སྤུ་རྒྱལ་བཙན་པོའི་སྐབས་སུ་མི་རིགས་གཞན་གྱི་གསོ་རིག་བོད་འགྱུར་གནང་བའི་སྐོར་གླེང་བ།

འོད་ཟེར། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


དང་པོ། སྲོང་བཙན་སྒམ་པོའི་སྐབས་སུ་བསྒྱུར་བའི་སྐོར།

ཆོས་རྒྱལ་སྲོང་བཙན་སྒམ་པོའི་དུས་སུ་འཇམ་དབྱངས་ཐུ་མི་སམ་བྷོ་ཊས། ཡི་གེའི་སྲོལ་བཏོད་པ་ལ་བརྟེན་རྒྱ་བཟའ་ཀོང་ཇོས་ཁྱེར་འོང་བའི་སྨན་དཔྱད་ཆེན་མོ་ཞེས་བྱ་བ་ཧྭ་ཤང་མ་ཧཱ་དེ་བ་དང་བོད་ཀྱི་ལོ་ཙཱ་བ་ངྷརྨ་ཀོ་ཥ་གཉིས་ཀྱིས་བསྒྱུར་ཏེ་བོད་ཡིག་ཏུ་ཕབ། ཐུ་མི་དང་རླངས་ཁམས་པ་གོ་ཆ་གཉིས་ཀྱིས་ཧན་ལྭན་ཧང་གིས་མཛད་པའི་རྒྱ་དཔྱད་ཐོར་བུ་ཆེ་ཆུང་བསྒྱུར་ཅེས་བཤད་མཁན་འདུག་ཀྱང་ཟུར་མཁར་བའི《 ཤེས་བྱ་ཁོག་འབུབས》ལས། ལོ་ཙཱ་བ་རླངས་ཁམས་པ་གོ་ཆ་ཁྲི་སྲོང་ལྡེ་བཙན་གྱི་དུས་ཡིན་པར་མ་གོ་བ་དང་ཞེས་དགག་པ་བཏང་འདུག །དེ་རྗེས་ཆོས་རྒྱལ་གྱི་བཀས་རྒྱ་གར་གྱི་སྨན་པ་བྷ་ར་ངྷ་ཛ་དང་རྒྱ་ནག་གི་སྨན་པ་ཧན་ཝེན་ཧང་། སྟོད་ཕྱོགས་ཏ་ཟིག་གི་སྨན་པ་ག་ལེ་ནོས་ཞེས་བྱ་བ་གསུམ་སྤྱན་དྲངས་ནས་རྒྱ་གར་གྱི་སྨན་པས་འབུ་ཤག་ལ་བུ་ཆེ་ཆུང་དང་སྦྱོར་བ་མར་གསར། རྒྱ་ནག་གི་སྨན་པས་རྒྱ་དཔྱད་ཐོར་བུ་ཆེ་ཆུང་། ཏ་ཟིག་གི་སྨན་པས་མགོ་སྔོན་བསྡུས་པ་དང་། དེ་ཕོ་རྨ་བྱ་ནེ་ཙོ་གསུམ་གྱིས་དཔྱད་རྣམས་དོན་འགྱུར་བྱས་ནས། གསུམ་ག་བགྲོས་ཏེ་བསྡོམས་ནས་མི་འཇིགས་པའི་མཚོན་ཆ་ཞེས་བྱ་བ་བམ་པོ་སོ་བདུན་ཡོད་པ་བརྩམས་ནས་ཕུལ།

གཉིས་པ། མེས་ཨག་ཚོམ་སྐབས་སུ་བསྒྱུར་བའི་སྐོར།

མེས་ཨག་ཚོམ་གྱི་དུས་སུ་སྲས་ལྗང་ཚ་ལྷ་དབོན་གྱི་བཙུན་མོ་ལ་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བླངས་པ་དེས་རྩིས་དང་སྨན་དཔྱད་ཁྱེར་བ་ཧྭ་ཤང་མ་ཧཱ་ཀྱིན་ད་དང་། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ཅོག་ལ་སྨོན་འབར་རྣམས་ཀྱིས་བསྒྱུར་ཅིང་། དེའི་སྐབས་སུ་སྨན་པ་དེ་དག་གིས་སྔར་ནས་བསྒྱུར་བ་དང་གསར་དུ་བསྒྱུར་བ་རྣམས་ཀྱི་དོན་སྙིང་པོ་བླངས་ནས་གསོ་དཔྱད་སོ་མ་རཱ་ཛའམ་ཟླ་བའི་རྒྱལ་པོ་ཞེས་བྱ་བ་ལེའུ་བརྒྱ་དང་བཅོ་ལྔ་ཅན་ཞིག་བརྩམས་པའམ་བསྒྱུར་བར་སྣང་སྟེ། ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་《ཤེས་བྱ་ཀུན་ཁྱབ།》ལས། ཨག་ཚོམ་རིང་ལ་རྒྱ་བཟའི་ལུགས་རྣམས་དང་། །ཧྭ་ཤང་བི་ཇི་སོགས་ཀྱི་བསྒྱུར་བརྩམས་མང་མཁས་མང་བགྲོས་པའི་སོ་མ་ར་ཛ་བྱུང་། །ཞེས།《སོ་མ་ར་ཛ།》ནི་རྒྱ་ཕྲུག་གར་མཁན་དང་། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་བགྲོས་ནས་བརྩམས་པའི་བོད་ཀྱི་གསོ་རིག་གི་གཞུང་ཡིན་པར་བཞེད།《སྨན་དཔྱད་སོ་མ་ར་ཛ།》རྩོམ་པ་པོའི་སྐོར་བཞེད་ཚུལ་མི་འདྲ་བ། སྡེ་སྲིད་སངས་རྒྱས་རྒྱ་མཚོའི་《 གསོ་རིག་ཁོག་འབུབས།》ལས། དེ་ནས་མེས་ཨག་ཚོམ་གྱི་སྲས་ལྗང་ཚ་ལྷ་དཔོན་གྱི་ཇོ་མོར་རྒྱ་ནག་ནས་གྱིམ་ཤིང་ཀོང་ཇོ་བསུས་པ་དེས་སྨན་གཞུང་མང་དུ་ཁྱེར་བ་ཧ་ཤང་མ་ཧྭ་ཀྱིན་ད་དང་། རྒྱ་ཕྲུག་གར་མཁན། ཁྱུང་པོ་ཙེ་ཙེ། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་རྣམས་ཀྱིས་ཟླ་བའི་རྒྱལ་པོའམ་ས་མ་རཱ་ཛཱ། ལེའུ་བརྒྱ་བཅོ་ལྔ་པས་གཙོ་བྱས་མང་དུ་བསྒྱུར།”ཞེས་གསུངས།《 བློན་པོ་བཀའ་ཐང》ལས། ཀླུ་སྒྲུབ་མཛད་པའི་སོ་མ་ར་ཛ་དང་། ཞེས་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པར་བཞེད།”ཞེས་གསུངས་པ་ལྟར། དེང་དུས་ཤིང་སྤར་ལའང་རྒྱ་ནག་ནས་བསྒྱུར་བའི་མཛད་བྱང་ཅན་ཞིག་དང་། རྒྱ་གར་ནས་བསྒྱུར་བའི་མཛད་བྱང་ཅན་གཉིས་འདུག །འབེ་ལོ་ཚེ་དབང་ཀུན་ཁྱབ་ཀྱིས། འདི་ཀླུ་སྒྲུབ་ཀྱི་མཛད་པ་རྒྱ་གར་ནས་བསྒྱུར་བར་འདོད་པ་དང་། འཇམ་དབྱངས་ཀྱིས་གསུངས་པ་རྒྱ་ནག་ནས་བསྒྱུར་བར་འདོད་པ་དག་སྣང་ཡང་དོན་ལ་བོད་བརྩམས་སུ་ངེས་ཏེ། དེའི་སྐབས་སུ་རྒྱ་ཕྲུག་གར་མཁན་དང་། ཁྱུང་པོ་ཙི་ཙི། ཁྱུང་པོ་དམ་ཚུགས། ལྕོག་ལ་སྨོན་འབར་སོགས་སྨན་པ་དེ་དག་གིས་སྔར་ནས་བསྒྱུར་བ་དང་གསར་དུ་བསྒྱུར་བ་རྣམས་ཀྱི་དོན་སྙིང་པོ་བླངས་ནས་གསོ་དཔྱད་སོ་མ་རཱ་ཛ་སྟེ་ཟླ་བའི་རྒྱལ་པོ་ཞེས་བྱ་བ་ལེའུ་བརྒྱ་བཅོ་ལྔ་པ་བརྩམས་པར་སྣང་”ཞེས་གསུངས་སོ། །

གསུམ་པ། ཁྲི་སྲོང་ལྡེ་བཙན་སྐབས་སུ་བསྒྱུར་བའི་སྐོར།

རྒྱལ་པོ་ཁྲི་སྲོང་ལྡེ་བཙན་གྱིས་རྒྱལ་སྲིད་ཐོག་མར་འཛིན་པའི་སྐབས་སུ་རྒྱ་གར་ནས་སྨན་པ་ངྷརྨ་རཱ་ཛ་དང་། རྒྱ་ནག་ནས་མ་ཧཱ་ཀྱིན་ད་བྱུང་སྟེ། བཙུན་པ་ཤི་ལ་ཧ་དང་གསུམ་ལ་སྤྲུལ་པའི་སྲས་གསུམ་དུ་གྲགས་ཏེ། དེ་གསུམ་བགྲོས་ནས་རྒྱལ་ཁམས་གསུམ་པོའི་ལུགས་དང་བསྟུན་པའི་སྨན་དཔྱད་ཀྱི་བསྟན་བཅོས་རིན་ཆེན་སྤུངས་པའི་སྐོར་ཞེས་བྱ་བ་བརྩམས་ནས་རྒྱལ་པོ་ལ་ཕུལ། པོ་ཏི་དེའི་ནང་ལ་གསོ་བ་རིག་པའི་རྩ་བ་ཉི་ཟླའི་འཁོར་ལོ་ལ་ལེའུ་བདུན། ལུས་གནས་ནད་གཞི་གསུམ་གསོ་ཐབས་ཀྱི་འགྲེལ་པ། ཆུ་བརྟག་པ་གསེར་གྱི་མེ་ལོང་། གདམས་པའི་འཕྲུལ་འཁོར་དངུལ་གྱི་མེ་ལོང་། སྒོ་གཏན་ལྕགས་ཀྱི་གཟེར། རྩ་དཔྱད་རྒྱའི་སྨྲ་མཆུ། ཁ་དམར་རྒྱས་པ་གསེར་གྱི་གཏན་ཕྱིས། བསྡུས་པ་ལྕགས་ཀྱི་སྟ་རེ། རིན་པོ་ཆེ་བདུད་རྩི་གསང་བའི་ལུང་། སྨན་ནུས་སྒྲོན་མ་གསེར་གཟོང་། བཅུད་ལེན་རིན་ཆེན་ཤེལ་ཕྲེང་། སྨན་མིང་འབུ་ཤགས་ཟངས་ཀྱི་བུམ་པ། འདྲ་ཡིག་དུང་གི་མིག །འཁྲུགས་སྡེབ་གཡུའི་དྲ་བ། རོ་སྐོར་ལྕགས་ཀྱི་ཕྲེང་བ། ཞི་བྱེད་མུ་ཏིག་ཕྲེང་བ། སྣ་བཤལ་དུང་གི་ཕྱགས་ཤིང་། སྐྱུགས་རིན་ཆེན་ལྕགས་ཀྱུ། བཤལ་དངུལ་གྱི་བུམ་པ། འཇམ་རྩི་ཉི་མའི་གཟེར་བུ། ནི་རུ་ཧ་ལྕགས་ཀྱི་པར་བུ། སྔོ་སྨན་ནགས་སུ་འཇུག་པ་གཡུའི་དྲ་བ། ལུམས་ཉི་ཟླའི་ཐིགས་པ། བྱུག་པ་མེ་ཆུའི་གཟེར། གཏར་ག་ལྕགས་ཀྱི་པདྨ། མེ་བཙའ་བདུད་རྩིའི་ཐིགས་པ། ཐུར་དཔྱད་མཚོན་ཆའི་འཁོར་ལོ། དམུ་ཆུ་རྒྱ་མཚོ་འདྲེན་སྐེམས། སྨན་གནས་མདོར་བསྡུས་རྣམས་ཏེ་འགྲེལ་ཆུང་ཉེར་བདུན་ཞེས་བྱ་བ་ཁོང་ནད་ཀྱི་སྐོར་འཐོར་དཔྱད་ལ་སྤྱིར་རྨ་གཅོང་གཉིས་དང་བྱེ་བྲག་ཉི་ཤུ་རྩ་གསུམ། མགོ་བྱང་ཁོག་ཡན་ལག་དང་བཅས་པའི་བཅོས་ཏེ་བསྡོམས་ལ་རིན་པོ་ཆེ་སྤུངས་པའི་སྐོར་ཞེས་བྱ་བ་བརྩམས་ཏེ་ཕུལ།

དེ་དུས་མི་ཏྲ་མི་དབང་ཙནྡྲ་དང་། ཧྭ་ཤང་དེ་བ་བོ་ངྷི་དག་ཀྱང་བྱུང་ཞིང་། དེ་དག་གི་འགྱུར་ཡིན་ཡང་ཟེར་བའི། ཕུང་པོ་ལྔ་ཡི་ནད་གསོ་བ། ཀླུ་སྒྲུབ་ཀྱིས་མཛད་ཟེར་བ། བདུད་རྩི་སྨན་རིན་པོ་ཆེའི་གསང་རིག་སྒྲོན་མ་ཞེས་བྱ་བ། རིན་པོ་ཆེའི་མདོའི་རྩ་བ་ལྟ་བུ་ལེའུ་བཅུ་དྲུག། མདོ་རིན་པོ་ཆེ་གསང་བའི་འགྲེལ་ཆེན་ལེའུ་དོན་དྲུག་པ། འདུ་བ་རྣམ་བཞིའི་ཊི་ཀ་ལེའུ་ཉེར་ལྔ། དོན་སྡོད་ཊི་ཀ་ལེའུ་བཅུ་དྲུག །ཕྲན་བུ་གསེར་གྱི་ཊི་ཀ་ལེའུ་སོ་བདུན། མགོ་བོའི་ཊི་ཀ་ལེའུ་ཉེར་གཅིག བྱང་ཁོག་གི་ཊི་ཀ་འཕྲུལ་ལྡེ་ནག་པོ་ལེའུ་ཞེ་བདུན། ཡན་ལག་རྣམ་བཞིའི་ཊི་ཀ་ལེའུ་བཞི་བཅུ་སྟེ་དྲིལ་བས་ལེའུ་ཉིས་བརྒྱ་བདུན་ཅུ་རྩ་དགུའི་བདག་ཉིད་ཅན་དང་། འཇམ་དཔལ་གྱི་དྲང་སྲོང་ཉི་མའི་དངོས་གྲུབ་དང་དཀའ་ཐུབ་གཞོན་ནུ་ལ་གུངས་ཟེར་བའི་གསོ་དཔྱད་འཕྲུལ་གྱི་མཛོད་རིན་པོ་ཆེའི་སྒྲོན་མ་ཞེས་བྱ་བ་ཨ་རུ་ར་རིགས་བདུན་ལ་དཔེ་བླངས་ནས་ནད་གཞིའི་གནས། དེའི་རྟགས། སོ་སོར་བཅོས་པ། དཔྱད་ཀྱིས་བཅོས་པ། དེའི་ཇ་ལོག་འཐོར་དཔྱད་རྟེན་འབྲེལ་གྱི་སྒོ་ནས་བརྩམས་པ་བདུན། རྣམ་རྒྱལ་རོ་དྲུག་ལྡན་ཡིན་པ་བཞིན་དུ་གསར་ཡ་བཙན་བབས། རྒྱས་པ་ཐོག་བབས། བཅོས་ཇེས་སྤོངས་བཟློག །བླ་གཉན་ཇ་ལོག། ཁ་འཐོར་གདམས་པ། མཁྱུད་དཔྱད་རྫུ་འཕྲུལ་བཅོས་དང་དྲུག །ནུས་པ་བརྒྱད་ཡོད་པ་བཞིན་དུ་ཕན་ཡོན་བརྒྱད་ལྡན། ཞུ་རྗེས་གསུམ་ལྡན་བཞིན་དུ་རྟགས་བཅོས་ཐབས་རྗེས་གཅོད་གསུམ་དུ་སྟོན་པ་རྣམས་བསྡོམས་པས་པོ་ཏི་གཅིག་དང་། ཕྱག་རྡོར་གྱིས་གསུངས་ཟེར་བའི་ཡན་ལག་རྩ་བའི་རྒྱུད་ལེའུ་བཞི་བཅུ་རྩ་བཞི་དང་དེའི་འགྲེལ་བ་རྩ་བའི་དྲང་སྲོང་བརྒྱད་དང་ཕྲན་བུ་བཅུ་གསུམ་གྱིས་བྱས་ཟེར་བ་ལེའུ་ཉེར་བཞི་པ། བཅོས་ཐབས་ཉེར་གཉིས་པ། ཚིག་རྐང་བརྒྱད་པ་ཞེས་བྱ་བ་རྣམས་བསྒྱུར་བར་གྲགས།

ཧྭ་ཤང་སེ་ན་རྩེ་ཏས། རྒྱལ་བློན་དམངས་གསུམ་ལ་གདམས་པ་རྩ་བ་རིན་པོ་ཆེའི་མཛོད་སྐོར་ལྔ་སྟེ། མགོ་བྱང་ཁོག ཁོང་ནད། ཡན་ལག འཐོར་བུ་ལྔ་མགོ་རིན་པོ་ཆེའི་མཛོད་ལ་གྲས་དང་ཟླུམ་བཅོས་ཀྱི་སྐོར་ཤོག་དྲིལ་བཅུ་བདུན། བྱང་ཁོག་རིན་པོ་ཆེའི་མཛོད་ལ་དཀར་འཆོས་དམར་འཆོས། དཀར་བཤལ་དམར་བཤལ་སོགས་ཤོག་དྲིལ་བཞི་བཅུ་རྩ་ལྔ། ཁོང་ནས་ལ་བཤལ་རིན་པོ་ཆེའི་ཕྱགས་ཤིང་། དུག་བཅོས་རིན་པོ་ཆེའི་བུམ་པ། ཤ་དུག་ཉི་ཟེར་སྤྲིན་བྲལ། བཙན་དུག་སྲོག་སྐྱོབས་གོ་ཆ། ཚད་པ་གསལ་བྱེད་མེ་ལོང་། གྲང་བ་རིན་ཆེན་ཤ་སྦྱོར་སོགས་དང་། ཡན་ལག་ལ་མཛོད་ཆེ་བ་ལེའུ་སོ་དྲུག འབྲིང་རིན་པོ་ཆེ་འབར་བའི་མཛོད་རྩ་འགྲེལ། སྤྱི་དོན་འགྲེལ་བ་དང་གནས་སྐབས་གེགས་སེལ་གཉིས། སྤྱི་དོན་འགྲེལ་པ་ལའང་། ཕྱི་ལྟར་དམངས་ལ་གདམས་པ། ནང་ལྟར་བློན་ལ་གདམས་པ། ཕྱི་དམངས་ལུགས་ལ་རྩ་བ་འཕྲུལ་ལྟེ་ཞེ་གཉིས་དང་། མན་ངག་འཕྲུལ་ལྡེ་ཆེ་ཆུང་། ནང་བློན་ལུགས་ལ་རྩ་བ་འགྲེལ་བ་གནད་ཡིག་དཔེ་ཆུང་དང་བཞི། རྩ་བ་སྐོར་ལ། འགྲེལ་བ་ལ་བདུན། གནད་ཡིག་བཅུ། དཔེ་ཆུང་ཉེར་བདུན་ནོ། །

