པོ་ཏ་ལ་ཆུང་བར་གྲགས་པའི་ཕུའུ་ཐུའོ་ཙུང་ཁྲེང་དགོན་།

རྣམ་དཀར་ལྷ་མོ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


དེ་ཡང་ཆིང་རྒྱལ་རབས་ཀྱི་གོང་མ་ཁང་ཞི་ཁྲི་ལོ་ང་གཉིས་པ་སྟེ་སྤྱི་ལོ་1713ལོ་ནས་གོང་མ་ཆན་ལུང་ཁྲི་ལོ་ཞེ་ལྔ་པ་སྟེ་སྤྱི་ལོ་1780ལོའི་བར་སྔ་གཞུག་ཏུ་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཚ་གཡོལ་རི་གྲོང་གི་བྱང་ཤར་མཚམས་སུ་བོད་བརྒྱུད་ནང་བསྟན་གྱི་དགོན་སྡེ་བརྒྱད་ཕྱག་བཏབ་ཡོད་དེ། སྐབས་དེར་པེ་ཅིན་དང་ཁྲེང་ཏེ་རུ་བོད་སོག་ལས་ཁུངས་ཀྱི་ཐད་གཏོགས་དགོན་སྡེ་བསྡོམས་པས་བཞི་བཅུ་ཡོད་པར། པེ་ཅིན་གྲོང་ཁྱེར་དུ་དགོན་སྡེ་སོ་གཉིས་དང་ཁྲེང་ཏེ་རུ་དགོན་སྡེ་བརྒྱད་ཕྱག་བཏབ་པ་དང་། ཡོངས་ཁྱབ་ཏུ་ཕྱི་རོལ་གྱི་དགོན་སྡེ་བརྒྱད(外八庙)ཅེས་འབོད།

དེ་ལས་ཕུའུ་ཐུའོ་ཙུང་ཁྲེང་དགོན་ནི་དགོན་སྡེ་བརྒྱད་ཀྱི་ཡ་གྱལ་ཏེ། ཆན་ལུང་ཁྲི་ལོ་སོ་གཉིས་པ་སྟེ་སྤྱི་ལོ་1767ལོའི་ཟླ་3པར་བཞེངས་འགོ་ཚུགས་པ་དང་། ཆན་ལུང་ཁྲི་ལོ་སོ་དྲུག་པ་སྟེ་སྤྱི་ལོ་1771ལོའི་ཟླ་8པར་ལེགས་གྲུབ་བྱུང་། དགོན་པ་དེ་ཉིད་གོང་མ་ཆན་ལུང་གིས་ཆན་ལུང་ཁྲི་ལོ་སོ་དྲུག་པར་གོང་མ་ཁོང་ཉིད་ཀྱི་དགུང་ལོ་དྲུག་ཅུའི་འཁྲུངས་སྐར་དང་རྒྱལ་ཡུམ་ཁྲུང་ཆིང་དགུང་ལོ་བརྒྱད་ཅུ་ལོན་པའི་གྱི་སྟོན་ཆེད་དུ་བཞེངས་པ་དང་། འཛུགས་སྐྲུན་གྱི་རྣམ་པ་ལྷ་སའི་ཕོ་བྲང་པོ་ཏ་ལར་དཔེ་དྲངས་པས་པོ་ཏ་ལ་ཆུང་བ་ཞེས་ཀྱང་འབོད་པ་དང་། རྒྱང་རིང་ནས་བལྟས་ན་པོ་ཏ་ལའི་བརྗིད་ཉམས་མངོན་འདུག །

