དམར་སེར་མདངས་ཀྱིས་སྐུ་མདོག་རབ་མཛེས་ཤིང་།།
རྨོངས་མུན་འཇོམས་པའི་ཤེས་རབ་རལ་གྲི་དང་།།
ཆོས་ཀུན་མ་ལུས་མཚོན་པའི་གླེགས་བམ་ཟུང་།།
དུས་ཀུན་ཕྱག་ཏུ་བསྣམས་པའི་ལྷ་དེར་འདུད།།
ལྷག་བསམ་དཀར་པོ་གངས་རིའི་མདངས་ལ་འཁུ།།
བརྩེ་བའི་གཏིང་མཐའ་ཟླ་བའི་མ་ལས་ཟབ།།
བདག་གི་ལང་ཚོ་བསྐྲུན་པའི་དྲིན་ཆེན་མ།།
སྐུ་ཚེ་རབ་ཏུ་བརྟན་པའི་དངོས་གྲུབ་སྩོལ།།
བདག་ལུས་རིན་ཆེན་ཟླ་དགུར་མངལ་དུ་སྦྲུམ།།
ལས་དང་དཀའ་བ་མ་ལུས་དང་དུ་བླངས།།
ཀུན་ལ་འཛུམ་གྱིས་བསུ་བའི་བྱམས་ལྡན་མ།།
རབ་ཡངས་འཛིན་མའི་ཁྱོན་ན་མཛེས་གྱུར་ཅིག།
ཞལ་རས་འཛུམ་གྱིས་གང་བའི་ཨ་ལོའི་སེམས།།
དྭངས་གཙང་འོ་མའི་མཚོ་ལས་རབ་ཏུ་དཀར།།
བསླབ་བྱའི་བདུད་རྩི་འཇོ་བའི་བྱམས་ལྡན་མ།།
བདག་གི་སེམས་གྱི་རྗེ་བཙུན་སྒྲོལ་མ་ཡིན།།
གཞོན་དུས་ལང་ཚོའི་མེ་ཏོག་རབ་ཏུ་བཞད།།
རྒས་དུས་དབུ་སྐྲ་དུང་གི་མདོག་བཞིན་དཀར།།
བརྩེ་བའི་ལྷག་བསམ་དར་དཀར་རི་ལ་འཐེན།།
བྱམས་ལྡན་མ་ལོ་ཀུན་གྱི་མིག་ལ་མཛེས།།
ཚ་གྲང་དུས་ལ་དབྱེར་མེད་རི་ན་འདར།།
གཞིས་ཁྱིམ་དྲོན་མོའི་ལས་ཀའི་ཕྱོགས་ལ་བྲེལ།།
བུ་དང་བུ་མོ་སེམས་ཀྱི་དབུས་སུ་སྒོམ།།
བདག་གི་ཨ་མ་འཛམ་གླིང་ཉི་མ་ཡིན།།
དལ་བརྒྱད་འབྱོར་བཅུའི་མི་ལུས་དཔག་བསམ་ལྗོན།།
ལེགས་པོར་བཙས་ནས་བརྩེ་བའི་བྱམས་ཀྱིས་བསྐྱངས།།
མི་གཙང་སྣབས་སོགས་ཕྱག་གིས་ཡང་ཡང་ཕྱིས།།
དྲིན་ཆེན་མ་ལོའི་བཀའ་དྲིན་རི་ལས་མཐོ།།
ཕྲ་ཆུང་མིག་གིས་བུ་ཆུང་གར་འགྲོ་འཚོས།།
སྐད་ངག་སྙན་མོས་བསླབ་བྱའི་མེ་ཏོག་གཏོར།།
ཕྱག་ཟུང་དྲོན་མོསས་ཞལ་ཟས་མངར་མོ་བཟོས།།
ཨ་མའི་བཀའ་དྲིན་རྒྱུ་སྐར་གྲངས་ལས་མང་།།
མ་ལོའི་གདོང་གི་བགྲེས་ཉམས་རེ་རེ་དང་།།
དབུ་སྐྲ་དཀར་བོའི་ཉག་མ་རེ་རེ་ན།།
བུ་དང་བུ་མོར་བཅངས་པའི་བརྩེ་བ་རེ།།
འདི་ཡི་དྲིན་ལན་འཇལ་ཐུབ་སྲིད་ན་དཀོན།།
མི་རྟག་འཇིག་རྟེན་འཁོར་བའི་ཀློང་རིམ་ནས།།
བརྩེ་བ་མཚོ་ལས་ཟབ་པའི་མ་ལོ་ཡི།།
རབ་མཛེས་མེ་ཏོག་ལྟ་བུའི་ལང་ཚོ་ཡང་།།
གཡང་ཁྱིམ་གྲུ་བཞིའི་ཆེད་དུ་བ་མོས་བཅོམ།།
རིན་ཆེན་ཚེ་སྲོག་ཕྲ་མའི་ས་བོན་བསྐྲུན།།
བྲང་གི་ནུ་འོ་མངར་མོའི་བཅུད་ཀྱིས་གསོས།།
འགྲོ་འདུག་སྤྱོད་གསུམ་བསླབ་པའི་དྲིན་ཆེན་མ།།
སྐུ་ལུས་རི་རྒྱུད་བཞིན་དུ་བརྟན་གྱུར་ཅིག།
སྔོ་ལྗང་གཡུ་ལོ་བཀོད་པའི་ཞིང་ཁམས་ནས།།
དགོས་འདོད་མ་ལུས་སྩོལ་མཛད་དཔའ་མོ་ཡིས།།
བདག་གི་ཡུམ་ཆེན་སྐུ་ཡི་ལྗོན་བཟང་ལ།།
མི་འདོད་བགེགས་ཀྱི་རིགས་རྣམས་མེད་པར་མཛོད།།