གདོང་ཁུ་བོ་སྤྱི་དཔོན་རྒྱལ་པོ་དེའི་ཞལ་ནས། མ་བཞི་དཔོན་པོ་ཁྲོ་ཐུང་ལགས། ཁྲོ་ཐུང་ཝ་མོ་སྡར་ཐུང་ཁྱོད། །མི་ཤེས་ཤེས་མདོག་མ་བྱེད་ཅིག །སྒྲོ་འདིའི་སྒྲོ་རྒྱུས་ང་ལ་ཡོད། །ལས་འོང་རྒྱུ་གཅིག་དེ་འོང་ལེ་གདའ། །ཚོ་ཆེན་ལྷ་སྡེ་དཀར་པོ་ལ། །ཧོར་སེར་པོ་གློ་བུར་ཡོང་ངེས་གདའ། །ཟེར་ནས་གླུ་ངག་དལ་བ་རིང་མོའི་རྟ་ལ་དྲངས་ནས་གླུ་འདི་འདྲ་གསུངས་སོ། །
གླུ་ཐ་ལ་ལ་མོ་ཐ་ལ་རེད། །
གླུ་ཨ་ལ་ལ་མོ་ཨ་ལ་རེད། །
གླུ་ཕ་རྒྱུད་ནམ་མཁའ་སྟོང་བའི་གླུ། །
སྟོང་བའི་གླུ་ཞིག་མི་ལེན་ཏེ། །
ནམ་མཁའ་མཐའ་དབུས་མེད་པའི་གླུ། །
མ་རྒྱུད་ཆུ་བོའི་གཞུང་འབྱམས་གླུ། །
འབྱམས་པའི་གླུ་ཞིག་མི་ལེན་ཏེ། །
ཆུ་ལ་རྒྱུན་ཆད་མེད་པའི་གླུ། །
རང་རྒྱུད་རྩ་རླུང་འཕྲུལ་འཁོར་གླུ། །
འཕྲུལ་བའི་གླུ་ཞིག་མི་ལེན་ཏེ། །
རྩ་ལ་འགག་པ་མེད་པའི་གླུ། །
ས་འདིའི་ས་ངོ་མ་ཤེས་ན། །
རྨ་དེའུ་ཡག་སྟག་ཐང་ཁྲ་མོ་རེད། །
ང་དང་ང་ངོ་མ་ཤེས་ན། །
ཕ་རི་རྨ་ལ་ཚུ་རི་རྫ། །
རྨ་རྫ་གཉིས་ཀྱི་བར་སྒང་ན། །
ཁྲ་སྟོད་ནམ་མཁའ་ལངས་པ་ན། །
ཁྲ་མདའ་མུན་ཆུ་རུབ་པ་ན། །
ཁྲ་ཨ་ཕས་ཀི་ཀི་ཟེར་ས་ནས། །
ཁྲ་ཨ་མས་བསྭོ་བསྭོ་ཟེར་ས་ནས། །
ཁྲ་ཕྲུག་གཤོག་རྩལ་སྦྱོང་ས་ན། །
ཁྲ་སྟོད་གནམ་རྫོང་ཕྱུག་མོ་ན། །
སྤྱི་དཔོན་རོང་ཚ་ཁྲ་རྒན་ཡིན། །
མི་རབས་གསུམ་གྱི་མི་རྒན་ཡིན། །
ལྷ་རབས་གསུམ་གྱི་ལྷ་རྒན་ཡིན། །
སྲིན་པ་ཆགས་པའི་གངས་རྒན་ཡིན། །
ཉོན་མོངས་མཐོང་བའི་སྡུག་རྒན་ཡིན། །
མཐེབ་པ་སུམ་ཅུའི་སྐྱེ་མགོ་ཡིན། །
ང་མ་རྒས་གཞོན་ལ་སྡོད་དུས་དེར། །
རྒས་བསམ་ཡིད་ལ་མེད་དུས་དེར། །
