༄༅།།ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྐྱབས་གསུམ་དང་མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱ་དོན་གྱི་དགེ་འདུན་ལ་ཅུང་ཟད་དཔྱད་པ་མི་ཕམ་ཞལ་ལུང་བློ་བཟང་དགོངས་རྒྱན་ཞེས་བྱ་བ་བཞུགས་སོ། །

བློ་བཟང་བསྟན་པ། རྩོམ་སྒྲིག་པ།དབང་ཆེན།ཡོང་ཁུངས།དགེ་ལུགས་པའི་དྲ་བ། སྤེལ་དུས། 06-08


༄༅། །ཨོཾ་བདེ་ལེགས་སུ་གྱུར་ཅིག ཕྲ་རབ་རྡུལ་གྱི་དཀྱིལ་འཁོར་གཅིག་ལ་ཡང་། །རྡུལ་སྙེད་ཞིང་གི་རྒྱལ་བའི་དཀྱིལ་འཁོར་ནི། །མ་ལུས་དོག་མེད་འགོད་པ་བདེར་གཤེགས་ཀྱི། །བཞེད་པ་འཇུག་པའི་ཚུལ་དེར་སུ་མི་གུས། །དེ་ལྟ་མོད་ཀྱི་འབྲས་བུའི་ཁྱད་པར་ནི། །རྒྱུ་ཡི་ཁྱད་པར་དག་ལ་རག་ལས་ཕྱིར། །རྫོགས་སངས་རྒྱས་ཀྱི་ཐོག་མའི་རྒྱུ་གང་ལ། །ཟླ་བའི་ཞབས་བཞིན་བདག་ཀྱང་བསྟོད་པར་བགྱིད། །སྨན་གྱི་ལྗོན་པ་ཆེ་ལས་དེ་ཡི་ནི། །ཆེས་ཕྲའི་མྱུ་གུ་ལ་ནི་གཅེས་འོས་ལྟར། །རང་ཉིད་འཆིང་བརྒྱས་བཅིངས་ཀྱང་གཞན་གཅེས་པའི། །རྒྱལ་སྲས་མྱུ་གུའི་དང་པོ་དེར་བསྔགས་འོས། །འདི་ཡིས་ཉེར་བསྐྲུན་རྫོགས་པའི་སངས་རྒྱས་ཀྱི། །ཡོན་ཏན་མཐའ་དང་བྲལ་བ་སྨོས་ཅི་དགོས། །དག་དང་མ་དག་ས་ཡི་ཡོན་ཏན་ཀྱང་། །ཚུར་མཐོང་བློ་ཡིས་ཆ་ཙམ་ལྕིགས་པར་དཀའ། །དེ་སླད་རྒྱལ་བས་དམན་པས་དཔེས་མཚོན་ནས། །རྒྱལ་སྲས་དགེ་འདུན་རྣམ་པ་མང་གསུངས་པ། །རྒྱལ་ཚབ་དམ་པས་ཉི་ཤུར་བསྡུས་པའི་དོན། །རྒྱལ་བའི་གསུང་ལ་གོམས་སླད་ཆ་ཙམ་དབྱེ། །དེ་ཡང་དམ་བཅས་པའི་དོན་ལྟར་དགེ་འདུན་དཀོན་མཆོག་གི་རྣམ་བཞག་ཆེ་ལོང་ཙམ་ཞིག་བརྗོད་པ་སྐབས་སུ་བབས་པའི་གཙོ་བོ་ཡིན་ཀྱང་། དེ་ལ་ཡང་དཔལ་ལྡན་ཟླ་བའི་ཞབས་ཀྱིས། སངས་རྒྱས་ཆོས་དང་དགེ་འདུན་ནི། །ཐར་བ་འདོད་པ་རྣམས་ཀྱི་སྐྱབས། །ཞེས་གསུངས་པ་ལྟར། སྐྱབས་གསུམ་སྤྱིའི་རྣམ་བཞག་མདོར་བསྡུས་ཤིག་སྔོན་དུ་བཏང་ན་གཞུང་ཆེས་མཛེས་པར་འགྱུར་བས། ཅུང་ཟད་བརྗོད་པར་བྱའོ། །སྐྱབས་གསུམ་སྤྱིའི་རྣམ་བཞག་མདོར་བསྡུས།  དེ་ཡང་གསུང་རབ་དགོངས་འགྲེལ་དང་བཅས་པ་ལས་སྐྱབས་གསུམ་གྱི་ཡོན་ཏན་ཅི་རིགས་མི་བརྗོད་པ་འགའ་ཡང་མེད་པས་འདི་ལ་ཁུངས་ལོགས་སུ་འགོད་མ་དགོས་མོད། འོན་ཀྱང་རྒྱུད་བླ་མ་ལས། གོ་རིམ་ཇི་བཞིན་གཟུངས་ཀྱི་རྒྱལ་བོའི་མདོར། །གླེང་གཞི་ལས་ནི་གནས་གསུམ་རིག་བྱ་སྟེ། །ཞེས་གཟུངས་ཀྱི་དབང་ཕྱུག་རྒྱལ་བོའི་མདོ་ཁུངས་སུ་མཛད་ནས་གསུངས་པའི་རྗེས་སུ་འབྲངས་ཏེ་བཤད་པར་བྱའོ། །འདི་ལ་གཉིས། ཡོན་ཏན་བརྗོད་པ་དང་། སྐྱབས་སུ་འགྲོ་བའི་ཚུལ་ལོ། །དང་པོ་ལ་སོ་སོའི་ཡོན་ཏན་དང་། དཀོན་མཆོག་གི་སྒྲ་བཤད་པའི་སྒོ་ནས་ཐུན་མོང་གི་ཡོན་ཏན་བསྟན་པའོ། །དང་པོ་ལ་གསུམ་ལས་སངས་རྒྱས་ཀྱི་ཡོན་ཏན་ནི། རྒྱུད་བླ་མ་ལས། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །ཅེས་སོགས་ཤོ་ལོ་ཀ་གཅིག་གིས་ཡོན་ཏན་བརྒྱད་མིང་གི་སྒོ་ནས་བསྟན་ཅིང་། ཐོག་མ་དབུས་མཐའ་མེད་པ་ཡི། །སོགས་ཀྱིས་དེ་དག་གི་དོན་རྒྱས་པར་བཤད་དེ། འདིའི་ཐོག་མ་དབུས་མཐའ་མེད་པའི་དོན་ནི། དར་ཊིཀ་ལས། སངས་རྒྱས་ཀྱི་ཆོས་ཀྱི་སྐུ་རང་བཞིན་རྣམ་དག་གི་ཆ་ནི། སྐྱེ་གནས་འཇིག་གསུམ་གྱིས་བསྡུས་པའི་ཐོག་མ་དང་དབུས་དང་མཐའ་མེད་པའི་རང་བཞིན་ཡིན་པའི་ཕྱིར་འདུས་མ་བྱས་པ་ཞེས་བརྗོད་ལ། ཞེས་དང་། ཐོགས་འགྲེལ་བཀོད་པ་ལས་ཀྱང་། འདུས་མ་བྱས་ནི་འདུས་བྱས་ལས་ལྡོག་པར་ཤེས་པར་བྱའོ། །དེ་ལ་འདུས་བྱས་ནི་གང་ལ་ཐོག་མར་སྐྱེ་བ་ཡང་རབ་ཏུ་ཤེས་ཤིང་། བར་དུ་གནས་པ་དང་མཐར་འཇིག་པ་ཡང་རབ་ཏུ་ཤེས་པ་ནི་འདུས་བྱས་ཞེས་རབ་ཏུ་བརྗོད་ལ། སྐྱེ་འཇིག་གནས་གསུམ་དེ་མེད་པའི་ཕྱིར། དོན་དམ་པའི་བསྡུས་པའི་སངས་རྒྱས་ཉིད་ཐོག་མ་དང་དབུས་དང་མཐའ་མེད་པ་འདུས་མ་བྱས་པ་ཆོས་ཀྱི་སྐུ་ཡང་དག་པའི་མཐས་རབ་ཏུ་ཕྱེ་བར་བལྟ་བར་བྱའོ། །ཞེས་གསུངས་ལ། འདི་དག་ལྟར་ན་དགག་བྱ་ལ་མ་སྦྱར་བར་སྤྱིར་སྐྱེ་འཇིག་གནས་གསུམ་དང་བྲལ་བས་འདུས་མ་བྱས་ཞེས་བཞག་ལ། མཐའ་དཔྱོད་ལས་རང་བཞིན་རྣམ་དག་གི་ཡོན་ཏན་ཐོག་མཐའ་དབུས་གསུམ་བདེན་པར་མེད་པས་འདུས་མ་བྱས་པ་དང་། ཞེས་དགག་བྱ་ལ་སྦྱར་བ་ལྟར་ཡང་རུང་བར་མངོན། འདི་ལྟར་ན་སྔ་ཕྱིའི་དུས་ཀུན་ཏུ་དགག་བྱ་བཅད་ཙམ་ལས་འགྱུར་བ་མེད་པའི་དོན་དུ་གོ་དགོས་སམ་འདུས་མ་བྱས་ཡོན་ཏན་དུ་བཞག་པ་ཡང་རང་བཞིན་རྣམ་དག་གི་ཆ་དེ་ཉིད་འདུས་མ་བྱས་ཡིན་པ་ལ་དགོངས་ནས་འདུས་མ་བྱས་ཀྱི་ཡོན་ཏན་ཞེས་གསུངས་ཀྱི་དེ་ལས་གཞན་རང་བཞིན་རྣམ་དག་འདུས་མ་བྱས་ཡིན་པ་འདིའི་ཡོན་ཏན་དུ་འཇོག་པ་མིན་ནམ་སྙམ་སྟེ། དར་ཊིཀ་ལས། ཡོན་ཏན་བརྒྱད་གང་ཞེ་ན། ཆོས་ཀྱི་སྐུས་བསྡུས་པ་འདུས་མ་བྱས་པ་རང་བཞིན་གྱིས་རྣམ་པར་དག་པ་ཉིད་དང་འབད་རྩོལ་ཉེ་བར་ཞི་བས་གཞན་དོན་ལྷུན་གྱིས་གྲུབ་པ་དང་། ཇི་ལྟ་བ་རྟོགས་པ་གཞན་གྱི་སྒྲའི་རྐྱེན་གྱིས་རྟོགས་པ་མ་ཡིན་པ་དང་ཞེས་གསུངས་ཤིང་། ཡང་དེ་ཉིད་ལས། སངས་རྒྱས་དཀོན་མཆོག་གི་ཡོན་ཏན་གཉིས་སུ་འདུས་ཏེ། རང་དོན་ཆོས་ཀྱི་སྐུ་དང་གཞན་དོན་གཟུགས་ཀྱི་སྐུའོ། །དང་པོ་ལ་གཉིས། དབྱིངས་དང་རིག་པའོ། །དང