སྤྱོད་ལམ་དང་ཁྲིམས་ལུགས་།

འཁྱམས་ཏཱ་རེ་རྒྱལ། རྩོམ་སྒྲིག་པ།ཡོང་ཁུངས། སྤེལ་དུས། 06-07


རྒྱལ་ཁབ་དང་མི་རིགས་གང་ལ་མཚོན་ནའང་། སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ནི་བྱ་རྒྱལ་རྒོད་པོའི་གཤོག་ཟུང་དང་འདྲ་སྟེ། གང་དུ་ཁྲིམས་ལུགས་བཟང་པོ་ཡོད་ན་དེ་རུ་སྤྱོད་ལམ་ཡག་པའི་སྤྱི་དམངས་འབོར་ཆེན་ཡོད་སྲིད་ཅིང་། ཁྲིམས་ལུགས་ཀྱིས་སྤྱོད་ལམ་ཚད་ལྡན་དུ་བསྒྱུར་ཐུབ་པས། སྤྱོད་ལམ་དང་ཁྲིམས་ལུགས་གཉིས་རྩིས་ཕྲེང་དངོས་མར་གྲུབ་ཚེ། རྒྱལ་ཁབ་དང་མི་རིགས་གང་དེའི་མཁའ་དབྱིངས་སུ་སྲིད་ཀྱི་བྱ་རྒྱལ་རྒོད་པོས་འཆམ་མཐུན་མཉམ་གནས་ཀྱི་གཤོག་ཟུང་རྒྱང་དུ་བརྐྱངས་ཏེ། དུས་བདེ་ཞོད་འཇགས་ཀྱི་གཤོག་འགྱུར་རྩེན་ཆོག་ཆོག་ཡིན་ལ། གལ་ཏེ་དེ་ལས་ལྡོག་པར་གྱུར་ན་རྒྱལ་ཁབ་དང་མི་རིགས་གང་དེར་ཆག་འཇིག་དང་ཉམས་ཉེས་སྣ་ཚོགས་འབྱུང་སྲིད་པ་ནི་ཟུར་བསྟན་ལེབ་མཐོང་གི་ཆོས་ཉིད་ལས་མ་འདས་སོ། །

སྐབས་འདིའི་གླེང་གཞིར་གྱུར་པའི་སྤྱོད་ལམ་དང་ཁྲིམས་ལུགས་ཞེས་པའང་སྤྱོད་ལམ་དང་ཁྲིམས་ལུགས་ཙམ་པོ་བ་ཞིག་མ་ཡིན་པར། སྤྱོད་ལམ་ཚད་ལྡན་ཞིག་དང་ཁྲིམས་ལུགས་ཡང་དག་ཅིག་ལ་གོ་དགོས་ཤིང་། ཁྲིམས་ལུགས་ལ་བརྩི་མཐོང་བྱེད་པའི་འདུ་ཤེས་ལེགས་པོ་ཞིག་སྐྱེད་སྲིང་བྱ་རྒྱུ་ནི་གལ་ཆེན་ནང་གི་འགངས་ཆེན་ཡིན་ཏེ། དཔེར་ན། ཆོས་རྒྱལ་སྲོང་བཙན་སྒམ་པོའི་སྐུ་རིང་ལ་མི་དགེ་བ་བཅུ་དང་མི་ཆོས་གཙང་མ་བཅུ་དྲུག་སོགས་ཀྱི་ཁྲིམས་ལུགས་གཏན་ལ་ཕབ་པ་ནི་མིའི་སྤྱོད་ལམ་ལ་དག་ཐེར་དང་ཡར་སྐུལ་བྱས་པ་ཡིན་ལ། རྒྱལ་ཁམས་བདེ་ཞིང་མི་སེར་སྐྱིད་པའི་སྲིད་ཇུས་གསར་པ་ཞིག་ལག་ཏུ་བསྟར་བའང་ཡིན་ནོ། །

