དུས་རབས་གསར་པའི་ནང་དུ་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་པར་སྐྲུན་བྱས་ཚུལ་སྐོར་གྱི་གཏམ་ཐུང་ངུ།
རིན་སྤུངས་ཚུལ་བརྟན། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07
དང་པོ། ཨ་གཡུང་བཀའ་འགྱུར་པར་གཞི།
1.ཨ་གཡུང་དྲུང་བསྟན་པའི་རྒྱལ་མཚན་ནམ་ཨ་གཡུང་རིན་པོ་ཆེ། 1922ལོར་ཁམས་ཉག་རོང་དུ་སྐུ་འཁྲུངས། ཉག་གཏེར་གསང་སྔགས་གླིང་པའི་མདུན་ནས་རྒྱལ་བའི་བཀའ་རིན་པོ་ཆེའི་ལྗགས་ལུང་ཐོབ་པ་སོགས་སྐྱེས་ཆེན་དུ་མའི་མདུན་ནས་ཕྱི་ནང་གསང་གསུམ་གྱི་དབང་ལུང་ཁྲིད་གདམས་སོགས་ཞུས། ཁྱད་པར་དུ་པཎ་ཆེན་བཅུ་པ་ཆེན་པོ་སོགས་ལ་ཡར་ཞུས་བྱས་ཏེ《 གཡུང་དྲུང་བོན་གྱི་བཀའ་འགྱུར་གློག་པར་མ།》པར་སྐྲུན་བྱས་ཏེ་མི་རིགས་སྤྱི་ལ་ཕན་པའི་མཛད་འཕྲིན་རྒྱ་ཆེན་པོ་བསྐྱངས། 1997ལོར་དགོངས་པ་བོན་དབྱིངས་སུ་གཤེགས། ཁོང་ལ་གསུང་འབུམ་པོ་ཏི་གཉིས་ཙམ་བཞུགས།
2.བཀའ་འགྱུར་པར་གཞི་དེའི་ངོ་སྤྲོད་དང་བརྒྱུད་རིམ། 1985ལོར་ཨ་གཡུང་རིན་པོ་ཆེ་མཆོག་གིས་པཎ་ཆེན་བཅུ་པ་ཆེན་པོ་མཆོག་ལ་དབལ་ཁྱུང་དགོན་གྱི་བཀའ་འགྱུར་བྲིས་མ་དེ་པར་སྐྲུན་བྱ་རྒྱུའི་སྙན་ཞུ་ཕུལ་ཏེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འབྲེལ་ཡོད་སྡེ་ཁག་གི་ཆོག་མཆན་ཐོབ། དེ་ནས་སི་ཁྲོན་ཞིང་ཆེན་མི་རིགས་ཞིབ་འཇུག་ཁང་སུའོ་བོད་ཀྱི་རིག་གནས་ཞིབ་འཇུག་ཁང་གིས་རྒྱབ་སྐྱོར་མཐུན་རྐྱེན་འོག ། གཡུང་དྲུང་བོན་གྱི་བཀའ་འགྱུར་གློག་པར་མ་པར་སྐྲུན་གནང་། དེ་ནི་རིག་གསར་རྗེས་ཀྱི་བོན་གྱི་བཀའ་འགྱུར་པར་སྐྲུན་ཐོག་མ་དེ་ཆགས་ཡོད། འདི་ལ《ཨ་གཡུང་པར་གཞི།》 ཞེས་སུ་གྲགས། པར་གཞི་འདིའི་མདོ་སྡེ་ལ་ཀ་པོད《གཡུང་དྲུང་ལས་རྣམ་པར་དག་པའི་མདོ།》ནས་གུ་པོད་《 རྟེན་གསུང་རབ་གནས་སྐོར།》 བར་བཅས་མདོ་སྡེ་ལ་པོད་63ཡོད། འབུམ་སྡེ་ལ་ཀ་པོད《ཁམས་ཆེན་སྟོང་།》 ནས་ཇུ་པོད་《 ཞང་ཞུང་ཇུ་ཐིག》བར་བཅས་འབུམ་སྡེ་ལ་པོད་67ཡོད། རྒྱུད་སྡེའམ་སྔགས་སྡེ་ལ་ཀ་པོད《རྒྱུད་ཀྱི་རྒྱལ་པོ་རྩ་རྒྱུད་གསང་བ་བསེན་ཐུབ།》ནས་ཝ་པོད《ཨུ་དུ་འབར་བའི་གཟུངས་སོགས།》བར་བཅས་ལ་རྒྱུད་སྡེ་ལ་པོད་20 ཡོད། མཛོད་སྡེའམ་སེམས་སྡེ་ལ་ཀ་པོད《རྫོགས་ཆེན་ཞང་ཞུང་སྙན་རྒྱུད་བཀའ་རྒྱུད་སྐོར་བཞི།》 པོད་ནས་ཇ་པོད《རྫོགས་ཆེན་མུ་མེད་བདལ་བའི་རྒྱུད།》 བར་བཅས་ལ་མཛོད་སྡེ་ལ་པོད་7ཡོད། དེ་ལྟར་བཀའ་འགྱུར་པོད་157ཡོད། གཞན་ཟུར་བཀོད་ལ། མཁན་ཉི་མ་བསྟན་འཛིན་གྱི་བཀའ་འགྱུར་དཀར་ཆག །སུ་ལ་བསྐལ་བཟང་བསྟན་པའི་རྒྱལ་མཚན་གྱི་བཀའ་འགྱུར་བརྒྱུད་རིམ། སྤ་བསྟན་རྒྱལ་བཟང་པོའི་བོན་གྱི་བསྟན་འབྱུང་དང་བསྟན་རྩིས་བཅས་པོད་3ཡོད། པར་གཞི་འདིའི་མ་ཕྱི་གཙོ་བོ་གོང་གསལ་ཁམས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་བྲིས་མ་དེ་ཡིན་ལ། པར་གཞི་འདིའི་ཁྲོད་ཀྱི་རྒྱུད་སྡེའི་པོད་3པ། 《 ལྷོ་གཏེར་ཁྲོ་བོ་རྒྱུད་དྲུག》དང་པོད་10པ《 གསང་འདུས་ཐབས་ཆེན་ཡབ་རྒྱུད་ལུང་རྒྱུད།》པོད་11པ《རིག་འཛིན་འབུས་པ་ཐབས་ཆེན་མཁའ་ཡི་རྒྱུད།》 སོགས་རྒྱུད་སྡེའི་པོད་ཁག་གཅིག་དབལ་ཁྱུང་ཅན་པར་རྩ་རེད་མི་འདུག །དཔེར་ན《 གསང་འདུས་ཐབས་ཆེན་ཡབ་རྒྱུད་ལུང་རྒྱུད།》འདིའི་ནང་ལ་རིག་འཛིན་འདུས་པའི་དགོངས་ཉམས་སོགས་ཚན་པ་བཅུ་གཅིག་འདུས་ཡོད། ཚན་པ་དེ་དག་ཁག་གཅིག་ལག་བྲིས་དང་ཁ་ཤས་ཤིང་སྤར་རེད། དེའི་ཁྲོད་ཀྱི《 ཐེག་པ་རིམ་པ་མངོན་དུ་བཤད་པའི་རྒྱུད། 》 དབལ་ཁྱུང་བཀའ་འགྱུར་ནང་དུ་མེད།
གཉིས་པ། བོན་བློན་བཀའ་འགྱུར་པར་གཞི།
1.བོན་བློན་ནམ་མཁའ་བསྟན་འཛིན་རིན་པོ་ཆེ། 1932ལོར་རྔ་བར་སྐུ་འཁྲུངས། རྒྱལ་རོང་ཆུ་ཆེན་རྫོང་ཁོངས་ཀྱི་གཡུང་དྲུང་ལྷ་སྟེང་དགོན་བསྐྱར་བཞེངས་དང་ཀན་སུའུ་ཐེ་བོ་རྫོང་གི་རིག་གསར་སྐབས་སུ་བོན་དགོན་ཁག་གཅིག་ཉམས་དམས་སུ་སོང་བ་རྣམས་ལྷན་དུ་ལེགས་ལུང་གཙོ་ཚང་དགོན་བཞེངས་པ་སོགས་བཀའ་དྲིན་བླ་མེད་བསྐྱངས། ཁྱད་པར་དུ་རྔ་བ་ཁུལ་ལ་ཡར་ཞུས་བྱས་ཏེ《 