གང་ཞིག་གང་དག་ཆོས་རྣམས་ཀྱི །།
ངོ་བོ་རྐྱེན་ལ་རྣམ་པར་བརྟེན །།
དེ་ཕྱིར་རྟེན་འབྲེལ་མ་གཏོགས་པ །།
ཆོས་འགའ་མེད་པ་རྒྱལ་བས་གསུངས །།
སྨྲ་བ་རྣམས་ཀྱི་མཆོག་གྱུར་པ །།
རྟེན་ཅིང་འབྲེལ་འབྱུང་བླ་ན་མེད །།
རང་གི་སྟོབས་ལས་བརྩམས་པ་གང་ །།
སྟོན་པ་གཞན་ལས་ཟླ་དང་བྲལ །།
སྲིད་གསུམ་སྡུག་བསྔལ་ཁུར་གྱིས་ལྕི་ན་ཡང་ །།
སྙིང་རྗེ་ཆེན་པོས་ཡིད་རབ་སྐྱོམ་པ་ཡིས །།
རླབས་ཆེན་སྤྱོད་པའི་གོ་ཆ་བགོ་བ་འདི །།
སྟོན་པ་ཁོ་ནའི་མཚར་སྡུག་གཞན་ལ་ཅི །།
ཐར་ལམ་འཚོལ་བའི་ལམ་གྱི་གལ་མདོ་སྟེ །།
བདེན་བཞིའི་འཇུག་ལྡོག་རང་སྟོབས་བཀྲལ་བས་ན །།
སྟོན་པ་ཁྱེད་ནི་ཚད་མའི་སྐྱེས་བུ་དང་ །།
དེ་ཡི་བསྟན་པ་གཉིས་ཀར་སྐྱོན་མེད་བྱས །།
༡
ལུང་དུ་བསྟན་པའི་ཀླུ་ཡི་དབང་པོ་ནི །།
ཐེག་ཆེན་གྲུབ་མཐའ་གསལ་བྱེད་ཉི་མ་ཡིན །།
ཁྱེད་སྐུ་མཚན་དཔེ་མི་ཡུལ་བཞད་པ་ནས །།
ཐེག་ཆེན་གྲུབ་མཐའ་གཞི་ནས་ཆེ་རུ་སོང་ །།
མཐའ་བྲལ་དོན་སྟོན་དབུ་མ་རྩ་ཤེས་ནི །།
ཐེག་ཆེན་བཀའ་ཡི་སྲོག་གི་གཞུང་རྟ་ལགས །།
དེ་ལས་དབུ་མའི་ལྟ་གྲུབ་ཕྱོགས་སུ་གྱེས །།
ཚིག་དོན་གཉིས་ཀྱིས་མཁས་པའི་ཐུགས་ཡིད་ཚིམས །།
སྐུ་ན་གཞོན་པའི་དུས་ཀྱི་ཀླུ་དབང་སྡེ །།
ཐུན་མོང་རིག་པ་ཐུན་མིན་རིག་པ་དང་ །།
མིག་སྨན་རལ་གྲི་རྐང་མགྱོགས་བཅུད་ལེན་དང་ །།
རྫུ་འཕྲུལ་མངོན་ཤེས་རྡོ་རྗེ་ལུས་སུ་གྱུར །།
རྣོ་འཕྲུལ་རིག་པ་ཧ་ཅང་སྐྱེན་སྟབས་ཀྱིས །།
ཕྱི་རོལ་གཞུང་ལ་ལྟོས་ན་ནང་བསྟན་གང་ །།
དེ་ཙམ་དཀའ་བ་མིན་པའི་བློ་སྐྱེས་ཀྱང་ །།
དགེ་སློང་དང་འཕྲད་ང་རྒྱལ་བཅག་པར་གྲགས །།
ཁོང་གི་སློབ་མ་ཐུ་བོ་སྲས་བཞི་དང་ །།
ཉེ་སྲས་གསུམ་སོགས་བགྲང་གིས་མི་ཟིན་མོད །།