་པོ་ལ་རང་བཞིན་གྱིས་རྣམ་པར་དག་པ་འདུས་མ་བྱས་པ་དོན་དམ་པའི་བདེན་པ་དང་གློ་བུར་རྣམ་དག་འབད་རྩོལ་ཉེ་བར་ཞི་བའི་ལྷུན་གྱིས་གྲུབ་པ་དང་། རིག་པ་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པ་སོ་སོ་རང་གིས་རིག་པར་བྱ་བའོ། །ཞེས་གསུངས་པས་འདིའི་རང་དོན་གྱི་ཡོན་ཏན་གསུམ་ལ་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་དང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་གསུམ་རང་རང་འཇོག་དགོས་པར་གསལ་ལོ། །གློ་བུར་རྣམ་དག་ལྷུན་གྱིས་གྲུབ་པར་བརྗོད་པའི་རྒྱུ་མཚན་ཡང་། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འོང་བ་འདི་ལ་རག་ལས་པའི་རྒྱུ་མཚན་གྱིས་ཡིན་ཏེ། དར་ཊིཀ་ལས། གློ་བུར་རྣམ་དག་འཆང་བའི་སྐབས་སུ་ལྷུན་གྱིས་གྲུབ་པ་འཆད་པའི་རྒྱུ་མཚན་ནི། གཞན་དོན་འབད་མེད་ལྷུན་གྲུབ་ཏུ་འཇུག་པའི་འགལ་རྐྱེན་ཕྲ་བ་ནི། ཤེས་སྒྲིབ་ཀྱིས་བསྡུས་པའི་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་ནང་ནས་ཟག་པ་མེད་པའི་ལས་ཞེས་པ། ལུས་ངག་གི་ལས་མངོན་པར་འདུ་བྱེད་པའི་ཀུན་སློང་གི་རྩོལ་བ་ཕྲ་མོ་དེ་ཡིན་ལ་དེ་ཉེ་བར་ཞི་བ་ན་སྤངས་པ་མཐར་ཐུག་ཅིང་། གཞན་དོན་འབད་མེད་ལྷུན་འགྲུབ་ཏུ་འཇུག་པ་ཡིན་ནོ་ཞེས་གསུངས། ཇི་ལྟ་བ་རྟོགས་པའི་ཡེ་ཤེས་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའི་དོན་སྤྱི་དོན་རོལ་མཚོ་ལས་ཡེ་ཤེས་རང་ཉིད་གཞན་གྱིས་ཇི་བཞིན་རྟོགས་མི་ནུས་པ་ལ་སྦྱར་བ་མཆན་དུ་བཀག་པ་ལྟར་ལ་དོན་ནི་མཉམ་བཞག་སོ་སོ་རང་གིས་རྟོགས་པར་བྱ་བའི་ཕྱིར། སྒྲ་དང་རྣམ་པར་རྟོག་པ་གཞན་གྱི་རྐྱེན་གྱིས་རྟོགས་པ་མིན་པའོ་ཞེས་གསུངས་པས་སངས་རྒྱས་ཀྱིས་རང་བྱུང་གི་ཡེ་ཤེས་རང་ཉིད་ཀྱིས་མྱོང་བའི་མངོན་དུ་བྱས་ཀྱི་སྒྲ་རྟོག་ལ་སོགས་པ་རྐྱེན་གཞན་ལ་བརྟེན་ནས་རྟོགས་པ་མིན་ཞེས་པའི་དོན་ཡིན་ནོ། །སློབ་པའི་མཉམ་བཞག་གིས་ཀྱང་མྱོང་སྟོབས་ཀྱིས་གཟིགས་མོད་ཀྱི་གཏན་དུ་བ་མིན་ལ་འདི་ནི་ནམ་ཡང་མི་ལྡོག་པ་ནི་ཁྱད་པར་རོ་གསུང་། གཞན་དོན་གྱི་ཡོན་ཏན་གསུམ་ནི། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་པའི་མཁྱེན་རྒྱུ་གསུམ་ནི། རང་དོན་གྱི་ཡོན་ཏན་གསུམ་པོ་དེ་ཡིན་ལ། མཁྱེན་ཚུལ་ནི་རང་བཞིན་རྣམ་དག་གི་ཆ་ནི་དྲི་མས་མ་དག་པ་མ་གཏོགས་སེམས་ཅན་ལ་ཡང་རྗེས་སུ་ཞུགས་པར་མཁྱེན་པ་དང་། གློ་བུར་རྣམ་དག་མཁྱེན་ཚུལ་དར་ཊིཀ་ལས་སངས་རྒྱས་ཀྱི་ཐུགས་རྒྱུད་ཀྱི་འགོག་བདེན་ཡང་དོན་དམ་པའི་བདེན་པ་ཡིན་མོད་ཀྱི། དེ་ཡང་ཤེས་བྱ་ཇི་སྙེད་པ་མཁྱེན་པའི་ཁྱད་པར་དུ་བྱས་ནས་བསྟན་པས་ཇི་སྙེད་པ་མཁྱེན་པ་ཞེས་བྱའོ། །ཞེས་པ་ཙམ་ལས་མི་གསལ་ལ་འོན་ཀྱང་གསུམ་ག་མཁྱེན་པའི་ལྡོག་ཆ་ནས་བཞག་གམ་སྙམ་སྟེ། དར་ཊིཀ་ལས། དེ་ལྟར་རང་བཞིན་རྣམ་དག་དང་གློ་བུར་རྣམ་དག་དང་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་རྣམ་པ་གསུམ་རྟོགས་པའི་ཕྱིར། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སོ། །ཞེས་གསུངས་ཤིང་། འོག་ཏུ་འགྲེལ་བའི་བཤད་པ་བཀོད་པར་ཡང་། སྔ་མ་གསུམ་ཡེ་ཤེས་ཀྱི་ཡུལ་དུ་སྟོན་པ་ན། དང་པོ་གཉིས་ཡུལ་དུ་འཆད་པ་ནི། དེ་ལྟར་ངོ་མཚར་གྱི་ཆོས་ཤིན་ཏུ་རྨད་དུ་བྱུང་ཞིང་རྒྱ་ཆེ་བ་དང་ཟབ་མོ་བསམ་དུ་མེད་པའི་ཡུལ་སངས་རྒྱས་ཉིད་དེ། སྲིད་པ་ཐ་མའི་ཚེ་སློབ་དཔོན་གཞན་ལས་མ་ཐོས་པར་རང་ཉིད་སློབ་དཔོན་མེད་པར་རང་བྱུང་གི་ཡེ་ཤེས་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་ཀྱིས་དོན་དམ་པའི་བདེན་པ་སྒྲས་བརྗོད་དུ་མེད་པའི་རང་བཞིན་དུ་མངོན་པར་རྫོགས་པར་སངས་རྒྱས་ཏེ་ཆོས་གསུམ་པོ་མངོན་སུམ་དུ་མཁྱེན་པའི་ཕྱིར། བླ་ན་མེད་པའི་ཡེ་ཤེས་དང་ལྡན་པ་ཉིད་དུ་རིག་པར་བྱའོ། །ཞེས་གསུངས་པས་ཀྱང་འགྲུབ་སྙམ་ལ་འདི་ལྟར་ན་ཇི་ལྟ་བ་མཁྱེན་པའི་ཡེ་ཤེས་དེ་ཉིད་ཆོས་གསུམ་མཁྱེན་པས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་སུ་བསྟན་སྙམ་མོ། །གཞན་ཡང་འོག་ཏུ་ལུང་དང་སྦྱར་བའི་སྐབས་སུ། ཇི་སྐད་དུ། འཇམ་དཔལ་དེ་ལ་དམིགས་པ་ཆོས་ཐམས་ཅད་ལ་དམིགས་ནས་རང་བཞིན་གྱིས་སྟོང་བའི་རྣམ་པ་དེ་ལྟ་བུའི་རང་བཞིན་དུ་མངོན་པར་རྫོགས་པར་བྱང་ཆུབ་ནས་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱིས་སེམས་ཅན་རྣམས་ལ་ཡང་དྲི་མས་མ་དག་པ་དྲི་མ་དང་བྲལ་བ། སྐྱོན་དང་བཅས་པའི་ཆོས་ཀྱི་དབྱིངས་དེ་བཞིན་གཤེགས་པའི་སྙིང་བོ་དེ་ཉིད་ཁྱད་པར་མེད་པར་གཟིགས་ནས་སེམས་ཅན་རྣམས་ལ་དྲི་མ་དེ་དག་སྦྱོང་བར་བཞེད་པ། རྣམ་པར་བརྩོན་པ་ཞེས་བྱ་བའི་དེ་བཞིན་གཤེགས་པའི་ཐུགས་རྗེ་ཆེན་པོ་རབ་ཏུ་འཇུག་གོ། ཞེས་གསུངས་པ་སོགས་ལ་དཔག་ན་ཡང་འགྲོ་བའི་ངང་ཚུལ་གཟིགས་ནས་རང་གིས་བརྙེས་པའི་ཡོན་ཏན་གསུམ་སེམས་ཅན་རྣམས་ལ་འབྱུང་རུང་དུ་མཁྱེན་པ་ལ་ཡང་སྦྱར་ཆོག་གམ་སྙམ་སྟེ་དཔྱད། འདིའི་སེམས་ཅན་རྣམས་ལ་དྲི་མ་དེ་དག་སྦྱོང་བར་བཞེད་པ་སོགས་ཀྱིས་ཐུགས་རྗེ་ཆེན་པོ་བསྟན་ཏེ་རྣམ་པར་བརྩོན་པ་ཞེས་པ་ནི་དྲི་མ་སྦྱོང་བྱེད་ཀྱི་ལམ་སྟོན་པ་སྟེ། ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ཞེས་གསུངས། འདི་ལ་དར་ཊིཀ་ལས། ཐུགས་རྗེ་ཆེན་པོ་མེད་ན་མྱང་འདས་ཐོབ་པའི་དེ་མ་ཐག་ཏུ་ཞི་བའི་དབྱངས་སུ་སྙོམས་པར་ཞུགས་ནས་ཆོས་འཁོར་བསྐོར་བར་མི་འཛད་པའི་ཕྱིར་རོ་གསུངས་ཏེ། རྣམ་འགྲེལ་ལས། སྙིང་རྗེ་དམན་པ་ཉིད་ཕྱིར་ཡང་། །གནས་པའི་འབད་རྩོལ་ཆེན་པོ་མེད། །གསུངས་པ་དང་འདྲ་སྟེ་གོ་སླའོ། །ནུས་པའི་ཡོན་ཏན་ནི། ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །ཞེས་གསུངས་ཤིང་། དེ་ཡང་བསྟན་བཅོས་འདིར་སྐྱབས་གསུམ་རེ་རེ་ཡང་མདོར་བསྟན་རྒྱས་བཤད་བསྟན་བཤད་སྦྱོར་བ་སྟེ་གཞུང་ཚན་པ་གསུམ་གསུམ་གྱིས་བཤད་པའི་སངས་རྒྱས་དཀོན་མཆོག་ལ། གང་ཞིག་ཐོག་མ་དབུས་མཐའ་མེད་ཞི་སངས་རྒྱས་ཉིད་རང་རྣམ་སངས་རྒྱས། །སངས་རྒྱས་ནས་ནི་མ་རྟོགས་རྟོགས་ཕྱིར་འཇིག་མེད་རྟག་པའི་ལམ་སྟོན་པ། །མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སྡུག་བསྔལ་མྱུ་གུ་གཅོད་མཛད་ཅིང་། །སྣ་ཚོགས་ལྟ་ཐིབས་ཀྱིས་བསྐོར་ཐེ་ཚོམ་རྩིག་པ་འཇིག་མཛད་དེ་ལ་འདུད། །ཅེས་པས་མདོར་བསྟན་ལ། འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །མཁྱེན་དང་བརྩེ་དང་ནུས་པར་ལྡན། །དོན་གཉིས་ལྡན་པའི་སངས་རྒྱས་ཉིད། །ཅེས་པ་རྒྱས་བཤད་དང་། ཐོག་མ་དབུས་མཐའ་མེད་པ་ཡི། །རང་བཞིན་ཡིན་ཕྱིར་འདུས་མ་བྱས། །ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ལྷུན་གྱིས་གྲུབ་ཅེས་བྱ་བར་བརྗོད། །སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ལམ་སྟོན་ཕྱིར་ན་ཐུགས་བརྩེ་བ། །ནུས་པ་ཡེ་ཤེས་ཐུགས་རྗེ་ཡིས། །སྡུག་བསྔལ་ཉོན་མོངས་སྤོང་ཕྱིར་རོ། །ཞེས་པ་བསྟན་བཤད་སྦྱོར་བའི་ཚིག་ཡིན་གསུངས། དེ་ལ་མདོར་བསྟན་གྱི་ཐོག་མ་དབུས་མཐའ་མེད་དང་རྒྱས་བཤད་ཀྱི་འདུས་མ་བྱས་ཞེས་པ་བསྟན་བཤད་དུ་སྦྱོར་བ་བཞིན་དུ་གཞན་རྣམས་འདྲ་ལ། ཞི་བ་ཆོས་ཀྱི་སྐུ་ཅན་ཕྱིར། །ཞེས་པའི་ཆོས་སྐུ་ནི་འབད་རྩོལ་ཕྲ་མོ་ཚུན་ཆད་ཉེ་བར་ཞི་བའི་གློ་བུར་རྣམ་དག་གི་ཆ་དེ་ཉིད་ཡིན་ལ་དེ་དང་ལྡན་པའི་ཕྱིར་མཛད་པ་ཐམས་ཅད་ལྷུན་གྲུབ་ཏུ་འཇུག་ཅེས་བསྟན་པ་ཡིན་ལ་སྐུ་ཅན་ཕྱིར་ཞེས་གསུངས་པ་ལྟར་ན་ཡོན་ཏན་བརྒྱད་གང་ལ་ལྡན་པའི་ཁྱད་གཞི་གཙོ་བོ་སངས་རྒྱས་བཅོམ་ལྡན་འདས་ཉིད་བཟུང་ནས་དེ་ལ་འདུད་ཅེས་གསུངས་པ་ཡིན་ནམ་སྙམ་མོ། །སངས་རྒྱས་ཉིད