བདག་ཡིད་ཀུན་གསལ་བུ་མོའི་ངོས་དབྱིངས་སུ།།
སྙིང་གྲོགས་ཆུ་ཤེལ་དཀྱིལ་འཁོར་ཤར་བ་ན།།
མཇལ་འདོད་ཀུ་མུད་དགྱེས་པའི་འཛུམ་གྱིས་གྲོལ།།
དྲན་པའི་ཆུ་གཏེར་རླབས་ཕྲེང་རབ་ཏུ་འཕྱོ།།
ཅི་བྱེད་པད་དཀར་སྔ་ནས་ཟིམ་གྱུར་ཀྱང་།།
དེ་བས་ཚིག་འབྲུ་འཕྲུལ་གྱི་རྟ་ཕོ་ཡི།།
གོམ་འགྲོས་གཡར་ནས་རབ་དཀར་ཤོག་བུ་ངོས།།
འཁོས་ཞན་རྩོམ་རྙོག་ཅུང་ཟད་བརྗོད་བར་འདོད།།
བསིལ་རླུང་དལ་ལྡང་ལྗོན་པས་གར་ངོམ་ཚེ།།
ཟིལ་བ་འགོས་པའི་མེ་ཏོག་ཁྲུས་བྱེད་ཚེ།།
ས་འཛིན་དབང་པོས་སྤྲོ་བའི་གོས་བརྗེ་ཚེ།།
མཇལ་འདོད་ཡིད་ཀྱི་རུས་གཏིང་གྲོགས་ཁྱེད་དྲན།།
ཟླ་བའི་བསིལ་ངོ་བསྲེགས་པའི་མེ་འབར་རུང་།།
རྟ་བདུན་འོད་དུ་འཁྱག་པའི་རླུང་རྩུབ་ཀྱང་།།
གནམ་གྱི་སྔོ་བསངས་འགྲོ་བའི་གདན་འགྱུར་ཡང་།།
མི་འགྱུར་གྲོགས་ཁྱེད་སྲོག་གི་མདངས་དང་འདྲེས།།
གཤིས་བཟང་སྨྲ་འཇམ་ཤེས་བྱའི་གནས་བརྩོན་པའི།།
འདྲིས་བཟང་སྙིང་གི་གྲོགས་མཆོག་བདག་མདུན་དུ།།
དངོས་མཇལ་སྤྲོ་དགའ་གཞན་གྱིས་སྟེར་ནུས་སུ།།
ད་དུང་ཡང་ཡང་མཇལ་བར་སྒུག་ངེས་སོ།།