ཁྱད་པར་དངོས་སློབ་དཔལ་ལྡན་ཟླ་གྲགས་དང་ །།
ཨཱརྱ་དེ་བ་གཉིས་ནི་ཉི་ཟླ་ཟུང་ །།
༢
དམ་པ་གང་གི་ཞལ་སློབ་མཆོག་གྱུར་པ །།
སློབ་དཔོན་ཆེན་མོ་འཕགས་པ་ལྷ་ཉིད་ནི །།
རྩོད་པའི་མདའ་མོ་སྟོང་གིས་ཕས་རྒོལ་གྱི །།
ཀླད་པ་འགེམས་པའི་རིགས་ལམ་རྨད་དུ་བྱུང་ །།
མུ་སྟེགས་རྟ་དབྱངས་ནཱལཱནྜར་ཕེབས་ནས །།
དེ་གའི་པཎ་གྲུབ་མང་དུ་བརྩད་བརྩད་མཐར །།
པཎ་གྲུབ་སུས་ཀྱང་རྒོལ་ཏུ་མ་བཏུབ་གྱུར །།
དེ་ནས་ལྷོ་ཕྱོགས་ཀླུ་སྒྲུབ་མདུན་དུ་བཏང་ །།
མགོན་པོ་ཀླུ་སྒྲུབ་མུ་སྟེགས་རྩོད་ཕྱོགས་ཚེ །།
སློབ་བུ་འཕགས་ལྷས་སློབ་དཔོན་ངལ་སོས་དང་ །།
མུ་སྟེགས་དེ་ཉིད་ཁོ་བོས་ཚར་གཅོད་ཅེས །།
རིགས་པའི་སེང་ཆེན་གཡུ་རལ་ལན་ཅིག་བསིགས །།
དེ་ཚེ་སློབ་དཔོན་ཀླུ་སྒྲུབ་ཁོང་ན་རེ །།
མུ་སྟེགས་རྟ་དབྱངས་མ་བརྩད་སྔ་རོལ་ཏུ །།
ཁྱེད་ཀྱིས་རྒོལ་བ་ཚར་གཅོད་ནུས་མིན་ལ།།
སོ་སོའི་གྲུབ་མཐའ་བཟུང་སྟེ་རིགས་ལམ་གྱིས །།
རྩོད་པའི་མེ་དཔུང་སྦར་བར་བགྱིད་པར་འཚལ །།
དེ་ནས་ཡུན་རིང་བརྩད་པའི་མཐའ་མཇུག་ལ །།
ཨཱརྱ་དེ་བ་རྒྱལ་ཏེ་མཆིལ་ལྷམ་གྱིས །།
སློབ་དཔོན་འཁོར་གསུམ་བསྐོར་བས་སྤྱན་ཡ་ལྡོང་ །།
མ་གྷ་དྷ་རུ་རྩོད་པར་ཕེབས་སྐབས་སུ །།
འཕགས་པའི་སྐྱེས་བུ་དང་འདྲ་སངས་རྒྱས་མེད །།
ཆོས་ཀྱི་ནང་ན་སངས་རྒྱས་ཆོས་འདྲ་མེད །།
ལམ་ཞུགས་ནང་ན་དགེ་འདུན་འདྲ་བ་མེད །།
ཅེས་པའི་དམ་བཅའི་ཁུར་ཆེན་རྣམ་པ་གསུམ །།
རྒྱལ་པོའི་ཕོ་བྲང་གནས་སུ་སྙིང་སྟོབས་ཀྱིས །།
གསལ་བརྡའི་རྩོད་ཤོོག་ཕྱོགས་ཕྱོགས་བཀྲམ་པར་བགྱིས །།
རྒོལ་དུ་བཏུབ་ན་ཁོ་བོའི་དབུ་འབུལ་ཞུས །།
༣
ལུང་ཟིན་འཕགས་པ་ཐོགས་མེད་ཅེས་བྱ་ནི །།
བྲམ་ཟེའི་རིགས་ལས་འཁྲུངས་ཤིང་མ་ཡུམ་གྱིས །།