ཞྭ་དཀར་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ། 》 པར་དུ་བསྐྲུན། ཁོང་གིས་དཔེ་མཛོད་ཁང་གཅིག་ལ་རིན་མེད་དུ་ཕུལ། 2012ལོར་དགོངས་པ་བོན་དབྱིངས་སུ་གཤེགས། ཁོང་ལ་གསུང་འབུམ་པོད་གཉིས་ཡོད།
2.བཀའ་འགྱུར་པར་གཞི་དེའི་ངོ་སྤྲོད་དང་བརྒྱུད་རིམ། 1990ལོར་བོན་བློན་ནམ་མཁའ་བསྟན་འཛིན་མཆོག་གིས་རྔ་བ་ཁུལ་ལ་ཡར་ཞུས་བྱས་ཏེ་ཁུལ་སྲིད་གཞུང་ནས་རྒྱབ་སྐྱོར་འོག་1992ལོར་《 ཞྭ་དཀར་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།》 པར་དུ་བསྐྲུན། འདི་ནི་བོན་གྱི་བཀའ་འགྱུར་པར་ཐེངས་གཉིས་པར་ཆགས། འདི་ལ་《 བོན་བློན་པར་གཞི། 》 ཞེས་སུ་གྲགས། པར་གཞི་འདི་ལ་ཁྱོན་པོད་193ཡོད་ལ། ཟུར་བཀོད་ལ། དཀར་ཆག །བསྟན་རྩིས། རྒྱུད་རིམ་པོད་3ཡོད། བོན་བློན་བཀའ་འགྱུར་པར་མ་འདིའི་ནང་ལ་བཀའ་དང་བཀའ་བརྟེན་གཉིས་ཀ་འདྲེས་མ་ལྟ་བུ་ཆགས་ཡོད། དཔེར་ན་བཀའ་བརྟེན་གྲས་ཀྱི་ཚེ་དབང་གཞུང་བཞི་དང་། དྲན་པའི་བཀའ་ཐང་པོད་8། ཚེ་དབང་བཀའ་ཐང་པོད་4། བཀའ་ཐང་ཀུན་སྣང་གསལ་སྒྲོན་པོད་4། མཁའ་འགྲོ་རྒྱ་མཚོའི་བཀའ་ཐང་པོད་1། གུ་རུ་དྲག་པོ་ལ་སོགས་གཙོས་པའི་བཀའ་འགྱུར་མ་ཡིན་པའི་པོད་10ལྷག་ཡོད། གཞན་ལྷ་སྲས་པར་གཞི་སོགས་ལ་བདལ་འབུམ་ལ་པོད་10དང་འཕྱོང་འབུམ་ལ་8དུ་བསྡུས་ཡོད། པར་གཞི་འདི་ལ་བདལ་འབུམ་པོད་11ཡོད། འཕྱོང་འབུམ་ལ་པོད་10ཡོད་པ་སོགས་པོད་གྲངས་མི་འདྲ་བ་འདུག །ཁྱད་པར་དུ་པར་གཞི་འདིའི་གྲས་ལ་དབལ་ཁྱུང་བཀའ་འགྱུར་བྲིས་མ་མ་ཡིན་པའི་ཁྲོ་ཆེན་ཤིང་པར་དང་བྲིས་མ་སོགས་པོད་70ལྷག་འདུས་ཡོད། དཔེར་ན། དྲུང་མུ་བསྐལ་བཟང་པོད་2། མདོ་དྲི་མེད་གཟི་བརྗིད་པོད་12། མི་ནུབ་མཚན་མདོ་པོད་6། བདལ་འབུམ་པོད་5། ས་བདག་འབུམ་སོགས་ཁྲོ་ཆེན་ཤིང་པར་ཅན་པོད་20ལྷག་ཡོད། གཞན་ལག་བྲིས་ཅན་པོད་10ལྷག་འདུས་ཡོད། གང་ལྟར་པར་གཞི་འདི་ཕྱོགས་ནས་བསྡུ་རུབ་བྱས་པའི་ཤིང་པར་དང་དཔེ་རྙིང་བྲིས་མ་མང་དག་ཞིག་འདུས་འདུག །འདི་ལ་མདོ་འབུམ་རྒྱུད་མཛོད་ཅེས་པའི་དབྱེ་བ་དམིགས་སུ་ཕྱེ་མི་འདུག །