་རང་རྣམས་སངས་རྒྱས། །ཞེས་པས་གཙོ་ཆེར་ཇི་ལྟ་བ་རྟོགས་པ་བསྟན་ཏེ། སོ་སོ་རང་གིས་རྟོགས་བྱའི་ཕྱིར། །ཞེས་པ་ཡང་འདིའི་དོན་ཡིན་ནོ། །རྣམ་སངས་རྒྱས་ཞེས་པས་ཇི་སྙེད་པ་མཁྱེན་པ་ཡང་བསྟན་ཏེ། དེ་ལྟར་རྣམ་གསུམ་རྟོགས་ཕྱིར་མཁྱེན། །ཞེས་ཇི་སྙེད་པ་མཁྱེན་ཚུལ་གཞན་ལའང་སྦྱར་ཆོག་མོད། སྔ་མ་གསུམ་རྟོགས་པའི་ལྡོག་ཆ་ནས་འཇོག་དགོས་པ་འདི་འདྲ་ལ་དགོངས་སམ་དཔྱད་དེ་སྔར་ཡང་ཅུང་ཟད་བརྗོད་ཟིན་ཏོ། །རྒྱས་བཤད་དུ་མཁྱེན་དང་བརྩེ་དང་ནུས་པར་ལྡན། །ཞེས་མིང་ཙམ་ལས་མ་བསྟན་པའི་དོན་མདོར་བསྟན་ན་གསལ་བས་ཡིན་ནོ། །མ་རྟོགས་རྟོགས་ཕྱིར་ཞེས་པ་ཡང་དོན་གསུམ་པོ་མ་རྟོགས་པའི་གདུལ་བྱ་རྣམས་ལ་དེ་གསུམ་རྟོགས་པའི་ལམ་སྟོན་པ་སྟེ་ལམ་གྱི་ཁྱད་པར་ནི། འཇིག་རྟེན་ལས་འདས་པའི་དོན་གྱིས་ན་འཇིགས་པ་མེད་པ་དང་། ཕྱིར་མི་ལྡོག་པས་རྟག་པའི་ལམ་སྟོན་པའོ། །སླར་མི་ལྡོག་པ་རྟག་པའི་དོན་ཡིན་གྱི་རྟག་དངོས་སུ་འདོད་པ་བབ་ཅོལ་ལོ། །ཞེས་དར་ཊིཀ་གསུངས། མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་སོགས་དར་ཊིཀ་ལས། མཁྱེན་བརྩེའི་རལ་གྲི་རྡོ་རྗེ་མཆོག་བསྣམས་པས་རྟེན་འབྲེལ་ཡན་ལག་བཅུ་གཉིས་ཀྱི་མིང་གཟུགས་ཀྱིས་བསྡུས་པའི་སྡུག་བསྔལ་གྱི་མྱུ་གུ་གཅོད་པར་མཛད་པ་དང་། མཁྱེན་བརྩེའི་རྡོ་རྗེ་མཆོག་བསྣམས་པས་སྣ་ཚོགས་པའི་ལྟ་བའི་ནགས་ཐིབས་པོས་བསྐོར་བའི་ཉོན་མོངས་ཅན་གྱི་ཐེ་ཚོམ་གྱི་རྩིག་པ་འཇིག་པར་མཛད་པའི་ནུས་པ་མངའ་བའོ་ཞེས་གསུངས་ལ། སྐྱེ་མཆེད་ནས་རྒ་ཤིའི་བར་གྱི་སྡུག་བསྔལ་གྱི་རྩ་བ་མིང་གཟུགས་དང་དེའི་གཞིའམ་རྒྱུ་ཉོན་མོངས་ཡིན་པས་དེ་གཉིས་ཀྱི་གཉེན་པོ་དཔེ་གཉིས་ཀྱིས་བསྟན་ལ། སོ་སྐྱེའི་ས་ལས་འཕགས་པར་མི་བྱེད་པའི་རྒྱུ་དང་ཐར་བ་ཐོབ་པའི་གེགས་ཀྱི་གཙོ་བོ་ཀུན་སྦྱོར་གསུམ་ཡིན་པས་ལྟ་བ་དང་ཐེ་ཚོམ་ཚིག་ཟིན་ལ་ཐོན་པར་བྱས་ལ་སྡུག་བསྔལ་དང་ཉོན་མོངས་ཙམ་སྨོས་པ་ཡང་ཉན་རང་རིགས་ཅན་རྗེས་སུ་བཟུང་བའི་ཆེད་ཡིན་གྱི། ཐེག་ཆེན་རིགས་ཅན་གྱི་དབང་དུ་བྱས་ན་སྡུག་ཀུན་ཕྲ་རགས་མཐའ་དག་ཟད་པར་སྤངས་པ་བཟུང་དགོས་ཞེས་གསུངས་སོ། །དང་པོ་གསུམ་གྱི་རང་དོན་དེ། ཕྱི་མ་གསུམ་གྱི་གཞན་དོན་ཡིན། །ཞེས་པས་མཇུག་བསྡུས་ལ་ཡོན་ཏན་བརྒྱད་དུ་བྱེད་ཚེ་སྤྱི་གཉིས་ཀྱིས་ཁ་སྐོང་བར་གསུངས། རང་དོན་གཞན་དོན་ནི་གདུལ་བྱ་ལ་དངོས་སུ་སྣང་ནས་དོན་བྱེད་མི་བྱེད་ཀྱིས་འཇོག་ཚེ་ཕྱི་མ་གསུམ་ཡང་རང་དོན་ལས་གཞན་དོན་དུ་འཇོག་དཀའ་ཡང་། དར་ཊིཀ་ལས། ཐུགས་རྗེ་དང་ནུས་པ་གཞན་དོན་དུ་བཞག་པ་ནི། གཟུགས་ཀྱི་སྐུ་གདུལ་བྱ་ལ་དངོས་སུ་སྣང་ནས་ཆོས་སྟོན་པ་དེ་གཉིས་ཀྱི་ལག་རྗེས་ཡིན་པའི་དབང་དུ་བྱས་ལ། ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་གཞན་དོན་དུ་བསྡུས་པ་ནི། ཐུགས་རྗེ་འཇུག་པའི་རྒྱུའི་དབང་དུ་བྱས་ཞེས་གསུངས་པས་གཞན་དོན་དུ་བསྡུས་ཀྱང་གཞན་དོན་གྱི་སྐུ་མིན་ཞེས་ཟེར་དགོས་སམ་དཔྱད་དོ། །ཡོན་ཏན་འདི་དག་གཟུངས་རྒྱལ་གྱི་མདོའི་གླེང་གཞིའི་ཤེས་བྱེད་དང་སངས་རྒྱས་པར་དར་ཊིཀ་ན་བཞུགས་པས་ཅུང་ཟད་ཙམ་ཞིག་དེ་ལས་བཏུས་ཏེ་བརྗོད་པ་ཡིན་ནོ། །བསྟན་བཅོས་འདི་རྩ་འགྲེལ་གཉིས་དང་བཤད་བྱའི་མདོ་རྣམས་ཀྱི་གནད་དོན་ཡོངས་སུ་རྫོགས་པའི་ཚིག་ཉུང་དོན་སངས་རྒྱས་ཀྱི་ལེགས་བཤད་རྨད་དུ་བྱུང་བར་མཐོང་སྟེ་འདི་ལས་ཅུང་ཟད་རྒྱས་པའི་མགོ་མཇུག་ཚང་མའི་གནད་བསྡུས་རེ་བྲིས་ན་སྙམ་པ་འཆར་ཡང་སྐབས་མ་ཡིན་པས་མ་བྲིས་ལ་སླར་འཆང་བར་ཡང་སྨོན་ནོ། །གཉིས་པ་ཆོས་དཀོན་མཆོག་གི་ཡོན་ཏན་ལ་ཡང་གཞུང་ཚན་པ་གསུམ་ལས། གང་ཞིག་མེད་མིན་ཡོད་མིན་ཡོད་མེད་མ་ཡིན་ཡོད་མེད་ལས་གཞན་དུའང་། བརྟག་པར་མི་ནུས་ངེས་ཚིག་དང་བྲལ་སོ་སོ་རང་གིས་རིག་ཞི་བ། །དྲི་མེད་ཡེ་ཤེས་འོད་ཟེར་སྣང་ལྡན་དམིགས་པ་ཀུན་ལ་ཆགས་པ་དང་། །སྡང་དང་རབ་རིབ་རྣམ་པར་འཇོམས་མཛད་དམ་ཆོས་ཉི་མ་དེ་ལ་འདུད། །ཅེས་པ་མདོར་བསྟན་དང་། བསམ་མེད་གཉིས་མེད་རྟོག་མེད་པ། །དག་གསལ་གཉེན་པོའི་ཕྱོགས་ཉིད་ཀྱིས། །གང་ཞིག་གང་གིས་ཆགས་བྲལ་བ། །བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པ་རྒྱས་བཤད་དང་། ཆགས་བྲལ་ཉིད་ནི་འགོག་པ་དང་། །ལམ་གྱི་བདེན་པ་དག་གིས་བསྡུས། །གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱིས་རིག་བྱ། །བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཞི་ཉིད་གཉིས་མེད་རྟོག་མེད་དེ། །དག་སོགས་གསུམ་ནི་ཉི་བཞིན་ནོ། །ཞེས་པ་བསྟན་བཤད་སྦྱོར་བ་ཡིན་ལ། བདེན་གཉིས་མཚན་ཉིད་ཅན་དེ་ཆོས། །ཞེས་པས་ཆོས་དཀོན་མཆོག་གི་མཚན་གཞི་གང་ཞིག་ཆགས་པ་དང་བྲལ་བའམ། ཆགས་བྲལ་གང་ཡིན་པ་འགོག་པའི་བདེན་པ་དང་གང་གིས་ཆགས་པ་དང་བྲལ་བྱེད་ལམ་གྱི་བདེན་པ་སྟེ་རྣམ་བྱང་གི་བདེན་གཉིས་སྤྱིར་བསྟན་ནས། གོ་རིམ་ཇི་བཞིན་དེ་དག་ཀྱང་། །ཡོན་ཏན་གསུམ་གསུམ་གྱི་རིག་བྱ། །ཞེས་གོང་དུ་བཤད་པའི་གོ་རིམ་ལྟར་བསམ་མེད་གཉིས་མེད་རྟོག་མེད་གསུམ་གྱི་དང་པོས་འགོག་བདེན་གྱི་རང་བཞིན་རྣམ་དག་གི་ཆ་དང་ཕྱི་མ་གཉིས་ཀྱིས་གློ་བུར་རྣམ་དག་གི་ཆ་དང་དག་གསལ་གཉེན་པོའི་ཕྱོགས་གསུམ་གྱིས་ལམ་བདེན་གྱི་ཡོན་ཏན་རིག་པ་སྟེ་ཤེས་བར་བྱ་ཞེས་གསུངས་ལ། འགོག་བདེན་གྱི་རང་བཞིན་རྣམ་དག་གི་ཆ་དེ་ཉིད་བསམ་དུ་མེད་ཚུལ་ཡང་། བརྟག་མིན་ཕྱིར་དང་བརྗོད་མིན་ཕྱིར། །འཕགས་པས་མཁྱེན་ཕྱིར་བསམ་མེད་ཉིད། །ཅེས་རྒྱུ་མཚན་གསུམ་གྱིས་བསྟན་ལ། བརྟག་མིན་གྱི་དོན་ཡང་མཐའ་བཞིར་བརྟག་མི་ནུས་པ་སྟེ། མཐའ་བཞི་གང་དུ་ཡང་མ་གྲུབ་པའི་དགག་བྱ་བཅད་ཙམ་གྱི་རང་གི་ངོ་བོ་དེ་ཉིད་བསྟན་ལ་འདིའི་སྟོང་གཞི་ལ་འགོག་བདེན་རང་ཉིད་བཞག་ན་འགོག་བདེན་བདེན་པས་སྟོང་བ་འགོག་པར་འཇོག་མི་རིགས་པས་མི་འགྲིགས་ལ། དེས་ན་ལམ་བདེན་ཞིག་གི་སྟེང་གི་དགག་བྱ་བདེན་གྲུབ་བཀག་ཙམ་གྱི་ཆ་ལ་འཇོག་དགོས་སམ་སྙམ་མོ། །འོན་ཀྱང་འགོག་བདེན་གྱི་སྟེང་གི་རང་བཞིན་རྣམ་དག་གི་ཆ་ཡིན་ཀྱང་། དེའི་སྟེང་གི་སྟོང་ཉིད་མིན་བྱས་ན་འགྲིགས་མིན་ཡང་དཔྱད་དགོས་སོ། །བརྗོད་མིན་ནི་སྒྲ་རྟོག་གིས་ཇི་བཞིན་ཡུལ་དུ་བྱེད་མི་ནུས་པ་དང་། འཕགས་པའི་མཉམ་བཞག་ཁོ་ནས་མངོན་སུམ་གྱིས་སྤྱོད་ཡུལ་ཡིན་པ་སྟེ་རྒྱུ་མཚན་གསུམ་གྱིས་བློ་གཞན་གྱིས་ཇི་ལྟ་བ་བཞིན་བསམ་པར་མི་ནུས་པའི་རང་བཞིན་རྣམ་དག་གི་ཆ་དེ་ཉིད་བསྟན་པ་ཡིན་ནོ། །ཞི་ཉིད་ཅེས་པ་གློ་བུར་རྣམ་དག་གི་ཆ་དང་གཉིས་མེད་ནི་ལས་ཉོན་གཉིས་ཀྱི་ཅི་རིགས་མེད་པ་དང་། རྟོག་མེད་ནི་ལས་ཉོན་གཉིས་ཀྱི་གཞི་བདེན་འཛིན་དང་ཚུལ་མིན་ཡིད་བྱེད་ཀྱི་རྣམ་རྟོག་ཅི་རིགས་དང་བྲལ་བ་སྟེ་གོ་སླའོ། །དག་སོགས་གསུམ་ཀྱང་ལམ་རང་གི་ངོ་བོ་ལ་དྲི་མས་མ་སླད་པ་དང་། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་རྣམས་མངོན་སུམ་གྱིས་གསལ་བར་བྱེད་པ་དང་། མཐོང་སྒོམ་གྱི་སྤང་བྱ་ཅི་རིགས་པའི་གཉེན་པོ་བྱེད་པ་ནུས་པའི་ཡོན་ཏན་ཏེ། མདོར་བསྟན་གྱི་མེད་མིན་ནས་སོ་སོ་རང་གིས་རིག་ཅེས་པའི་བར་གྱིས་འགོག་བདེན་གྱི་ཡོན་ཏན་གསུམ་གྱི་རང་བཞིན་རྣམ་དག་གི་ཆ་བསྟན་ལ་ངེས་ཚིག་དང་བྲལ་ཞེས་པ་བརྗོད་མིན་གྱི་དོན་ནོ། །ཞི་བ་ཞེས་པས་གློ་བུར་རྣམ་དག་བསྟན་ཀྱང་གཉིས་མེད་རྟོག་མེད་ཚིག་ལ་མི་གསལ། དྲི་མེད་ཡེ་ཤེས་ཞེས་བས་ལམ་བདེན་གྱི་ངོ་བོ་དྲི་མས་མ་བསླད་པའི་དག་པ་དང་། འོད་ཟེར་སྣང་ལྡན་གྱིས་གསལ་བ་དང་། དམིགས་པ་ཀུན་ལ་ཆགས་པ་དང་ནས་འཇོམས་མཛད་པར་གྱིས་ནུས་པའམ་གཉེན་པོའི་ཡོན་ཏན་བསྟན་ལ། ཉི་མ་དང་ཆོས་མཐུན་ཡང་འདི་གསུམ་གྱིས་ཤེས། དམ་ཆོས་ཉི་མ་དེ་ལ་འདུད་ཅེས་པ་ཡང་གