ཁམས་ཕྱག་ཕྲེང་གི་ཐབ་ཀའི་བཟོ་རྩལ་དང་ཐབ་ལྷའི་རིག་གནས།

ཟླ་བ་ཚེ་རིང་། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


མིའི་རིགས་ཀྱིས་ནམ་མཁའི་ཐོག་དང་རིའི་མེ་སོགས་ལ་བརྟེན་ནས་མེ་སོན་རྙེད་ཅིང་། མེ་ལ་བརྟེན་ནས་ཟས་གཡོ་སྐོལ་དང་། དྲོད་སྐྱེད་པ། འོད་སྦྱིན་པ། དགྲ་འགོག་པ། བརྡ་བཏང་བ་སོགས་ཤེས་ཏེ། མེ་སྤྱད་དེ་ཆུ་བཀོལ་བ་ནས་ནད་ཀྱི་དང་པོ་མ་ཞུ་བ་དང་། སྨན་གྱི་དང་པོ་ཆུ་ཁོལ་ཡིན་ཞེས་པའི་དཔེ་ལྟར། མེ་ལ་བརྟེན་ནས་ཆུ་གྲང་མོ་བཀོལ་ཏེ་བཏུང་བ་དང་། རི་དྭགས་རྔོན་པའི་ཤ་དང་རྒོད་སྐྱེས་ཀྱི་ལོ་ཏོག་བཙོས་པའམ་བསྲེགས་ནས་ཟ་བས་བཟའ་བཏུང་ལུས་ལ་ཞུ་བདེ་བ། མེ་ལ་བརྟེན་ནས་དྲོད་འགུག་པ་དང་མུན་པ་སེལ་བ། གཅན་གཟན་གདུག་པ་དང་མནོལ་གྲིབ་ཀྱི་གནོད་པ་འགོག་པ་སོགས་འགྲོ་མིས་མེ་རྙེད་པ་ནས་འགྲོ་བ་མི་དཔལ་ཡོན་གྱི་ལམ་དུ་འཇུག་པའི་གོམ་པ་དང་པོ་སྤོས་པར་གྲགས། ཡང་སྒོས་སུ་ཐབ་ཀ་བཅས་ཏེ་མེ་ཁང་པ་ནང་དུ་དྲངས་པ་ནས་ཁྱིམ་ཚང་ཞེས་པའི་མི་དང་མིའི་བར་གྱི་འབྲེལ་བ་ཆེས་ཐག་ཉེ་ཤོས་ཀྱི་ཚན་པ་དངོས་སུ་ཆགས་ཡོད། དེས་ན། ཕྱག་ཕྲེང་བས་སྒྱེད་པུ་ཐབ་ཀ་གཅིག་ཡིན་ཟེར་བ་ནི་རིགས་རྒྱུད་ཐ་དད་པའི་མི་ཡིན་ཡང་སྐྱིད་སྡུག་མཉམ་མྱོང་གི་ཁྱིམ་ཚང་གཅིག་པ་ཡིན་ཟེར་བའི་དོན་ཡིན་ལ། སྒྱེད་པུ་ཐབ་ཀ་ཁ་ཁ་ཡིན་ཟེར་བ་ནི་བརྩེ་བ་ཟབ་པའི་ཁྲག་རྒྱུད་གཅིག་པའི་ཕ་མ་བུ་ཚ་ཡིན་ཡང་། ཁྱིམ་ཚང་ཁ་ཁ་ཡིན་ཞེས་པའི་དོན་ཡིན་པས། ས་ཕྱོགས་གང་དུ་སོང་ཡང་ཐབ་ཀ་གཅིག་དང་ཐབ་ཚང་གཅིག། ལྟོ་ཚང་གཅིག་ཅེས་པར་ཁྱིམ་ཚང་གཅིག་པའི་འདུ་ཤེས་སུ་འཛིན་སྲོལ་ཡོད།

ཕྱག་ཕྲེང་དུ་ཁྱིམ་ཚང་རེ་ལ་ཁང་པ་རེ་དང་། ཁང་པའི་སྲོག་ཤིང་ནི་ཐབ་ཀ་ཡིན་ཞིང་། ཐབ་ཀའི་ཡང་སྙིང་ནི་ཐབ་ལྟག་ལ་བཞུགས་པའི་ཐབ་ལྷ་ཡིན་པས་སྐབས་འདིར་ཕྱག་ཕྲེང་བས་ཐབ་ཀ་ཇི་ལྟར་བཟོས་པ་དང་། ཕྱག་ཕྲེང་གི་ཐབ་ལྷའི་རིག་གནས་སྐོར་ཅུང་ཟད་གླེང་བ་ལ།

དང་པོ། ཕྱག་ཕྲེང་བས་ཐབ་ཀ་བཟོ་ཚུལ།

ཕྱག་ཕྲེང་དུ་དུད་ཚང་འགའ་ཤས་ཀྱིས་ཐབ་ཀ་བཅའ་དུས་མེ་ཟོན་གྱི་ཆེད་དུ། འོག་ཐོག་གི་སའི་གདན་ནས་བར་ཐོག་བར་ཐབ་གདན་འདིང་སྲོལ་ཡོད། མང་ཆེ་བས་ཐབ་ཀ་བཅའ་སའི་འོག་ཐོག་གི་གཞི་མིག་དེའི་དྲལ་མ་སྟེང་ལ་རྡོ་གཡའ་མ་ལེབ་མོ་བཏིང་། དེའི་སྟེང་ལ་འདམ་པ་བླུགས། དེའི་སྟེང་ལ་ཐབ་ཀ་བཅས། ས་དམར་ལ་མེ་ཇི་ཙམ་ཆེ་ན་དེ་ཙམ་སྲ་མོར་ཆགས་ཐུབ་པའི་དགེ་མཚན་ལྡན་པས། ཐབ་ཀའི་རྒྱུ་ཆ་ནི་ཕལ་ཆེར་ས་དམར་ཡིན། ཐབ་སྒོ་དེ་ཁང་པས་ཁ་གང་དུ་སྐོར་བའི་ཕྱོགས་དེར་གཏད་པ། སྤྱིར་ཐབ་ཀ་གཅིག་ལ་ཐབ་སྒོ་གཅིག་དང་། ཐབ་མིག་གཉིས་ཡོད། འགའ་ཤས་ཀྱིས་བྱི་ལ་ཉལ་སའམ་བཟའ་བཏུང་གྲང་མོ་མི་ཆགས་པར་ཐབ་སྒོ་ལྷག་མ་ཆུང་ངུ་ཞིག་བཟོ་སྲོལ་ཡོད། ཐབ་སྒོའི་གཡས་གཡོན་ལ་ཤིང་ལོའི་གུར་ཁང་གཉིས་བཟོ། དེའི་དཀྱིལ་ལ་དཀར་ཡོལ་ཆག་རོའི་རྐུབ་སྟེགས་ཁ་སྦུགས་ནས་སྦྱར་བས་ཉི་མའི་དབྱིབས་དང་། དེའི་ཐོག་ལ་དཀར་ཡོལ་ཆག་རོས་ཟླ་ཕྱེད་ཟོར་བའི་དབྱིབས། དེའི་མཐའ་ལ་སྐར་མའི་རྣམ་པས་བསྐོར་ནས་ཉི་ཟླ་སྐར་གསུམ་འཛོམས་པའི་རི་མོར་གྱུར་པ། དེང་སང་བྱི་ལའི་པར་སྦྱར་མཁན་མང་། ཐབ་ཕུགས་ལ་ས་སྣ་དང་རྡོ་སྣ། ལྕགས་སྣ་སོགས་མཁོ་རྒུ་ཚང་བའི་ཐབ་ལྷ་བུམ་པ་གཏེར་དུ་སྦས། ཐབ་ཀའི་སྟེང་ལ་དུ་བ་འགྲོ་ས་དུ་སྐར་ཡོད། དུ་སྐར་ནི་རྒྱ་མཐོང་དང་ཅུང་མི་འདྲ་བར་གཞི་མིག་གཅིག་ནང་ལྕམ་མིག་གསུམ་མམ་ལྔ་ལ་ས་ཕྲུ་མ་བླུགས་པ་སྟོང་པར་བཞག་པ། སྔོན་མར་ལྕམ་ཤིང་ནས་ཐག་ཁྲི་སྟབས་བདེ་ཞིག་འཕྱངས་ཏེ་ཐུད་དང་ཤ་སོགས་དུ་སྐམ་བརྒྱབ་ནས་འཇོག་པ། སུམ་ཐོག་དུ་སྐར་གྱི་ངོས་གཅིག་གྱང་ལ་གཏད་ཅིང་དེ་མིན་ངོས་གསུམ་ལ་དུ་སྒོ་རེ་དང་། སྟེང་ཕྱོགས་ལ་ཁ་ཆོད་དང་ལྡན་པའི་དུ་སྒོ་ཞིག་ཡོད། དེང་སང་ཐབ་ཕུགས་ཀྱི་གྱང་ནང་ཤིང་ཀ་བཅུག་ནས་ཕྱིར་བཏོན་ཏེ་དུ་མདོང་བཟོས། ཐབ་ཀ་ལེགས་གྲུབ་བྱུང་ནས་ཉིན་དཀར་ཚེས་བཟང་ཞིག་ལ་བཀྲ་ཤིས་པའི་མི་ཞིག་བཙལ་ནས་སྣོད་དང་པོ་འཛུགས། ཆུ་དང་པོ་བླུགས། མེ་དང་པོ་འབུད། དེ་ནས་བཟུང་ཐབ་ཀར་ཕུག་ལྷ་འགྲིམ་ངེས་ཟེར། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་ནས་པར་དུ་བསྐྲུན་པའི་ནམ་མཁའི་ནོར་བུའི་གསུང་རྩོམ་ཕྱོགས་བསྒྲིགས་ཀྱི་ཤོག་གྲངས་302ལས། ཕུག་ལྷ་ནི་ཁྱིམ་ལྷ་ཡིན། ཤར་ལྷོ་ནུབ་བྱང་དབུས་དང་བཅས་པའི་ཕུག་ལྷ་སྤྱིན་འདྲེན་ཞིང་ཕུག་རྟེན་ལ་བསྟིམ་པ་དང་། ཁྱིམ་དེའི་ཕུག་རྟེན་ལ་རྟག་པར་བཞུགས་སུ་གསོལ་བ། ཕུག་ལྷ་དེ་དག་རྟག་པར་ཁྱིམ་ལ་འགོ་བ་དང་དེ་དག་གིས་ཁྱིམ་དེར་གནས་པའི་མི་རྣམས་ལ་སྡོང་གྲོགས་བྱེད་ཅིང་ཁྱིམ་དེའི་ཕྱྭ་གཡང་ལ་དབང་མཛད་པ་དང་ཕྱྭ་གཡང་མི་ཉམས་པའི་ཁ་མདོག་མཛད་པ་ཡིན་ནའང་། ཕུག་ལྷ་ཁྱིམ་དུ་མི་གནས་པའམ་དེ་དག་ལ་མནོལ་གྲིབ་སོགས་ཉམས་པའི་རིགས་བྱུང་བ་ཡིན་ན། ཕུག་གི་ལྷ་མི་བདེ་ན། ཁྱིམ་གྱི་མི་མི་བདེ། ཕུག་ལྷའི་དབུ་དམའ་ན་ཁྱིམ་ལ་གོད་ཁ་འབྱུང་ཟེར་བའི་དཔེ་ལྟར། ཁྱིམ་དེ་ལ་གནས་པའི་མི་རྣམས་བཀྲ་མི་ཤིས་པའི་རིགས་རྣམས་འབྱུང་ཉེས་པས་ཉམས་གྲིབ་ཀྱི་རིགས་ཀུན་བཅོས་དགོས་པ་ཡིན།