དེ་བཞིན་དེང་གི་དུས་ལ་མཚོན་ནའང་སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ཀྱི་ཐད་དུ་ལྟ་བ་འདོན་མཁན་ཅུང་མང་པོ་ཡོད་ཀྱང་། མང་རའི་རྒྱལ་མཚན་གྱིས་བརྩམས་པའི《 ཟུར་མང་བའི་བསམ་གཞིགས》ལས། སྤྱིར་མཚན་ཉིད་རིག་པའི་ཐད་ནས་བལྟས་ན། མིའི་རིགས་ཀྱི་སྤྱི་ཚོགས་ནི་ཚད་ཐིག་མཐོ་དམའ་གཉིས་ཀྱི་བར་མཚམས་ན་གནས་ཡོད། དེ་ནི་མཐོ་བ་ཀུན་སྤྱོད་ཀྱི་ཚད་ཐིག་དང་དམའ་བ་བཅའ་ཁྲིམས་ཀྱི་ཚད་ཐིག་གཉིས་ཡིན། ཞེས་དང་། ཡང་དེ་ལས། མཐོ་བ་ཀུན་སྤྱོད་ཀྱི་ཚད་ཐིག་དེ་སྙེག་དཀའ་བས་ཁོད་ཡངས་རང་དབང་ཅན་ཞིག་ཡིན་དགོས་ལ། དམའ་བ་བཅའ་ཁྲིམས་ཀྱི་ཚད་ཐིག་ལས་འདའ་མི་རུང་བས་སྲ་བརྟན་གཞན་དབང་ཅན་ཞིག་ཡིན་དགོས། ཞེས་པ་ལྟར་ཀུན་སྤྱོད་དང་བཅའ་ཁྲིམས་གཉིས་ཀྱང་ལན་རེར་གཅིག་གྱུར་དང་སྐབས་རེར་ཐ་དད་དུ་སྣང་བས་ང་ཚོས་གང་ལ་གང་འཚམ་གྱི་སྒོ་ནས་ཐག་གཅོད་དང་བཀོལ་སྤྱོད་བྱ་དགོས་ཤིང་། མི་ལ་སྤྱོད་ལམ་ཡག་པོ་ཞིག་དགོས་ན་ཐོག་མར་མི་ལ་ཀུན་སློང་རྣམ་དག་ཅིག་དགོས་པ་ནི་སྨྲོས་མེད་ཡིན་ཏེ། ཀུན་སློང་དང་སྤྱོད་ལམ་བསྡུས་པ་ལས་ཀུན་སྤྱོད་གྲུབ་ཅིང་། ཀུན་སྤྱོད་ཅེས་པ་ནི་ནང་བསམ་པའི་ཀུན་སློང་དང་ཕྱི་ལུས་ཀྱི་སྤྱོད་པ་ལ་ཟེར་བ་དང་། ཀུན་སྤྱོད་ཀྱི་རང་གཅུན་དང་ཁྲིམས་ལུགས་ཀྱི་གཞན་སྡོམ་ཟེར་བ་ལྟར། སྤྱོད་ལམ་དང་ཁྲིམས་ལུགས་གཉིས་ནི་རང་གཞན་གཉིས་བདེ་ཡོང་བའི་ཐབས་ལམ་ཉག་གཅིག་ཏུ་སེམས་ཤིང་། རང་རེའི་བོད་ཀྱི་ཁ་དཔེར། རྒྱལ་པོའི་རྒྱལ་ས་མ་བདེ་ན། སྤྲང་པོའི་མལ་ས་མི་བདེ་ཞེས་དང་། རྟོགས་པ་ལྷ་ལས་མཐོ་རུང་སྤྱོད་པ་མི་དང་བསྟུན་དགོས་ཟེར་བ་ལྟར། སྤྱོད་ལམ་དང་ཁྲིམས་ལུགས་ཀྱིས་ཆེ་བ་རྒྱལ་སྲིད་ནས་ཆུང་བ་ཁྱིམ་སྲིད་སྐྱོང་བའི་བར་གྱི་བྱ་བ་ཐམས་ཅད་ལ་ཁག་ཐེག་ལེགས་པོ་བྱེད་ཐུབ་པར་མ་ཟད། ཁྲིམས་ལུགས་ནི་རང་ཉིད་ལ་སྲུང་སྐྱོང་བྱེད་སྤྱད་ཀྱི་གོ་ཆ་ལྟ་བུ་ཞིག་ཀྱང་ཡིན་པས། ང་ཚོས་མི་རང་ཉིད་ནས་དུས་ད་ལྟ་ནས་འགོ་བརྩམས་ཏེ་ཁྲིམས་ལུགས་ལེགས་སྲུང་དང་སྤྱོད་ལམ་ལེགས་བསྒྱུར་གྱི་ཐད་དུ་ནུས་ཤུགས་ཡོད་རྒུ་འབུལ་འོས་སོ། ། བདེ་སྐྱིད་དཔལ་གྱི་སྦྲ་ཁྱིམ་ཕྱུག་མོ་འདིར། །ཚེ་བསོད་ཕྱྭ་གཡང་མི་འབྲལ་རྟག་བརྟན་ཤོག ། 


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1