དགོན་པ་དེ་ཉིད་ཀྱི་བཀོད་པ་ཁག་གསུམ་དུ་ཕྱེ་ཡོད་པ་སྟེ། མདུན་ཕྱོགས་སུ་རི་སྒོ་དང་། རྡོ་རིང་བསིལ་ཁང་། མཆོད་རྟེན་ལྔའི་སྒོ་བཅས་ཡོད་པ་དང་། དབུས་རྒྱུད་དུ་གཡུ་རྩིའི་རྟ་བབས་དང་སྡིངས་ཆ་དཀར་པོ། གྲྭ་ཤག་སོགས་ཡོད། རྒྱབ་ཕྱོགས་སུ་དགོན་པའི་གྲྭ་ཤག་དང་ལྷ་ཁང་སོགས་ཆེ་ཆུང་60ལྷག་ཡོད་ལ་མཐའ་རུ་གྱང་ཆེན་པོ་ཞིག་གིས་བསྐོར་ཡོད་པ་རེད། ཁུང་ལྔ་ཅན་གྱི་རྡོ་ཟམ་དུ་བརྒྱུད་དེ་བོད་བཟོའི་སྒོ་ཡོལ་དུ་སྐྱོད་སྐབས་རྫ་གཡམ་སེར་པོས་བཀབ་པའི་རྡོ་རིང་གི་བསིལ་ཁང་ཞིག་རེད། བསིལ་ཁང་ནང་དུ་རྡོ་རིང་གསུམ་བཞེངས་ཡོད་པ་དང་རྒྱ་ཡིག་དང་མན་ཇུའི་ཡི་གེ། སོག་ཡིག །བོད་ཡིག་བཅས་ཡིག་རིགས་བཞི་ཡི་ཐོག་ནས《ཕུའུ་ཐུའོ་ཙུང་ཁྲེང་དགོན་གྱི་རྡོ་རིང་།》དང《ཐོའར་ཧུའུ་ཐི་མངའ་འོག་ཏུ་ལོག་པའི་ཟིན་ཐོ།》 《 ཐོའར་ཧུའུ་ཐི་འབངས་མིར་གཟིགས་སྐྱོང་བྱས་པའི་ལོ་རྒྱུས།》བཅས་ཁག་གསུམ་འཁོད་ཡོད། བསིལ་ཁང་གི་རྒྱབ་ནི་མཆོད་རྟེན་ལྔ་པའི་སྒོ་སྟེ། གྱང་དཀར་པོའི་སྟེང་དུ་བོད་བཟོའི་སྒེའུ་ཁུང་བང་རིམ་གསུམ་ཡོད་ལ། ཞབས་སུ་གཞུ་དབྱིབས་ཀྱི་སྒོ་གསུམ་དང་། སྒོའི་སྟེང་དུ་མཆོད་རྟེན་དཀར་དམར་སེར་ལྗང་ནག་བཅས་ལྔ་ཡོད་པས་བོད་བརྒྱུད་ནང་བསྟན་གྱི་གྲུབ་མཐའ་ལྔའི་མཚོན་རྟགས་ཡིན་པ་དང་སྒོའི་མདུན་དུ་རྡོ་ཆེན་གྱི་གླང་ཆེན་ཆ་གཅིག་ཡོད་ཅིང་། དེ་ནི་བཀྲ་ཤིས་པ་དང་ཐེག་ཆེན་གྱི་སྟོབས་ཤུགས་ཚད་མེད་པ་མཚོན་པ་རེད།