གཞན་ཡང་སྐབས་དེར་ཕྱག་རྡོར་དང་ཀླུ་སྒྲུབ་གཉིས་ཀྱིས་ཞུས་ལན་དུ་མཛད་པ་གྲགས་པའི་གཟའ་རྒྱུད་རིན་ཆེན་སྤུངས་པ་ལེའུ་བཞི་བཅུ་རྩ་དྲུག་གི་བདག་ཉིད་ཅན་པཎྜི་ཏ་རིན་ཆེན་དང་བེེ་རོས་བསྒྱུར་ཟེར། ཀླུ་སྒྲུབ་ཀྱིས་མཛད་ཟེར་བའི་དུག་བཅོས་དཔའ་བོ་ཐུབ་པའི་རྒྱུད་དང་འཇའ་འོད་འཁྱུག་པའི་རྒྱུད་བུདྡྷ་བཛྲ་དང་ཆོས་ཀྱི་དབང་ཕྱུག་གིས་བསྒྱུར། དྲང་སྲོང་ཉི་མའི་སེང་གེས་བྱས་པའི་དུག་དཔྱད་ཤ་མོ་ལས་དཀྱུས་ལེའུ་ཉི་ཤུ་རྩ་ལྔ་པ་རིན་པོ་ཆེའི་སྐེ་རགས་འཆིང་འགྲོལ་ལེའུ་བཅུ་གསུམ་པ། ཟླ་གསར་འཁོར་ལོ་མཚོན་ཆ་ལས་ཀྱི་རྒྱུད་ལེའུ་བཅུ་པ། དེའི་འགྲེལ་བ་ཤ་མོ་ལས་དཀྱུས་ཆེ་བ་ཆ་ལག་དང་བཅས་པ་རྣམས་གནུབས་སངས་རྒྱས་ཡེ་ཤེས་ཀྱིས་བསྒྱུར། གནུབས་རང་གིས་མཛད་བྱང་སྨོས་པ་བསྲུངས་པ་རིན་པོ་ཆེ་འོད་ཀྱི་གདམས་པ། བརྟག་པ་རིན་པོ་ཆེ་འོད་ཀྱི་གཟུགས་བརྙན་གསོ་བ་དཀར་པོ་ལམ་གྱི་སྒྲོན་མ་དང་གསུམ། དྲང་སྲོང་མེ་འཁྱེར་གྱི་འགྱུར་དུ་གྲགས་པའི་གཟའ་བཅོས་སྙིང་ཐིག་གསལ་སྒྲོན་རྒྱ་ནག་མར་གྲགས་པ། ཀླུའི་རྒྱལ་པོ་འཇོག་པོ་དང་ཀླུ་སྒྲུབ་ཀྱི་ཞུས་ལན་དུ་མཛད་ཟེར་བའི་ཆེ་བ་ལེའུ་སུམ་ཅུ་རྩ་བཞི་པ། འབྲིང་པོ་མེ་ལོང་རབ་གསལ། ཆུང་བ་མངོན་རྟོགས་ཕྱོགས་གཅིག་པ། དོན་གསལ་སྒྲོན་མ། གསལ་བྱེད་སྒྲོན་མ། གསལ་བྱེད་འཕྲུལ་གྱི་མེ་ལོང་། ཀུན་མཁྱེན་ཐུགས་ཀྱི་སྒྲོན་མ། རོ་ལངས་མཁའ་འགྲོ་མས་གསུངས་ཟེར་བའི་མཛེ་བརྟག་མིག་ཡིག་བཅུ་དྲུག་པ་རྣམས་དང་། ཤཱནྟི་གརྦྷའི་འགྱུར་དུ་གྲགས་པའི་འཇམ་དཔལ་གྱིས་དྲང་སྲོང་ཉི་མའི་དངོས་གྲུབ་དང་དགའ་ཐུབ་གཞོན་ནུ་ལ་གསུངས་ཟེར་བའི་རིན་ཆེན་སྒྲོན་མའི་མཛོད་སོགས་གསོ་རིག་གཞུང་ཆེན་རྨད་དུ་བྱུང་བ་མང་པོ་བྱུང་ངོ་། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1