགོས་པ་ཡིན། འདར་ནད་དང་ནད་དུག་རང་བཞིན་གྱི་མཆིན་ཚད་ཁ་པ། ཨེ་ཙི་འགོས་ནད་སོགས་ནི་ཁྲག་རྒྱུན་ནམ་ཡང་ན་ལུས་ཀྱི་གཤེར་ཁུ་བརྒྱུད་ནས་འགོས་པ་ཡིན།

 གོང་གསལ་གྱི་འགོས་ཁྱབ་བྱེད་སྟངས་བཅས་ལས་མི་ཚད། ད་དུང་མ་བུ་འགོས་ཁྱབ་སྟེ་ཕྲུ་གུ་མངལ་ནང་དུ་ཡོད་དུས། ཨ་མ་བརྒྱུད་ནས་རེག་དུག་དང་གཞུ་དབྱིབས་འབུ་ནད་སོགས་འགོས་པའང་ཡོད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1