ཁ་བགད་རུང་ཁོག་ན་སྡུག་ཅིག་ཡོད།

འབྲོང་ཞེན། (རྨ་ལྷོ།) རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-02


ལྷད་མེད་རྣམ་དག་གྲོགས་མཆོག་མ་དབང་ཕྱི་མར་བཞུད་པས་སེམས་པ་སྐྱོ།།


 སྙིང་ནས་དགའ་སའི་མཛའ་མོ་མ་དབང་བཙན་གྱིས་ཁ་ཁར་བཏང་བས་སྡུག།


 གྲོགས་མེད་རོགས་མེད་ཁེར་རྐྱང་ང་ཡི་ད་སྐབས་སེམས་པ་ཧ་ཅང་གཉོམ།།


 གྱེས་བྲལ་རྨ་ཁ་སེམས་ལ་བཞག་པས་དྲན་གདུང་ན་ཟུག་བཟོད་ཐབས་བྲལ།།


 གྲོགས་ཀྱི་ཕྱི་ཐག་སེམས་ལ་ཉར་ཡོད་བདེ་ལྡན་ཞིང་ནས་སྐྱེ་བར་ཤོག།


 རོགས་ཀྱི་ཁྲེལ་གཞུང་སྙིང་ལ་བཅངས་ཡོད་ནམ་ཡང་མི་བརྗེད་དམ་བཅའ་བརྟན།།


 ཁྱེད་རང་གཉིས་ཀ་ང་ལ་མཚོན་ན་ཡ་ཐོད་སྟེང་གི་མིག་གཉིས་ཡིན།།


 མིག་ཟུང་ང་ལ་མ་དབང་སྡུག་བསྔལ་ཡ་ཆུང་དཀྱིལ་ན་རྡོ་བཞིན་ལྕི།།


 གྲོགས་མཆོག་དེ་ནི་ང་ལ་མཚོན་ན་ནམ་འཕང་གཅོད་པའི་གཤོག་ཡ་ཡིན།།


 གཤོད་ཡ་ཆད་པའི་བྱེའུ་ཆུང་ང་རང་ནགས་གསེང་འདི་ན་ངལ་ཞིང་དུབ།།


 སྙིང་སྡུག་དེ་ནི་ང་ལ་མཚོན་ན་མི་ཚེའི་ལམ་གྱི་སྐྱ་ཡ་ཡིན།།


 སྐྱ་ཡ་བྲལ་བའི་ཐ་གུ་ང་རང་འཁོར་བའི་གྲོང་ན་གཉོམ་ཞིང་དུང་།།


 རྩེ་གཞུང་རྩྭ་ཐང་ཡངས་ཤིང་ཆེ་རུང་གྲོགས་མཆོག་མེད་པས་མཐོང་འདོད་བྲལ།།


 དགུ་ཆུ་སྔོན་མོའི་གླུ་སྐད་སྙན་རུང་མཛའ་མོར་བྲལ་བས་ཉན་འདོད་དབེན།།


 གང་ལ་སོང་ཞིང་གང་ནས་བསྡད་རུང་ཁེར་རྐྱང་ཚོར་བས་རབ་ཏུ་མནར།།


 དྲན་གདུང་རྨ་ཁ་རེ་ཞིག་གསོ་བའི་སྨན་མཆོག་དེ་ནི་ཨ་རག་གོ།


 རྫུན་དང་གཡོ་སྒྱུའི་བུ་ཡུག་འཚུབ་པའི་འཁོར་ཡུག་འདི་ལ་ཨ་ཐང་ཆད།།


 ལྷད་མེད་རྣམ་དག་བརྩེ་བའི་བདག་ཉིད་ཁྱེད་གཉིས་སྙིང་ནས་ཡང་ཡང་དྲན།།


 ཕྱི་ཚུལ་ཙམ་གྱི་བཅོས་མའི་འཛུམ་ཞིག་བཙན་གྱིས་གདོང་ནས་བཙུར་ན་ཡང་།།


 ཡ་ཆུང་ཁོག་པ་སྐྱོ་བས་མནར་ཡོད་སྡུག་གི་རྔམས་ཀ་ཧ་ཅང་མཐུག།


 སྙིང་ནས་དགའ་ཞིང་སེམས་ནས་དུང་བའི་སྙིང་སྡུག་མཛའ་མོ་ལྷན་ཅིག་ཏུ།།


 ཨ་སྔོན་ནམ་མཁའ་གོས་སུ་གྱོན་ཞིང་དོག་མོ་ས་གཞི་གདན་དུ་བཏིངས།།


 ལོ་ངོ་དགུ་ཡི་མངར་སྐྱུར་འཚོ་བ་བཟའ་ཟླ་བཞིན་དུ་རོལ་བས་སྐྱིད།།


 སྐྱིད་ཀྱི་མཐའ་མར་འདི་ལྟར་བྲལ་དགོས་སེམས་ཀྱི་ངོས་ལ་ཅི་ལྟར་དྲན།།


 བརྩེ་བ་ཟབ་ཅིང་ཕྱི་ཐག་རིང་བའི་སྲོག་སྤུན་དེ་དང་མཉམ་གཅིག་ཏུ།།


 དགའ་བའི་ཝུ་ཆང་གཙང་བཞེས་གནང་ཞིང་ཚོར་བའི་ཁ་དོག་རི་མོར་བྲིས།།


 ཁྱོད་བཟང་ང་སྐྱིད་སྤུན་ཟླའི་མཛའ་བརྩེ་ངོ་ལོ་ཉི་ཤུར་འགྱུར་མྱོང་མེད།།


 ཉེ་ལམ་འདི་ལྟར་གློ་བུར་བྲལ་བའི་ན་ཟུག་འདི་ཉིད་ཨ་ཚ་ཚ།།


 ང་ཡི་དམར་པོ་སྙིང་གི་ལྡིང་མཚམས་འཇིག་རྟེན་འདི་ནས་མ་ཆད་ན།།


 ང་ཡི་རུས་པ་དཀར་པོ་འདི་ཉིད་ས་གཞིའི་པང་དུ་མ་འཐོར་ན།།


 ཁྱེད་རང་གཉིས་ཀ་བརྗེད་པའི་དཔེ་མེད་ཡ་ཆུང་སྙིང་གི་དཀྱིལ་ལ་ཉར།།


 གོ་ལའི་འཁོར་ཕྱོགས་འགྱུར་སོང་ན་ཡང་འུ་ཅག་བརྩེ་བ་རྟག་བརྟན་ཡིན།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1