གསུམ་པ། ལྷ་སྲས་བཀའ་འགྱུར་པར་གཞི།
1.སྨོན་རྒྱལ་ཀུན་གྲོལ་ལྷ་སྲས་མི་ཕམ་རྣམ་རྒྱལ་ཚོགས་གཉིས་རྒྱ་མཚོ། 1932ལོར་ཁམས་སྡེ་དགེར་སྐུ་འཁྲུངས། 1944ལོ་ནས་བཟུང་སྟེ་སྐྱེས་ཆེན་དུ་མའི་མདུན་ནས་དབང་ལུང་ཁྲིད་གདམས་སོགས་ཞུས། ཁྱད་པར་དུ་རྒྱལ་བ་སྨན་རིའི་ཁྲི་འཛིན་33པ་ལུང་རྟོགས་བསྟན་པའི་ཉི་མ་མཆོག་ལ་ཁམས་དབལ་ཁྱུང་དགོན་དུ་བཞུགས་པའི་བཀའ་འགྱུར་བྲིས་མ་ཆ་ཚང་དཔར་སྐྲུན་ཐད་ལ་ཡར་ཞུ་བྱས་པར་ཁོང་ལ་ཆེད་དམིགས་ཀྱི་བསྟོད་བསྔགས་ཡང་ཡང་གནང་། 1992ལོ་ནས་ངལ་བ་དང་དུ་བླངས་ཏེ་བཀའ་འགྱུར་པར་སྐྲུན་སོགས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། 2010ལོར་རིག་འཛིན་ཀུན་གྲོལ་གྲགས་པའི་བཀའ་གཏེར་ཆེན་མོ་བསྡུ་སྒྲིག་གནང་སྟེ་དཔར་དུ་བསྐྲུན། 2014ལོར་དགོངས་པ་བོན་དབྱིངས་སུ་གཤེགས།
2.བཀའ་འགྱུར་པར་གཞི་དེའི་ངོ་སྤྲོད་དང་བརྒྱུད་རིམ། 1992ལོ་ནས་1998བར་སྨོན་རྒྱལ་ལྷ་སྲས་ཁོང་གིས་གཙོ་འགན་འོག་《ཐེག་ཆེན་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ 》 ཞེས་པ་པར་བསྐྲུན་མཛད། འདི་ནི་བོན་གྱི་བཀའ་འགྱུར་པར་ཐེངས་གསུམ་པར་ཆགས། འདི་ལ་《ལྷ་སྲས་པར་གཞི། 》 ཞེས་སུ་གྲགས། པར་གཞི་འདི་ནི་དབལ་ཁྱུང་དགོན་པའི་བཀའ་འགྱུར་བྲིས་མ་ཆ་ཚང་པར་དུ་བསྐྲུན་པའི་པར་གཞི་ཐོག་མ་དེ་ཆགས་ཡོད། ལྷ་སྲས་པར་གཞི་འདི་ལ། མདོ་སྡེ་ལ་པོད་74ཡོད། འབུམ་སྡེ་ལ་པོད་70ཡོད། རྒྱུད་སྡེའམ་སྔགས་སྡེ་ལ་པོད་26ཡོད། མཛོད་དམ་སེམས་སྡེ་ལ་པོད་8བཅས་ཁྱོན་བསྡོམས་པར་གཞི་འདི་ལ་ཁྱོན་བསྡོམས་པོད་178ཡོད། ཟུར་བཀོད་ལ། ལུང་རྒྱུན་བརྒྱུད་རིམ་དྲི་མེད་ཤེལ་ཕྲེང་པོད་1བཅས་ཡོད།
བཞི་པ། སྟེང་ཆེན་དགོན་བཀའ་འགྱུར་པར་གཞི།
1.གཡུང་དྲུང་བོན་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། 2006ལོར་བོད་ལྗོངས་ཆབ་མདོ་སྟེང་ཆེན་དགོན་གྱིས་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་། གསར་དུ་བཙུགས་ཏེ། གཡུང་དྲུང་བོན་གྱི་བཀའ་བརྟེན་ཕྱོགས་སྒྲིག་པོད་110པ་ཅན་དང་། ཀུན་མཁྱེན་ཤར་རྫ་པའི་གསུང་འབུམ་པོད་17ཅན། སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་པོད་200ཅན། གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ་པོད་150ཅན་སོགས་བཀའ་དང་བཀའ་བརྟེན་པོད་བརྒྱ་ཕྲག་དུ་མ་ཞིག་ཀན་སུའུ་མི་རིགས་དཔེ་སྐྲུན་སོགས་ནས་དཔར་དུ་བསྐྲུན།
2.བཀའ་འགྱུར་པར་གཞི་དེའི་ངོ་སྤྲོད་དང་བརྒྱུད་རིམ། 2014ལོར་གཡུང་དྲུང་བོན་གྱི་བཀའ་བརྟེན་དཔེ་རྙིང་ཕྱོགས་བསྒྲིགས་ཁང་གིས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་ 《 སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས།》 ཞེས་པ་པར་བསྐྲུན་གནང་། འདི་ནི་བོན་གྱི་བཀའ་འགྱུར་པར་ཐེངས་བཞི་པར་ཆགས། འདི་ལ་《སྟེང་དགོན་པར་གཞི།》 ཞེས་སུ་གྲགས། པར་གཞི་འདི་ལ། མདོ་སྡེ་ལ་པོད་71ཡོད། འབུམ་སྡེ་ལ་པོད་78ཡོད། རྒྱུད་སྡེ་ལ་པོད་24ཡོད། སེམས་སྡེ་ལ་པོད་26བཅས་ཁྱོན་བསྡོམས་པོད་199ཡོད། ཟུར་བཀོད་ལ། བཀའ་བརྟེན་དཀར་ཆག་དང་རྣམ་བཤད་པོད་1བཅས་ཡོད། པར་མ་འདི་ལ། འབུམ་དུམ་མ་པོད་6དང་། ཀུན་བཟང་མཉམ་ཉིད་རྒྱུད། ཀུན་བཟང་ཐུགས་རྒྱུད། བདེར་གཤེགས་དགོངས་འདུས། འདུལ་བ་གསང་ལུང་། མདོ་རྣམ་འགྲེལ་བར་ཏི་ཀ། འདུར་རྒྱུད་ཕྱར་བ་ཐང་ཆེན། མ་རྒྱུད་ཐུགས་རྗེ་ཉི་མའི་ཁྲིད་སོགས་པོད་20ལྷག་མ་ཡོད་ཅིང་། པར་གཞི་འདི་ནི་གློག་ཀླད་ནང་ལ་གཏགས་ནས་པར་སྐྲུན་བྱས་པའི་པར་གཞི་ཐོག་མ་དེ་ཆགས་ཡོད། གཞན་སྒོ་བཞི་མཛོད་ལྔའི་དཔེ་རྙིང་ཕྱོགས་བསྒྲིགས་པར་གཞི་ཇི་བཞིན་པ་དེབ་གཟུགས་སུ་བསྒྱུར་ནས་མཚན་ལ་《གསུང་རབ་སྒོ་མཛོད་རིན་པོ་ཆེའི་གླེགས་བམ།》དཔར་དུ་བསྐྲུན། དེབ་གཟུགས་ལ། མདོ་སྡེ་ལ་པོད་52ཡོད། འབུམ་སྡེ་ལ་པོད་65ཡོད། རྒྱུད་སྡེ་ལ་པོད་17ཡོད། སེམས་སྡེ་ལ་པོད་15ཡོད། བཀའ་བརྟེན་དཀར་ཆག་དང་རྣམ་བཤད་ལ་དེབ་1བཅས་ཁྱོན་བསྡོམས་དེབ་གཟུགས་པོད་150ཡོད།
ལྔ་པ། གྱེར་བསྟན་གླིང་བཀའ་འགྱུར་པར་གཞི།
(དེབ་གཟུགས་ཅན།)
1.གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་། 2011ལོ་ནས་ཀླུ་ཕུག་དགོན་གྱི་བླ་མ་རག་ཤི་ལུང་རིག་ཀུན་གསལ་སྙིང་པོ་མཆོག་གིས་བོད་ལྗོངས་ནག་ཆུ་གྲོང་ཁྱེར་དུ་གཡུང་དྲུང་གྱེར་བསྟན་གླིང་དུ་ཞང་བོད་བཀའ་བརྟེན་དཔེ་སྒྲིག་ཁང་གསར་བཙུགས་གནང་སྟེ། ལྷ་སྲས་པར་གཞི་མ་ཕྱིར་བཟུང་ནས་གློག་ཀླད་པར་རྩ་བསྒྲིགས་ཏེ་《སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།》ཞེས་པ་པར་བསྐྲུན་གནང་། བོད་མདོ་དབུས་ཁམས་གསུམ་དང་རྒྱལ་ཕྱི་ནང་གི་བོན་གྱི་དགོན་སྡེ་རི་ཁྲོད་ཡོད་དོ་ཅོག་དང་གཞུང་སྒེར་གྱི་དཔེ་མཛོད་ཁང་ཆེ་ཁག །དེ་བཞིན་དམིགས་བསལ་གལ་ཆེན་མི་སྣ་སོགས་ལ་རིན་མེད་ངང་ནས་གཟིགས་འབུལ་གནང་།
2.བཀའ་འགྱུར་པར་མ་དེའི་ངོ་སྤྲོད་དང་བརྒྱུད་རིམ། 2011ལོར་བླ་མ་རག་ཤི་ལུང་རིག་ཀུན་གསལ་སྙིང་པོ་མཆོག་གིས་གཡུང་དྲུང་གྱེར་བསྟན་གླིང་ཞང་བོན་བཀའ་བརྟེན་དཔེ་སྒྲིག་ཁང་གསར་བཙུགས་གནང་སྟེ་མི་ལོ་དུ་མའི་རིང་ལ་བླ་གྲྭ་བཙུན་མ་སུམ་ཅུ་ལྷག་གིས་སྐུ་ལས་ཚད་མེད་བསྐྱངས་ཏེ། སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ་པར་བསྐྲུན་གནང་། འདི་ནི་བོན་གྱི་བཀའ་འགྱུར་པར་ཐེངས་ལྔ་པར་ཆགས། འདི་ལ་《རག་ཤིའི་པར་གཞི། 》 ཞེས་སུ་གྲགས། པར་གཞི་འདི་ལ། མདོ་སྡེ་ལ་པོད་87དང་། འབུམ་སྡེ་ལ་པོད་77། རྒྱུད་སྡེ་ལ་པོད་26། སེམས་སྡེ་ལ་པོད་9ཡོད་ཅིང་། དཀར་ཆག་པོད་1བཅས་ཁྱོན་བསྡོམས་དེབ་གཟུགས་པོད་200ཡོད། པར་གཞི་འདི་ཉིད་ལྷ་སྲས་པར་གཞི་མ་ཕྱི་གཙོ་བོར་བྱས་ཤིང་མདོ་དྲི་མེད་གཟི་བརྗིད་དང་ཁམས་ཆེན། མདོ་གཟེར་མིག་པོད་30དེ་ཁྲོ་སྐྱབས་ཤིང་པར་མ་ཕྱིར་བྱས། གཞན་དེ་སྔོན་པར་གཞི་ཁག་ཏུ་མ་འདུས་པའི་《མ་སང་རྡེལ་མོ།》དང་། 《 མངོན་ཤེས་གསལ་བའི་ལྡེ་མིག》སོགས་གསར་རྙེད་པོད་འགའ་ཁ་སྣོན་བྱས་ཡོད།
དྲུག་པ། ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་
གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།
སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གི་རྒྱལ་ཁབ་རིམ་པའི་ལས་གཞི《 ཀྲུང་ཧྭའི་བཀའ་བསྟན་ཆེན་མོ་ལས་སངས་རྒྱས་གཡུང་དྲུང་བོན་གྱི་བཀའ་འགྱུར་ཆེན་མོ།》 དེབ་གཟུགས་པོད་108ཅན་འདི་ནི་2016ལོའི་རྒྱལ་ཁབ་རིམ་པའི་གསར་འགྱུར་དཔེ་སྐྲུན་བཅོས་བསྒྱུར་འཕེལ་རྒྱས་ཀྱི་རྣམ་གྲངས་མཛོད་དུ་ཚུད་ཡོད་ལ། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་དང་གཡུང་དྲུང་བོན་མཉམ་འབྲེལ་ལྷན་ཚོགས་གཉིས་མཉམ་འབྲེལ་གྱིས་གཙོ་འགན་འོག་མདོ་དབུས་ཁམས་གསུམ་གྱི་བོན་གྱི་མཁས་དབང་དགེ་བཤེས་བདུན་ཅུ་ལྷག་གིས་དཔེ་བསྡུར་གྱི་ལས་ཀ་གནང་སྟེ། ད་ལོ་སྟེ་2022ལོར་པར་བསྐྲུན་གྱི་ལས་ཀ་ལེགས་པར་གྲུབ་ཡོད་པ་དང་འདིའི་སྐོར་ལ་འདིར་གནད་བསྡུས་ཙམ་ལས་བྲིས་མེད། རྒྱས་པར་གཞན་དུ་གསལ་ལོ། །
མཇུག་བསྡོམས།
གོང་ཞུས་ལྟར་རིག་གནས་གསར་བརྗེ་ཆེན་པོའི་རྗེས་སུ་བོན་གྱི་བཀའ་འགྱུར་ལ་པར་གཞི་མི་འདྲ་བ་ལྔའམ་དྲུག་བྱུང་ཡོད་པ་དེ་དག་གི་མ་ཕྱི་གཙོ་བོ་ཁམས་ཉག་རོང་དབལ་ཁྱུང་དགོན་པའི་བཀའ་འགྱུར་བྲིས་མ་དེ་ཡིན་ལ། བཀའ་འགྱུར་བྲིས་མ་དེ་མ་ཕྱི་བྱེད་དགོས་པའི་རྒྱུ་མཚན་ནི། རིག་གསར་གྱི་རྗེས་སུ་ལྷག་པའི་བོན་གྱི་བཀའ་འགྱུར་ཅུང་ཆ་ཚང་ཤོས་དེ་གཅིག་པུ་ཡིན།