ཐབ་ཀ་ནི་ཉིན་གཅིག་ཐུན་གསུམ་གྱི་ཁ་ཟས་གཡོ་སྐོལ་བྱེད་ས་དང་། ལྷ་ཚོགས་གཞན་ལ་བསང་མཆོད་དང་སྤོས་བདུག །བསུར་འབུལ་བཅས་ཀྱི་མེའི་འབྱུང་ཁུངས་ཡིན་པས། ཕྱག་ཕྲེང་བས་ཕུག་ལྷ་ལ་མནོལ་གྲིབ་མི་ཕོག་པའི་ཆེད་དུ། ཐབ་ཀ་ནང་ཐད་ཀར་ཤ་མི་བསྲེགས་པ་དང་། ཉ་སྦལ་སོགས་ཆུ་གནས་ཀྱི་རིགས་དང་། སྡེར་མོ་ཅན་གྱི་སྲོག་ཆགས། རྨིག་པ་ཅན་གྱི་རྟ་དྲེལ་སོགས་ཀྱི་ཤ་ཟས་མི་གཡོས་པ། ཐབ་ཀ་ནང་གད་སྙིགས་མི་སྲེག་པ། ཐབ་ཀ་ལ་འགོམ་གཡོག་མི་བྱེད་པ། ཐབ་ཀའི་ཐོག་གོས་ལྷམ་མི་འཇོག་པ། ཐབ་ཀའི་ཐོག་སྐྲ་མི་བཀྲུ་བ། ཐབ་ཀ་ལ་རྐང་པ་གཏད་ནས་མི་སྡོད་པ། ཐབ་ཀ་ནང་ལུད་པ་མི་འཕེན་པ། ཐབ་འགྲམ་ལ་སྡོད་ནས་ཚིག་རྩུབ་མི་སྨྲ་བ། ཐ་ན་མེ་ཐུར་དང་ཐལ་སྐྱོགས་སོགས་ཐབ་ཀའི་མཁོ་ཆས་དག་ལའང་མི་འགོམ་ཞིང་། བརྒྱ་ལ་གལ་སྲིད་ཐབ་ཀར་བཙོག་པ་ཤོར་སོང་ན། དེ་མ་ཐག་ཏུ་ཤུག་བདུག་དང་རྩམ་བདུག་གང་རུང་གིས་གཙང་སེལ་བྱེད་པ། ཐབ་ཀའི་ནང་ཤིང་འཇུག་དུས་འགོ་མཇུག་མ་ནོར་བ། གཡེར་མའི་ཤིང་དང་། ལྟག་མའི་ཤིང་། བོ་དྷིའི་ཤིང་། སྟར་གའི་ཤིང་སོགས་མི་འབུད་པ་སོགས་ཐབ་ཀའི་ཕྱི་ནང་གསང་གསུམ་གྱི་འཕྲོད་བསྟེན་ལེགས་པོ་བྱེད་ཀྱི་ཡོད།

ཕྱག་ཕྲེང་དུ་ཁང་པ་གསར་པ་ལེགས་གྲུབ་བྱུང་ནས་ཁང་པར་སྤོ་བའི་ཁང་སྟོན་གྱི་མཛད་སྒོ་ལ་ཐབ་ཀ་གསོ་ཟེར་བ་ལས་ཁང་སྟོན་ཟེར་སྲོལ་མེད། དེ་ནི་ཐབ་ཀར་མེ་འབུད་ཅིང་འབྱུང་བ་མེ་བསྣན་པས་གྱང་ཁང་དཀར་པོར་འབྱུང་བ་ལྔ་ཡོངས་སུ་ཚང་ཞིང་ལས་རིམ་མཐའ་དག་མཇུག་གྲིལ་པས་ཁྱིམ་མི་ནང་ལ་སྡོད་འགོ་འཛུགས་པ་དང་ཐབ་ལྷ་མཆོད་པའི་རྟེན་འབྲེལ་ཡིན་པ་འདྲ།

ཕྱག་ཕྲེང་བས་བསོད་ནམས་མེ་དང་ལོངས་སྤྱོད་ཆུ་ཞེས། ཐབ་ཀར་མེ་འབུད་པའི་ཉིན་དེ་ནས་ཁྱིམ་ནང་བསོད་ནམས་ཆགས་པ་དང་། འཐུང་ཆུ་དང་ཡུར་ཆུ་ཡོད་པ་ན་ཁྱིམ་ཚང་དང་ལུང་པ་ལ་འདོད་ཡོན་ལོངས་སྤྱོད་རྫོགས་རྒྱུ་མེད་པའི་ཡིད་ཆེས་ཡོད་ཅིང་མེ་དང་ཆུ་ནི་བཙོག་གྲིབ་སེལ་བྱེད་དུ་གྱུར་ཏེ་ཆུ་ལ་བརྟེན་ནས་གཟུགས་ཅན་གྱི་ནག་ནོག་སེལ་ཞིང་མེ་ཡི་བདུག་པ་ལ་བརྟེན་ནས་གཟུགས་མེད་ལྐོག་གྱུར་གྱི་མནོལ་གྲིབ་སེལ་གྱི་ཡོད།

ཕྱག་ཕྲེང་སྐད་དུ་དུད་མྱེ་སྤར་ཞེས་པའི་སྐད་ཆ་དེ་ནི་ཐབ་ཀ་ནང་ལ་མེ་འབུད་པའི་ཚིག་འགྲེལ་ཙམ་མ་ཚད། ཁྱིམ་ཚང་ཞིག་གསར་དུ་གཞིས་ཆགས་པའམ་ཁྱིམ་ཚང་རྙིང་པ་ཞིག་ཡུན་ནས་ཡུན་དུ་འཚོ་གནས་བྱེད་བཞིན་པའི་དོན་ཡིན།

ཐབ་ཆུང་ཆུང་ལ་མེ་ཚ་པོ་འབུད་པའི་གཏམ་དཔེ་དེ་ནི། ཁྱིམ་ཚང་གི་བཟའ་མི་ཉུང་ཞིང་གཞི་རྒྱ་ཆུང་ཡང་ནང་མི་རྣམས་རུས་ངར་པོ་དང་ཕན་ཚུན་ཁ་འཆམ་ཞིང་སེམས་མཐུན་པ། ནང་བཀྲ་ཤིས་ལ་ཕྱི་དོན་འགྲུབ་པའི་མཚོན་བྱེད་ཅིག་ཡིན། ཐབ་ཀ་ནས་མེ་ཆེན་པོ་སྤར་ཞེས་པ་ནི་ཁྱིམ་ཚང་དེའི་དཔལ་ཁ་མེ་ལྕེ་འབར་འབར་བཞིན་གོང་འཕེལ་དུ་གཏོང་བའི་དམ་བཅའ་ཡང་ཡིན།

ཐབ་ཀ་ནི་ཁྱིམ་ཚང་ཞིག་གི་བཟའ་བཏུང་གི་འབྱུང་ཁུངས་དང་། ཁྱིམ་དོན་གྲོས་ཀྱིས་གཅོད་ས། བྱིས་པ་སྐྱེད་སྲིང་བྱེད་ས། རྒན་རྒོན་གཉོར་སྐྱོང་བྱེད་ས། སྐྱིད་སྡུག་དོན་ཆེན་སྒྲུབ་ས། བསོད་ནམས་ཀྱི་གཞི་མ། དྲོ་སྐྱིད་ཀྱི་ལྟེ་གནས་ཡིན་པས། ཁྱིམ་མི་ཚང་མ་རྒན་གཞོན་ཕོ་མོ་གོ་རིམ་ལྟར་ཐབ་ཀའི་མཐའ་ལ་སྒོར་སྒོར་བྱས་ནས་བསྡད་དེ་ཁྱིམ་ཚང་གི་འཆམ་མཐུན་མཛའ་གཅུགས་ཀྱི་བདེ་སྐྱིད་དཔལ་ལ་རོལ།