ཁྲ་རྒན་མིང་དུ་ཐོགས་དོན་དེ། །
ང་ཁྲ་དང་འདྲ་བས་ཁྲ་རྒན་ཐོགས། །
སྤྱི་དཔོན་མིང་དེ་ཐོགས་ལེ་དེ། །
ཚ་རོང་འགག་གསུམ་འགག་གིས་བཟུང་། །
རོང་གླིང་ཚོ་གསུམ་རོང་གིས་བཟུང་། །
ཤར་རོང་གླིང་བཅུ་གཉིས་དཔོན་པོ་བྱས། །
མཐོན་པོ་གཉའ་ནས་ཕབ་མི་བྱས། །
དམའ་མོ་འགབ་ནས་སྐྱོར་མི་བྱས། །
མཐོ་དམན་མེད་པར་ཁོད་སྙོམས་བྱས། །
གཉོམ་ཆུང་རྣམས་ཀྱི་ཕ་མ་བྱས། །
ཁྱེའུ་རྣམས་ཀྱི་དཔུང་རོགས་བྱས། །
ཕྱུག་པོ་རྣམས་ཀྱི་བློ་ཕུགས་བྱས། །
མེད་པོ་རྣམས་ཀྱི་ཡོད་ཁུངས་བྱས། །
དམར་མོའི་རྒྱུ་དང་ཞིམ་པོའི་ཟས། །
དཔོན་གཡོ་ཟོལ་ཅན་གྱི་ལྐོག་ཟན་དེ། །
ང་ཁྲ་རྒན་སེམས་ལ་ཤར་མ་མྱོང་། །
ཕོ་མི་ནུས་པ་ཡི་སྒོ་རྩ་ཅན། །
ཡོབ་ཆེན་ཤ་ལེ་བབས་རབ་མེད། །
ཕོ་མི་ཐུབ་གཉའ་བ་མཐོན་པོ་ལ། །
འཇམ་ཞུ་ལེ་ཁྲ་རྒན་གཟུར་རབ་མེད། །
གཏམ་ཚིག་གསུམ་གོ་ན་སྤྱི་གཏམ་དང་། །
ཟས་ཁམ་གསུམ་ཡོད་ན་སྤྱི་ཟས་བྱས། །
ནོར་ཡར་བསགས་སྤྱི་ཡི་དོན་ལ་བསགས། །
དགྲ་ཕར་འགྲོ་སྤྱི་ཡི་དོན་ལ་སོང་། །
སྤྱི་དཔོན་ཐོགས་དོན་དེ་ལས་བྱུང་། །
གླུ་འདི་གླུ་ངོ་མ་ཤེས་ན། །
སྤྱི་དཔོན་དལ་བ་རིང་མོ་ཡིན། །
དལ་བ་རིང་མོ་མི་ལེན་རི། །
ཕྱི་སྒྱུ་བའི་སྐུ་ལུས་དལ་དང་གཅིག །
ནང་སེམས་ཉིད་གཞི་རྩ་དལ་དང་གཉིས། །
གཏམ་སྨྲ་བརྗོད་ཚིག་སྣ་དལ་དང་གསུམ། །
གླུ་དལ་བ་རིང་མོ་དེ་ནས་བྱུང་། །
གསེར་པའི་དཔོན་པོ་ཁྲོ་ཐུང་ལགས། །
ཁྲོ་བ་ལྷ་སྡེའི་ནང་དུ་ཁྲོ། །
ཐུང་བ་ཕུ་ནུའི་སྟེང་དུ་ཐུང་། །
ཆང་སྐྱེམས་འབར་འཐུང་ན་དཔའ་བོ་སྟག །
སྡང་དགྲ་བོ་མཐོང་ན་སྡར་མ་ཝ། །
མར་ཁུག་ཕད་བུ་སྣུམ་ཐུང་ལ། །
རྩམ་ཁུག་ཕད་བུ་སྐྱ་ཐུང་ཡིན། །