བཀའ་གསུང་ལྟར་དུ་ཡོད་སྨྲའི་རབ་བྱུང་མནོས །།
ཐོག་མར་བྲམ་ཟེའི་གཞུང་ལུགས་བསླབས་ཤིང་མཁས །།
ཕྱི་ནས་ནང་པའི་ཆོས་གཞུང་རོས་བྲོད་དེ །།
ལོ་རེར་ཚིགས་བཅད་ཁྲི་བཅུའི་དོན་རྟོགས་ཏེ །།
རིག་པའི་གནས་ལྔའི་གཞུང་ལ་སྦྱང་བརྩོན་གནང་ །།
གསང་སྔགས་ལ་ཡང་ལོ་མང་སྒོམ་སྒྲུབ་མཛད །།
སྟོང་ཉིད་དཀའ་གནས་ཞུན་ཐར་མ་ཆོད་དེ །།
ཏིང་འཛིན་རྩེ་གཅིག་མཉམ་པར་འཇོག་སྐབས་སུ །།
རྫུ་འཕྲུལ་རྩལ་གྱིས་དགའ་ལྡན་ཕྱིན་པ་ན །།
རྗེ་བཙུན་བྱམས་པས་སྟོང་ཉིད་རབ་བསྩལ་བས །།
ཐེ་ཚོམ་སྒྲོག་གི་མདུད་པ་རང་ཡལ་ཏེ །།
རྒྱལ་ཚབ་བྱམས་པའི་མན་ངག་ལ་བརྟེན་ཏེ །།
ཐེག་ཆེན་བསྟན་པ་མི་ཡུལ་རྒྱ་ཆེར་སྤེལ །།
འགའ་ཞིག་གིས་ནི་ཆོས་དེ་རྫུན་མར་སྨྲས །།
དེ་ཡི་རྐྱེན་གྱིས་རྗེ་བཙུན་མི་ཡུལ་དུ །།
ཕེབས་གནང་ཞུས་ཚེ་འབྱོན་པར་ཞལ་བཞེས་མཛད །།
འོད་ཀྱི་མདངས་ལ་འཁུ་བའི་པད་གདན་དུ །།
དགོང་མོའི་དུས་མཚམས་རྗེ་བཙུན་ཕྱག་ཕེབས་གནང་ །།
འཁོར་ཚོགས་དུ་མར་ཆོས་འཁོར་བསྐོར་བ་ན །།
ཐོགས་མེད་མ་གཏོགས་གཞན་པའི་གདུལ་བྱ་ཡིས །།
སྐུ་སྟོད་ཡང་ན་ཞལ་ཀྱི་དཀྱིལ་འཁོར་ཙམ །།
མཇལ་བ་མ་གཏོགས་སྐུ་ཡོངས་མི་སྣང་ངོ་ །།
རྣལ་འབྱོར་སྤྱོད་པའི་གྲུབ་མཐའིི་གཞུང་ཤིང་ལ །།
ས་སྡེ་ལྔ་སོགས་བསྟན་བཅོས་མང་དུ་བརྩམས །།
སེམས་ཙམ་གྲུབ་མཐའི་ཉིང་ཁུ་བསྡུས་པ་རུ །།
ཐེག་ཆེན་དོན་བསྡུས་མངོན་པ་ཀུན་བཏུས་བརྩམས །།
༤
སློབ་དཔོན་ཆེན་པོ་དབྱིག་གི་གཉེན་པོ་ནི །།
ཐོགས་མེད་ཉིད་ཀྱི་སྐུ་ཡི་གཅུང་པོར་ཆགས །།
ཁ་ཆེ་དགེ་འདུན་བཟང་པོའི་མདུན་དྲུང་དུ །།
ཐེག་པ་ཆུང་ངུའི་གྲུབ་མཐའ་ཕལ་ཆེར་གསན །།
སྐབས་དེར་ཐེག་པ་ཆེ་ཆུང་མདོ་སྡེ་ཀུན །།
བསྡོམས་པའི་གླེགས་བམ་ལྔ་བརྒྱ་ཐུགས་ལ་བཟུང་ །།
ཐོགས་མེད་དྲུང་ནས་ཐེག་ཆེན་ལ་སློབ་དང་ །།
རང་ཉིད་ཐེག་ཆེན་ཞུགས་པའི་ཤུགས་རྐྱེན་གྱིས །།
ཐེག་པ་ཆུང་ངུའི་མཁས་པ་ལྔ་བརྒྱ་ཙམ །།
ཐེག་པ་ཆེན་པོའི་ཆོས་ཀྱི་སྣང་བ་ལ །།
ཤེས་ནས་དད་པ་ཐོབ་པ་ཅི་ཆ་སྟེ །།
གང་ལྟར་གྲུབ་མཐའ་དེ་གའི་རྗེས་སུ་ཞུགས །།
དེ་ནས་མཁས་པ་དབྱིག་གཉེན་གང་ཉིད་ཀྱིས །།
ཡུལ་དབུས་ནས་སུ་རྒྱལ་བསྟན་སྤེལ་སླད་དུ །།
བྱེ་བྲག་བཤད་མཛོད་ཆེན་མོར་དཔེ་གཟིགས་དང་ །།
སློབ་མ་ཚོ་ལ་དེ་གའི་བཤད་ཁྲིད་བསྩལ །།
ཉིན་རེ་བཞིན་དུ་བྱེ་བྲག་བཤད་མཛོད་ཀྱི །།
དོན་གྱི་འགྲེལ་པ་ཚིགས་བཅད་རེ་རེ་མཛད །།
དེ་ཉིད་ཟངས་བྱང་བརྐོས་ཏེ་གླང་ཆེན་གྱི །།
སྐེ་རུ་བཏགས་ཏེ་གང་སར་འཁྱམ་དུ་བཏང་ །།
ཁོ་བོས་བརྩམས་པའི་གཞུང་འདི་ཉིད་ལ་ནི །།
དགག་པ་ཅི་དགར་གཏོང་བའི་རེ་འདུན་ཞིག །།
སེམས་ཀྱིས་བཅངས་ཡིན་དེ་ལྟར་གནང་རོགས་ཞེས །།
ཕྱོགས་དང་ཕྱོགས་སུ་ཡང་ཡང་བསྒྲགས་པར་བྱས །།
དེ་ལྟར་མང་དུ་བྲིས་པའི་མཐའ་མ་ལ །།
ཤོག་ལྷེ་དྲུག་བརྒྱ་ལྷག་པའི་གླེགས་བམ་གྲུབ །།
དེ་ཡི་མཚན་ལ་མངོན་པ་མཛོད་དུ་གྲགས །།
གཞུང་དེ་ཁ་ཆེ་སློབ་དཔོན་རྣམས་ལ་སྤྲིངས །།
དགའ་དད་སྤྲོ་བ་བརྟས་ཏེ་མགྲིན་གཅིག་ཏུ །།
ཁོ་བ་ཅག་གི་གཞུང་ལུགས་དམ་པ་གང་ །།
ཤིན་ཏུ་རྒྱས་པར་བྱས་སོ་བཀའ་དྲིན་ཞུས །།
འོན་ཀྱང་ཚིག་དོན་ཤིན་ཏུ་གོ་དཀའ་བས །།
གཞུང་ལུགས་དེ་ལ་འགྲེལ་པ་རྩོམ་པར་བསྐུལ །།
དེ་ནས་སློབ་དཔོན་ཐུགས་བརྩེ་མ་ལྷོད་པས །།
མངོན་རྩ་དེ་ལ་རང་འགྲེལ་ཞིག་བརྩམས་ཏེ །།
སླར་ཡང་ཁ་ཆེ་ཡུལ་དུ་སྤྲིངས་པར་བྱས །།
༥
སློབ་དཔོན་ཆེན་པོ་ཕྱོགས་ཀྱི་གླང་པོ་ནི །།
ཐེག་དམན་སློབ་དཔོན་གླང་པོ་བྱིན་ཞེས་ལས །།
རབ་བྱུང་མནོས་པས་མཚན་ཡང་དེ་ལྟར་ཐོགས །།