གཉིས་པ། ཕྱག་ཕྲེང་གི་ཐབ་ལྷའི་རིག་གནས།

ཕྱག་ཕྲེང་གི་ཐབ་ལྷའི་རིག་གནས་ལ་ཐབ་ལྷ་གང་ཡིན་པ་དང་། རྒྱ་ནག་ཧྭ་ཤང་དང་བོད་ཀྱི་ལས་འབྲེལ། རྒྱ་ནག་ཧྭ་ཤང་ཇི་ལྟར་ཐབ་ལྷ་ཆགས་པ། དེའི་མཚོན་དོན་གང་ཡིན་པ་སོགས་ས་བཅད་འགའ་ལ་བགོས་ནས་འཆད་པ་ལ།

1. ཕྱག་ཕྲེང་གི་ཐབ་ལྷ་གང་ཡིན་པ།

ཕྱག་ཕྲེང་གི་ཐབ་ལྷ་ནི་རྒྱ་ནག་ཧྭ་ཤང་ཡིན་པས། དེ་ནི་རྒྱ་བོད་རིག་གནས་སྤེལ་རེས་བྱེད་པ་དང་མཉམ་འདྲེས་བྱུང་བའི་ལོ་རྒྱུས་ཀྱི་གསོན་དཔེ་ཞིག་ཏུ་ཆགས་ཡོད། ཐབ་ལྷ་རྒྱ་ནག་ཧྭ་ཤང་ལ་ཕྱག་ཕྲེང་བས་ཛམ་བྷ་ལ་ཟེར་ཞིང་རྒྱ་ནག་ཧྭ་ཤང་འདི་ཕྱག་ཕྲེང་དུ་ཐབ་ལྷ་དང་ནོར་ལྷ་གཅིག་ལྕོགས་སུ་གནང་ཡོད་པས། ཕྱག་ཕྲེང་བས་ཁྱིམ་ཚང་ལ་བཟའ་བཏུང་ལོངས་སྤྱོད་ཕུན་སུམ་ཚོགས་པ་དང་། ནང་མི་ཚང་མ་ཚེ་རིང་ནད་མེད་ཁ་དགེ་བཀྲ་ཤིས་ཡོང་བ་འདི་ཐབ་ལྷ་ཡིད་བཞིན་ནོར་བུའི་བཀའ་དྲིན་ཡིན་པར་འདོད། ཕྱག་ཕྲེང་གི་ཐབ་ལྷ་རྒྱ་ནག་ཧྭ་ཤང་འདིའི་རྣམ་པ་དང་བཟོ་བཀོད་གང་ཅིའི་ཆ་ནས་བལྟས་ཀྱང་རྒྱ་ནག་གི་གནས་བརྟན་བཅོ་བརྒྱད་ལས། ཧྭ་ཤང་རས་ཁུག་ཅན་ནམ་ཧྭ་ཤང་དགེ་བསྲུང་རེད་འདུག །ཐབ་ལྷ་རྒྱ་ནག་ཧྭ་ཤང་གི་གཡས་གཡོན་ལ་ནེའུ་ལེ་ཁ་སྤྲོད་དུ་བཞུགས་པ། འགའ་ཤས་ཀྱི་ཧྭ་ཤང་གི་ཚབ་ཏུ་ནོར་བུ་མེ་འབར་བཞེངས་མཁན་ཡང་ཡོད། ཁ་ཤས་ཀྱིས་ནེའུ་ལེའི་ཚབ་ལ་བྱི་ལ་བཞེངས་མཁན་ཡང་འདུག ། ཐབ་ལྷ་ཡི་མཐའ་ལ་བཀྲ་ཤིས་རྟགས་བརྒྱད་དང་། བཀྲ་ཤིས་རྫས་བརྒྱད། འདོད་ཡོན་སྣ་ལྔ། ཉི་ཟླ་ཁ་སྤྲོད། མཆོད་པའི་ལྷ་མོ་སོགས་རྒྱན་སྤྲས་གང་རྒྱས་བྱས་ནས་རབ་གནས་ཁྲུས་གསོལ་ཚུལ་བཞིན་བསྒྲུབས་པ། རྒྱ་ཡིག་གི་ཡིག་ཚང་ལ་བལྟས་ན། ཧྭ་ཤང་དགེ་བསྲུང་ནི་འཁྲུངས་ལོ་མ་གསལ། འདས་ལོ་ནི་917དུས་རབས་བཅུ་པར་ཙེ་ཅང་ཞིང་ཆེན་ཉིང་པའོ་གྲོང་ཁྱེར་གྱི་མངའ་ཁུངས་སུ་ཞིང་དུད་དཀྱུས་མ་ཞིག་ཏུ་སྐུ་འཁྲུངས། དགུང་ལོ་བདུན་གྱི་དུས་ནས་རབ་ཏུ་བྱུང་སྟེ། ཐོས་བསམ་སྒོམ་གསུམ་གྱི་སྒོ་ནས་དམ་པའི་ལྷ་ཆོས་ཉམས་སུ་བཞེས་པས་མཁས་གྲུབ་གཉིས་ལྡན་གྱི་བསྟན་པའི་བདག་པོར་གྱུར་པ་དང་། རྒྱ་ནག་ཁྲང་ཨན་དུ་གནས་བརྟན་བཅུ་དྲུག་གདན་དྲངས་ཤིང་ཟླ་བ་གཅིག་གི་རིང་ལ་དབྱར་གནས་འཚོགས་པར་གྲགས། དུང་དཀར་ཚིག་མཛོད་ཀྱི་དགོངས་པ་ལྟར་ན་ཐབ་ལྷ་ཧྭ་ཤང་ནི་དུས་རབས་བདུན་པར་ཐང་ཐའེ་ཙུང་གི་མཆོད་གནས་དང་། དེའི་སྲས་བརྒྱད་ཀྱི་དགེ་རྒན། རྒྱ་གར་གྱི་གནས་བརྟན་བཅུ་དྲུག་རྒྱལ་ས་ཁྲང་ཨན་ལ་དངོས་སུ་གདན་དྲངས་སྐབས་སྣེ་ལེན་ཞུ་མཁན་དེ་ཡིན་གསུངས། ཧྭ་ཤང་རས་ཁུག་ཅན་གྱིས་རྒྱ་གར་གྱི་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་པའམ་གདན་འདྲེན་གྱི་སྣེ་ཁྲིད་གནང་བ་བཅས་གནས་བརྟན་བཅུ་དྲུག་དང་འབྲེལ་བ་ཟབ་པས། དགེ་བསྙེན་དྷརྨ་ཏཱ་ལ་དང་མཉམ་དུ་གནས་བརྟན་གྱི་གྲལ་ལ་བཞག་སྟེ་རྒྱ་ནག་ཏུ་གནས་བརྟན་བཅོ་བརྒྱད་ལ་གྱུར་པའི་རྒྱུ་མཚན་དེ་ཡིན་ཞེས་དུང་དཀར་ཚིག་མཛོད་དུ་གསུངས། རྒྱ་ནག་གི་ནང་པ་སངས་རྒྱས་པས་ཧྭ་ཤང་དགེ་བསྲུང་མཆོག་མ་འོངས་སངས་རྒྱས་བྱམས་པ་མགོན་པོའི་རྣམ་སྤྲུལ་དུ་ངོས་བཟུང་ཞིང་དགོན་པ་ཁག་གི་རྒྱ་སྒོ་ནས་འཛུལ་མ་ཐག་པའི་མདུན་ཕྱོགས་སུ། ཧྭ་ཤང་དགེ་བསྲུང་མཆོག་གསེར་འོད་ཆིམ་ཆིམ་དུ་འཕྲོས་ཏེ་དད་ལྡན་མང་ཚོགས་ལ་ཨང་དང་པོའི་བསུ་མ་གནང་།

2.རྒྱ་ནག་ཧྭ་ཤང་དང་བོད་ཀྱི་ཐོག་མའི་ལས་འབྲེལ།

ཧྭ་ཤང་ཞེས་པ་རྒྱ་ནག་སྐད་དེ། བོད་སྐད་དུ་གྲྭ་པའམ་བཙུན་པ་ཟེར། ཧྭ་ཤང་འདི་གནའ་སྔ་མོ་ཞིག་ནས་བོད་དང་འབྲེལ་བ་ཟབ་མོ་ཡོད་དེ། དུས་རབས་བདུན་པར་ཆོས་རྒྱལ་སྲོང་བཙན་སྒམ་པོས་མཐའ་འདུལ་ཡང་འདུལ་གྱི་གཙུག་ལག་ཁང་མང་པོ་བཞེངས། དེ་བས་ཀྱང་རྒྱ་ནག་ནས་གདན་དྲངས་པའི་སྟོན་པ་ཤཱཀྱ་ཐུབ་པ་དགུང་ལོ་བཅུ་གཉིས་ཚད་ཀྱི་སྐུ་ཇོ་བོ་ཤཱཀྱ་མུ་ཎི་དང་། དགུང་ལོའི་བརྒྱད་ཀྱི་སྐུ་ཚད་ཇོ་བོ་མི་བསྐྱོད་རྡོ་རྗེ་རྣམ་གཉིས་ཀྱི་བཞུགས་གནས་གཙུག་ལག་ཁང་ཆེ་ཆུང་བཞེངས་གྲུབ་བྱུང་རྗེས་བོད་དུ་སེར་མོ་བ་མེད་པས་རྒྱ་དཀར་ནག་ནས་གྲྭ་བཙུན་གདན་དྲངས་ཏེ། དཀོར་གཉེར་གྱི་ཚུལ་དུ་གཙུག་ལག་ཁང་ནང་མཆོད་འབུལ་གྱི་ཕྱག་ལས་གནང་བ། དེ་ནས་རྒྱ་ནག་ཧ་ཤང་མ་ཧྭ་དེ་ཝ་ཆེ་སོགས་སྤྱན་དྲངས་ནས་མདོ་རྒྱུད་ཉི་ཤུ་རྩ་གཅིག་བསྒྱུར་བའི་སྐོར་ལ། དེབ་ཐེར་དམར་པོའི་ཤོག་གྲངས་༣༥ལས། རྒྱ་གར་གྱི་སློབ་དཔོན་ཀུ་ས་ར་དང་། བྲམ་ཟེ་ཤམ་ཀ་ར་དང་། བལ་པོའི་སློབ་དཔོན་ཤི་ལ་མཉྫུ་དང་། ཁ་ཆེའི་སློབ་དཔོན་ཏ་ནུ་ཏ་དང་། གྷ་ནུ་ཏ་དང་། རྒྱ་གར་གྱི་མཁན་པོ་ལི་བྱིན་དང་། རྒྱ་ནག་ཧ་ཤང་མ་ཧྭ་དེ་བ་སྤྱན་དྲངས་ནས། ལོ་ཙཱ་བ་ཐོན་མི་སཾ་བྷོ་ཊ་དང་། དེའི་འཆན་བུ་དྷརྨ་ཀོ་ཤ་དང་། ལྷ་ལུང་རྡོ་རྗེ་དཔལ་རྣམས་ཀྱིས་ཆོས་ཅི་རིགས་བསྒྱུར་ཅིང་གཏན་ལ་ཕབ། དུས་རབས་བརྒྱད་པར་ཁྲི་སྲོང་ལྡེའུ་བཙན་གྱི་དུས་སུ་རྒྱ་གར་གྱི་མཁན་པོ་ཞི་བ་འཚོ་དང་། སློབ་དཔོན་པདྨ་འབྱུང་གནས། དེ་བཞིན་དུ་རྒྱ་ནག་གི་ཧ་ཤང་མ་ཧ་ཡ་ན་ལ་སོགས་སྤྱན་དྲངས་ནས་མདོ་མཛངས་བླུན་དང་བཟང་སྤྱོད་སྨོན་ལམ། རྒྱ་ནག་ཀེག་ཟློག་སོགས་རྒྱལ་བའི་བཀའ་གང་མང་ཞིག་རྒྱ་ནག་གི་ཡི་གེ་ནས་བོད་ཡིག་ཏུ་བསྒྱུར། སྐབས་དེར་གཅིག་ཅར་ཏུན་མེན་འཇུག་པའི་རྒྱ་ནག་གི་བསམ་གཏན་མཁན་པོ་ཧྭ་ཤང་མ་ཧཱ་ཡ་ན་དང་དབུ་མ་རང་རྒྱུད་པའི་བཞེད་སྲོལ་འཛིན་པའི་རིམ་ཅན་འཇུག་པའི་ཙེན་མེན་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་རྣམ་གཉིས་ལྟ་བ་མ་མཐུན་པས། བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་གི་རྒྱལ་རབས་གསལ་བའི་མེ་ལོང་གི་ཤོག་གྲངས་222ལས་སེམས་བསྐྱེད་བྱང་ཆུབ་གླིང་དུ་གདན་ཁྲི་ཆེན་པོ་བཤམས་ཏེ། རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གུང་ལ་བཞུགས། གཡས་ཕྱོགས་སུ་ཧྭ་ཤང་དཔོན་སློབ་རྣམས་བཞུགས། གཡོན་ཕྱོཡགས་སུ་ཀ་མ་ལ་ཤཱི་ལ་དཔོན་སློབ་བཞུགས། རྩོད་པ་བྱས་པས་མཁས་པ་ཀ་མ་ལ་ཤཱི་ལ་རྒྱལ་བར་གྱུར་ཏེ། ཧྭ་ཤང་གིས་ཕམ་བླངས་ནས་མེ་ཏོག་གཏོར་རོ།། དེ་ནས་ཧྭ་ཤང་སླར་རྒྱ་ཡུལ་ལ་བཞུད་པ་དང་། ལྷམ་ཡ་གཅིག་བོད་དུ་ལུས་པས་ཧྭ་ཤང་གི་ཞལ་ནས་ད་རུང་བོད་དུ་ངའི་ལྟ་བ་འཛིན་པ་འགའ་རེ་ཡོད་པར་འདུག་གསུངས་སོ།། མཁས་པ་འགའ་ཤས་ཀྱིས་དུས་ད་ལྟའང་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ཁག་ཅིག་ཏུ་ཧྭ་ཤང་མ་ཧཱ་ཡ་ནའི་ལྟ་གྲུབ་འདྲེས་ཡོད་པར་འདོད།

ལོ་རྒྱུས་ཞིབ་འཇུག་པ་ཁག་ཅིག་གིས་གསུངས་ན། དེ་ནི་རྒྱལ་ཕམ་གྱི་གནད་འགག་མ་ཡིན་པར་ཁྲི་སྲོང་ལྡེའུ་བཙན་གྱིས་བོད་དུ་སངས་རྒྱས་ཆོས་ལུགས་ཐོག་མར་དར་བའི་གནས་བབ་ལ་གཞིགས་ནས་ལས་འབྲས་ཀྱི་རྣམ་གཞག་དང་ཕར་ཕྱིན་དྲུག་རིམ་པ་ལྟར་འཇུག་པ་སོགས་དགོས་ངེས་ཀྱི་དབང་གིས། ཧྭ་ཤང་གི་ལྟ་བ་ཁས་མ་ལེན་པར་གསུངས།

ཡང་འགའ་ཤས་ཀྱིས་ཧྭ་ཤང་ཕམ་པའི་མཐའ་འབྲས་བསྒྲགས་པ་ནི་ཆུ་འགོ་གངས་དང་ཆོས་འགོ་རྒྱ་གར་འཕགས་པའི་ཡུལ་ནས་ཡིན་པས་རྒྱལ་པོ་ཁྲི་སྲོང་ལྡེའུ་བཙན་གྱིས་དབང་ཡོད་ཀྱིས་རྒྱ་གར་གྱི་སློབ་དཔོན་ཀ་མ་ལ་ཤཱི་ལ་རྒྱལ་བའི་བཀའ་བསྒྲགས་པ་རེད་ཟེར།

གང་ལྟར་བོད་བཙན་པོའི་དུས་སུ་རྒྱ་ནག་ཧྭ་ཤང་གིས་ཀྱང་རྒྱ་གར་གྱི་སློབ་དཔོན་རྣམས་དང་མཉམ་དུ་བོད་དུ་སངས་རྒྱས་ཆོས་ལུགས་སྤེལ་པ་ལ་སྐུ་དྲིན་ཆེན་པོ་བཅངས་ཡོད་པ་མངོན་སུམ་ཚད་མ་རེད།

3.ཧྭ་ཤང་དགེ་བསྲུང་ཇི་ལྟར་ཕྱག་ཕྲེང་གི་ཐབ་ལྷ་ལ་ཕེབས་པ།

དུང་དཀར་ཚིག་མཛོད་ཀྱི་ཤོག་གྲངས་1226ལས། བོད་ཀྱི་གནས་བརྟན་བཅུ་དྲུག་གི་སྐུ་བརྙན་བྲིས་ཐང་དང་འཇིམ་སྐུ་ནི་ཐོག་མར་དུས་རབས་བཅུ་པའི་མཇུག་ཏུ་བླ་ཆེན་དགོངས་པ་རབ་གསལ་གྱི་སློབ་མ་ཀླུ་མེས་འབྲོམ་ཆུང་མདོ་སྨད་དུ་བཞུགས་པའི་སྐབས་ཤིག་རི་བོ་རྩེ་ལྔ་སོགས་ནང་པའི་གནས་རྟེན་ཁག་མཇལ་བར་ཕེབས་པའི་ལམ་ཞོར་ཐང་རྒྱལ་རབས་ཀྱི་རྒྱལ་ས་ཁྲང་ཨན་དུ་ཡུན་རིང་བཞུགས་སྐབས། གོང་དུ་བཤད་པ་ལྟར་ཐང་གི་གོང་མ་མིང་ཙུང་གིས་གནས་བརྟན་བཅུ་དྲུག་དངོས་སུ་གདན་དྲངས་ནས་ཟླ་བ་ཁ་ཤས་བཞུགས་ཏེ་ཕྱིར་ཕེབས་གནང་ཁར་གནས་བརྟན་རྣམས་ལ་ན་བཟའ་མཚོན་བྱེད་དུ་རྒྱ་ལུགས་ཧ་ཤང་གི་ཆས་དང་འདྲ་བའི་གོས་ཆེན་ཏིང་ཕོན་མངགས་བཏགས་མ་རེ་ཕུལ་ཏེ། དྲན་རྟེན་དུ་རི་མོ་མཁས་པ་རྣམས་ནས་གནས་བརྟན་རྣམས་ཀྱི་འདྲ་ཐང་རེ་བྲིས་པ་དེ་དངོས་སུ་གཟིགས་པར་བརྟེན་ཀླུ་མེས་ཀླུ་མེས་ཚུལ་ཁྲིམས་ཤེས་རབ་ཀྱིས་ས་མོ་བྱ་ཡི་ལོ་1009ལོར་དབུས་སྟོད་ལ་མོར་འགྱེལ་གྱི་གཙུག་ལག་ཁང་ཕྱག་བཏབ་ཀྱིས་འདྲ་བཤུས་གནང་ནས་བོད་དུ་བསྣམས་ཕེབས་རྗེས་བྲག་ཡེར་པར་གནས་བཅུ་ལྷ་ཁང་ཞིག་བཞེངས་གནང་སྟེ། འདྲ་ཐང་བཤུས་བྲིས་ལ་མ་དཔེ་བྱས་པའི་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པ་གནང་བ་ནི་བོད་དུ་གནས་བརྟན་བཅུ་དྲུག་གི་འཇིམ་སྐུ་བཞེངས་པའི་ཐོག་མ་ཡིན་ཞིང་། དེ་ནས་བཟུང་བོད་དུ་རྒྱ་ནག་ཧྭ་ཤང་གི་ཆས་གོས་བཞེས་པའི་གནས་བརྟན་བཅུ་དྲུག་གིས་བྲིས་སྐུ་དང་འབུར་སྐུ་མང་པོ་དར་སྤེལ་བྱུང་སྟེ་དགོན་པ་ཆེ་ཆུང་ཚང་མར་བྲིས་འབུར་གྱི་སྐུ་མཐོང་རྒྱུ་ཡོད་པ་དེ་ནི་རྒྱ་བོད་མི་རིགས་བར་རིག་གཞུང་བརྗེ་རེས་ཀྱི་དཔེ་མཚོན་གསོན་པ་ཞིག་ཡིན་ལ། གནས་བརྟན་བཅུ་དྲུག་པོ་ཚང་མ་རྒྱ་གར་གྱི་དགྲ་བཅོམ་པ་ཤ་སྟག་ཡིན་ཡང་། བོད་ཀྱི་རི་མོའི་ལག་རྒྱུན་དུ་ཚང་མ་རྒྱ་ནག་གི་ཧྭ་ཤང་དང་འདྲ་བར་ན་བཟའ་ཕུ་ཐུང་ཅན་ཤ་སྟག་བྲིས་སྲོལ་ཡོད་པའི་རྒྱུ་མཚན་ཡང་དེ་ཡིན།