ཚོགས་ཆེན་འདུ་ཁང་ནི་དགོན་པ་དེ་ཉིད་ཀྱི་གཙོ་ཁང་ཡིན་ཏེ། ཤར་གྱི་སྡིངས་ཆ་དམར་པོའི་ཐོག་གི་ལྷ་ཁང་ཚོགས་ཀྱི་དཀྱིལ་དབུས་སུ་བཞེངས་ཤིང་། ལྷ་ཁང་འདི་ནི་ཆིང་རྒྱལ་རབས་ཀྱི་གོང་མ་དང་གྲངས་ཉུང་མི་རིགས་ཁག་གི་གཙོ་འཛིན་རྣམས་ཀྱིས་གསོལ་མཆོད་གནང་ཡུལ་རེད། དེའི་མདུན་སྒོ་ནི་ཟངས་དང་གཡུ་རྩི་དབྱུས་པའི་བྱང་ཆུབ་མཆོད་རྟེན་དང་། མཆོད་རྟེན་གྱི་དཀྱིལ་གྱི་ཙན་དན་སྨུག་པོས་གཏོར་བའི་མཆོད་རྟེན་ནང་དུ་བྱམས་པའི་སྐུ་མཆོད་ཡོད་པ་དང་། ཤར་ནུབ་ཕྱོགས་གཉིས་ནི་ཙན་དན་གྱི་མཆོད་རྟེན་ཡིན། མཆོད་རྟེན་མདུན་གྱི་སྒྲོག་ཙེའི་སྟེང་དུ་མཆོད་པ་ལྔ་དང་། ནོར་བུ་བརྒྱད། བྱུ་རུའི་སྡོང་པོ་སོགས་ཡོད་ཅིང་། དེ་དག་ཚང་མ་ལྷ་ཁང་དེའི་ནང་གི་དངོས་པོ་ངོ་མ་ཡིན། བྱང་གི་ཡོལ་བའི་སྟེང་དུ་མཐོ་ཚད་ལ་སྨི་10དང་ཞེང་ཚད་ལ་སྨི་3ཡོད་པའི་དར་ཟབ་འཚེམ་དྲུབ་ཀྱི་བྲིས་སྐུ་ཆེན་པོ་ཞིག་ཡོད་པ་དེ་ནི་མིན་གོ་དུས་སྐབས་སུ་དམག་ཤེད་ཅན་གྱིས་བརྐུས་པ་དང་། དེ་སྔར་རླུང་ཡོལ་གྱི་སྔོན་ལ་ཤཱཀྱ་མུ་ནེའི་སྐུ་མཆོད་དུ་ཕུལ་བ་དང་། ཚོམས་ཆེན་གྱི་གཡས་གཡོན་དུ་ཏཱ་ལའི་བླ་མ་དང་རྗེ་ཙོང་ཁ་པའི་སྐུ་བརྙན་བཞུགས་ཡོད་པ་དེ་ནི་ཟངས་ཀྱི་རྒྱུ་ཆ་ཤ་སྟག་རེད། ད་ལྟ་རླུང་ཡོལ་མདུན་གྱི་ཚེ་དཔག་མེད་དང་དེ་བཞིན་གཞོགས་གཉིས་ཀྱི་ཉེ་བའི་སྲས་ཆེན་བརྒྱད། རྗེ་ཙོང་ཁ་པ་སོགས་ཟངས་སྐུ་ཚང་མ་ནི་ཚོམས་ཁང་ནང་ནས་སྤོས་པ་ཞིག་ཡིན་པ་ལས་ལྷ་ཁང་དེའི་ནང་གི་སྔར་གྱི་དངོས་པོ་མིན་པར་བཤད།

དེ་ཡང་ལྷ་ཁང་དེ་ནས་གོང་མ་ཆན་ལུང་གིས་འདིར་མི་རིགས་ཁག་གི་རྒྱལ་བློན་བང་ཆེན་དང་མཇལ་འཕྲད་གནང་བ་དང་། པཎ་ཆེན་སྐུ་ཕྲེང་དྲུག་པས་ཀྱང་དེར་ཆོས་ཁྲིད་གསུང་མྱོང་འདུག །ད་ལྟ་ལོ་རེའི་ལུགས་རྙིང་གི་ཟླ་7པའི་ཚེས་11ཉིན་ལྷ་ཁང་དེར་བོད་བརྒྱུད་ནང་བསྟན་གྱི་སློབ་གནས་ཀྱི་རྒྱུགས་ལེན་གནང་བཞིན་ཡོད།

ལྷག་པར་དུ་དགོན་པ་དེས་ཐོའར་ཧུའུ་ཐི་མེས་རྒྱལ་གྱི་པང་དུ་ལོག་པ་སོགས་ཀྱི་དོན་རྐྱེན་གལ་ཆེན་གྱི་དཔང་པོ་བྱས་པ་དེ་ནི་ཁང་ཞི་དང་ཆན་ལུང་གི་རྫོགས་ལྡན་དུས་སྐབས་ཀྱི་ཀྲུང་ཧྭ་མི་རིགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་གོང་བུར་འགྲིལ་ཤུགས་ཆེན་པོ་དང་། དེ་བཞིན་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་ཆེན་པོ་མཚོན་པ་ཞིག་རེད། ། ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1