ཞོ་རུ་ཕད་བུ་ཟེའུ་ཐུང་ལ། །
སྤང་དཀར་རྦབ་ལ་སྒྲིལ་ཐུང་ལགས། །
རྟ་འདྲོགས་མགོ་གཅིག་གི་སྟེང་ལ་ཞོན། །
གླུ་བྲེལ་ཐུང་ཚིག་གཅིག་ངག་ནས་ལེན། །
ཡིད་མ་ཆེས་བུ་ལ་ནོར་ཡ་མེད། །
སྒྲོ་འདིའི་སྒྲོ་ངོ་ང་ཡིས་ཤེས། །
ཚ་བོ་སེང་ཆེན་མ་འཁྲུགས་དུས། །
རྒྱ་ཚ་ཞལ་ལུ་མ་བཙས་གོང་། །
ཚོ་ཆེན་ལྷ་སྡེ་དཀར་པོ་འདི། །
ཧོར་ཐོག་རྨོག་རལ་ཆེན་རྒྱལ་པོ་ལ། །
ལ་རྒྱབ་ཕག་གི་ཁྲལ་འཇལ་ཡིན། །
དབྱར་འཇལ་དགུན་འཇལ་བྱས་རབས་ཡོད། །
བརྒྱ་ནས་བརྒྱ་ཉུང་རྟེན་འབྲེལ་དགོས། །
ལྟེ་ཁ་ཐོག་ཕུད་དགོས་ལེ་ཡིན། །
ང་སྤྱི་དཔོན་ཧོར་ལ་ལན་མང་ཕྱིན། །
བྱ་འདི་འདྲ་ཧོར་ལ་གདའ་ལེ་ཡིན། །
ཧོར་བྱ་གང་ག་རོ་གཟན་ཟེར། །
འགའ་རེས་བྱ་ཐན་བསེ་བོ་ཟེར། །
གུར་དཀར་དཔོན་གྱི་བླ་བྱ་རེད། །
དཀར་པོ་སྒྲོ་གཅིག་གདའ་ལེ་དེ། །
གུར་དཀར་རྒྱལ་པོའི་བླ་སྒྲོ་རེད། །
ནག་པོའི་སྒྲོ་གཅིག་གདའ་ལེ་དེ། །
གུར་ནག་རྒྱལ་པོའི་བླ་སྒྲོ་རེད། །
སེར་པོའི་སྒྲོ་གཅིག་གདའ་ལེ་དེ། །
གུར་སེར་རྒྱལ་པོའི་བླ་སྒྲོ་རེད། །
དམར་པོའི་སྒྲོ་གཅིག་གདའ་ལེ་དེ། །
ཤན་པ་རྨེ་རུའི་བླ་སྒྲོ་རེད། །
དེ་མིན་སྒྲོ་འགའ་གདའ་ལེ་དེ། །
ཧོར་རི་ཐང་བཅུ་གཉིས་བླ་སྒྲོ་རེད། །
ངེད་རང་ཚོ་ཆེན་ལྷ་སྡེ་འདིས། །
ལ་གསུམ་སོ་བ་འབུད་དགོས་ཏེ། །
ལུང་གསུམ་ཉུལ་མ་འགྲོ་དགོས་དོ། །
སྐེད་གསུམ་དཔྱད་པ་འགྲོ་དགོས་དོ། །
དགྲ་ཚུར་འོང་ལས་ལ་ངེས་པ་མེད། །
སྐྱ་བོ་རི་ལ་འབྲོ་དགོས་གདའ། །
སྨུག་པོ་རི་ལ་བསྐུང་དགོས་གདའ། །
གཏམ་མ་གོ་མ་ཐོས་མ་ཟེར་བར། །
གླིང་ལྷ་སྡེའི་ཐུགས་ལ་དེ་འདྲ་ཞོག །
ཅེས་གསུངས་པ་དང་།