དེས་ན། ཧྭ་ཤང་དགེ་བསྲུང་གི་འདྲ་སྐུ་ཡང་བསྟན་པ་ཕྱི་དར་གྱི་དུས་སུ་བོད་དུ་ཕེབས་ཡོད་ཚོད་རེད། སྐབས་དེར་ཁོང་བོད་པའི་དགོན་པ་དང་མཆོད་ཁང་ལ་མ་ཕེབས་པར་ཐབ་ལྟག་ལ་བཞུགས་ཏེ་ཐབ་ལྷ་དང་ནོར་ལྷ་གཅིག་ལྕོགས་སུ་གནང་བས་བོད་མི་རྣམས་ཀྱིས་ཐབ་ལྷ་ཡིད་བཞིན་ནོར་བུ་ཡིས་འདོད་ཡོན་ཕུན་སུམ་ཚོགས་བཅུག་རོགས་ཞེས་གོང་དུ་བཀུར་ཞིང་གསོལ་འདེབས་ཞུས།

ཁོང་ནོར་ལྷ་ཡིན་པའི་ཆ་ནས་དེང་སང་ཕྱག་ཕྲེང་གི་དུད་ཚང་ཁ་ཤས་ཀྱིས་ཐབ་ལྷ་དེ་ནོར་ལྷ་ཛམ་བྷ་ལ་རྣམ་ཐོས་སྲས་ཀྱི་རྣམ་པར་བཞེངས་ཤིང་གཡས་གཡོན་དུ་འདོད་ཡོན་སྣ་ལྔ་དང་། བཀྲ་ཤིས་རྟགས་བརྒྱད། བཀྲ་ཤིས་རྫས་བརྒྱད་སོགས་ཀྱི་མཆོད་པས་བརྒྱན་ཡོད།

4.ཐབ་ལྷ་རྒྱ་ནག་ཧྭ་ཤང་གི་རྣམ་པའི་མཚོན་དོན།

ཕྱག་ཕྲེང་དུ་ཧྭ་ཤང་དགེ་བསྲུང་གི་སྐུ་ཕལ་ཆེར་བཞེངས་སྐུ་ཡིན། རྒྱུ་ཆ་སྨན་འདམ་དང་དཀར་ཡོལ། ཟངས་དང་ལྕགས་སོགས་ལ་གཟུངས་གཞུག་ཕུལ་བ། རྒྱ་ནག་ཧྭ་ཤང་གི་རྣམ་པ་ལ་རིགས་ཁ་ཤས་ཡོད་དེ། ཕྱག་ཏུ་གང་ཡང་མ་བསྣམས་པར་ལྷོད་ཤིག་ཤིག་གིས་རང་བབས་སུ་བཞུགས་པས་ནི་མཐོང་ཐོས་དྲན་པ་ཀུན་ལུས་སེམས་བདེ་ལ་འཁོད་ཡོད།