ཉན་ཐོས་གྲུབ་མཐའ་ཡོངས་ལ་མཁས་པར་བྱས །།
གྲུབ་མཐའི་དེ་གའི་བརྗོད་དུ་མེད་པའི་བདག །།
ཡིད་ལ་འཐད་པ་དེ་ཙམ་མ་བྱུང་བས །།
བླ་མའི་འཁྲིས་སུ་སྡོད་ཐབས་མེད་དགོངས་ཏེ །།
ཡུལ་ཁམས་གཞན་དག་ཅིག་ལ་ཕྱོགས་ཐོན་མཛད །།
དེ་ནས་རྒྱ་གར་ཤར་ཕྱོགས་བྲག་ཕུག་ཏུ །།
ལོ་མང་སྒོམ་སྒྲུབ་ཆེས་ཆེར་གནང་བ་དང་ །།
མུ་སྟེགས་ཚར་བཅད་ཚད་མ་ཕྱོགས་བསྡུས་པ །།
ཀུན་ལས་བཏུས་པའི་གླེགས་བམ་རྩོམ་གནང་མཛད །།
༦
དཔལ་ལྡན་ཆོས་ཀྱི་གྲགས་པའི་རིགས་ལམ་ནི །།
ནཱ་ལཱནྡཱ་སོགས་ཡུལ་ལ་གྲགས་སྙན་གྱི །།
བ་དན་དཀར་པོས་ཡོངས་སུ་འགེངས་གྱུར་ཀྱང་ །།
སྐྱེ་བོ་ལ་ལར་ཕྲག་དོག་དུག་གིས་ཟིན །།
ཆོས་གྲགས་ཉིད་ཀྱི་སློབ་དཔོན་དབང་ཕྱུག་སྡེས །།
ང་ཡི་ནོར་བ་ཡོད་ཚད་སྔ་རྒོལ་ཏུ །།
ཞོག་ལ་ཀུན་བཏུས་དེ་ལ་འགྲེལ་པ་ཞིག །།
རྩོམ་པར་བསྐུལ་བས་ཚད་མ་རྣམ་འགྲེལ་བརྩམས །།
༧
སློབ་དཔོན་ཆེན་པོ་ཡོན་ཏན་འོད་ལགས་ནི །།
མཁས་པ་དབྱིག་གཉེན་བླ་མར་བསྟེན་ནས་སུ །།
ཉན་ཐོས་སྡེ་པ་བཅོ་བརྒྱད་གྲུབ་མཐའ་ལ །།
གསན་བཞེས་གནང་བས་ཤིན་ཏུ་མཁས་པར་གྱུར །།
ནཱལཱནྡཱ་ཡི་ཆོས་སྡེར་བཞུགས་ནས་ནི །།
འདུལ་བའི་བཅས་མཚམས་ཕྲ་ཞིང་ཞིབ་དཔྱད་ཀྱིས །།
བསྟན་པའི་རྩ་ལག་འདུལ་བ་མདོ་རྩ་གང་ །།
མི་ཡུལ་འདི་རུ་སྔོན་མེད་ལེགས་སྐྱེས་ཕུལ །།
༨
འདུལ་བའི་སྡེ་སྣོད་སུམ་བརྒྱ་པ་དང་ནི །།
དེ་ཡི་རང་འགྲེལ་འདུལ་བ་འོད་ལྡན་གཉིས །།
ལེགས་བཤད་ཉི་ཟླ་ཉིས་ཟུང་བྱེད་པོ་ནི །།
མཚན་ལ་དགེ་སློང་ཤཱཀྱ་འོད་ཞེས་བྱ །།
དེ་ལྟར་འཕགས་ཡུལ་རྒྱན་དྲུག་མཆོག་གཉིས་ཀྱི །།
ཆེ་བརྗོད་ངག་ལས་བྱུང་བའི་ཚིག་འཕྲེང་འདི །།
དད་པའི་བླ་བྲེ་གཡོ་བའི་རླུང་བུ་རུ །།
འགྱུར་བར་ངེས་པས་སེམས་ཀྱིས་དང་དུ་བླངས །།