ལུགས་གཞན་ཞིག་ཏུ་ཕྱག་གཡས་ལ་རས་ཁུག་ཅིག་བསྣམས་པས། མཚན་གྱི་རྣམ་གྲངས་ལ་གནས་བརྟན་རས་ཁུག་ཅན་ནམ་ཧྭ་ཤང་རས་ཁུག་ཅན་ཞུས། རས་ཁུག་སྐུའི་ཞབས་ལ་བཏིང་ཞིང་ནང་དུ་ནོར་བུ་རིན་པོ་ཆེས་བྱུར་བུར་གཏམས་པ། གཞན་ཡང་ནོར་ལྷའི་ཚུལ་དུ་ཕྱག་གཡོན་ལ་གཏེར་གྱི་ནེའུ་ལེ་ནོར་བུ་ཆར་འབེབས་པ་བསྣམས་ཤིང་ནེའུ་ལེའི་ཁ་ནས་ནོར་བུ་གང་འདོད་ལྟར་སྐྱུགས་པས་འགྲོ་བའི་དབུལ་ཕོངས་ཀྱི་གདུང་བ་སེལ་ཞིང་རེ་འདོད་བསྐངས་བ། ལྟག་ཨོ་རྒྱན་ཆོས་འཕེལ་ལགས་ཀྱིས་གསུངས་ན། ཧྭ་ཤང་གི་སྐུ་པང་དང་ཕྲག་པ་སོགས་ལ་ཕྲུ་གུ་ཁ་དམར་གཉིས་སམ། དྲུག་གམ། བརྒྱད་སོགས་དགའ་སྤྲོའི་འཛུམ་མདངས་དང་བཅས་འབྱར་བ་ནི་གནས་བརྟན་བཅུ་དྲུག་གཞི་གཅིག་ཏུ་འདུས་པ་ཡིན་ཟེར། སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭའི་དགེ་རྒན་ཡོན་ཏན་ཚེ་རིང་གིས། སྔོན་དཔེ་རྙིང་ཞིག་ཏུ་ཧྭ་ཤང་ལ་ཕྲུ་གུ་མང་པོ་འབྱར་པ་དེ་ཧྭ་ཤང་མཆོག་བཟོད་པའི་ཕ་རོལ་དུ་ཕྱིན་པ་མཚོན་ཡོད་ཅེས་བཀོད་འདུག་གསུངས། ཕྱག་ཕྲེང་དུ་ཐབ་ལྷའི་ཚབ་ལ་དཀྱིལ་དུ་ལྷ་ཡི་ནོར་བུ་མེ་འབར་བ་དང་དེའི་གཡས་གཡོན་དུ་ནེའུ་ལེ་ཆ་བྱས་ནས་བཞེངས་པའང་ཤེས་རབ་རལ་གྲིས་འཇམ་པའི་དབྱངས་མཚོན་པ་ལྟར་ནོར་བུ་མེ་འབར་དང་ནེའུ་ལེ་ཡིས་ཐབ་ལྷ་ཧྭ་ཤང་མཚོན་པ་འདྲ། དུས་ཕྱིས་ཁྱིམ་ཚང་འགའ་ཤས་ཀྱིས་ནེའུ་ལེ་ཡ་གཅིག་གི་ཚབ་ལ་བྱི་ལ་བཞེངས་པ་དང་། ཐ་ན་བྱི་ལ་ཆ་བྱས་ནས་བཞེངས་མཁན་ཡང་ཡོད། ཟེར་སྲོལ་ལ་སྔར་ཕྱག་ཕྲེང་དུ་བྱི་བས་འབྲུ་རིགས་རྐུས་པ་དང་འབྲུ་མཛོད་དུ་གཅིན་སྐྱག་བཏང་ནས་བཙོག་པ་བཟོས་པ་སོགས་མུ་གེ་ཐོག་ལ་ཟླ་ལྷག་ཅེས་པའི་དཔེ་ལྟར་ཡུལ་ལ་མ་བདེ་བར་བཟོས་པས། ཡུལ་མི་རྣམས་ཐབས་ཟད་འུ་ཐུག་ནས། བྱི་བ་ལ་ཁ་གནོན་བཅོག་པའི་ཆེད་དུ། མི་འཇོན་ཐང་ཅན་ཞིག་རྒྱ་གར་དུ་བཏང་ནས་དཀའ་བ་དང་དུ་བླངས་ཤིང་ངལ་བ་ཁྱད་དུ་བསད་ནས་བྱི་ལ་གདན་འདྲེན་ཞུས། བྱི་ལར་འོ་མ་འཐུང་ཆོག་པ་དང་ཁྱིམ་ཚང་གི་རྒན་གྲས་དང་མཉམ་དུ་ཐབ་རྩར་འདུག་ཆོག་པའི་དམིགས་བསལ་གྱི་ཐོབ་ཐང་སྤྲོད། བྱི་ལ་འདི་རྒྱ་གར་གྱི་དགེ་སློང་ཞིག་གི་སྐྱེ་རྒྱུད་དུ་ངོས་བཟུང་ནས་རྩིས་ཆེན་བྱེད། དེས་ན། བྱི་ལ་དང་ནེའུ་ལེ་དབྱེ་བ་མ་འབྱེད་པའམ་བྱི་ལར་བརྩི་མཐོང་ཆེ་དྲགས་པ། གང་ལྟར་བྱི་ལའི་སྐུ་བཞེངས་པའི་སྲོལ་ཡང་འདུག །

ཧྭ་ཤང་སྐུ་ཤ་ཤིན་ཏུ་རྒྱགས་པས་ནི་ཚེ་བསོད་དཔལ་འབྱོར་རྒྱས་པ་དང་། གྲོད་ཁོག་ཆེ་ཞིང་ཕྱིར་ལུག་པས་ནི་བཟང་ཤོང་ངན་ཤོང་། སྐྱིད་འཁྱོག་སྡུག་འཁྱོག །ཕྱི་གསལ་ནང་གསལ་གྱི་བློ་ཁོག་དང་སྤོབས་པ་ལྡན་པ། རྟག་པར་ཞལ་འཛུམ་པས་ནི་སེམས་ཅན་ལ་ཚད་མེད་ཀྱི་སྙིང་རྗེ་བཅངས་པ། དབུ་རིལ་དགེ་སློང་གི་རྣམ་པས་ནི་ཤེས་བྱའི་གནས་ལ་མཁས་ཤིང་སྡོམ་ཁྲིམས་གཙང་བ། ཕྱག་ཏུ་ཕྲེང་བ་བསྣམས་པས་ནི་ལས་རྒྱུ་འབྲས་དང་། དགེ་སྡིག་སྤང་བླང་གི་གནས་ལུགས་བསྟན་པ་སོགས་འགྲོ་བའི་བདེ་སྐྱིད་མ་ལུས་འབྱུང་བའི་ཞིང་ས། སེམས་དཔའ་ཆེན་པོ་ཁོང་ལ་ཡིད་ཆེས་དང་དད་པ་རྣམ་དག་ཡོད་ན། བུ་འདོད་པས་ནི་བུ་འཐོབ་འགྱུར་ཞིང་། །ནོར་འདོད་པས་ནི་ནོར་རྣམས་ཐོབ་པར་འགྱུར་ཏེ། །

བགེགས་རྣམས་མེད་ཅིང་སོ་སོར་འཇོམས་འགྱུར་ཞེས་གསུངས་པ་ལྟར་གངས་ཅན་བོད་པས་ཇི་སྲིད་ཐབ་ཀའི་མེ་མ་ཤིའི་བར་དུ་ཐབ་ལྷ་ཡིད་བཞིན་ནོར་བུ་ཁོང་ལ་ཇ་ཕུད་རྒྱ་མཚོས་མཆོད་ཅིང་ཇ་འདོན་ཚངས་དབྱངས་ཀྱིས་བསྟོད་ལགས་སོ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1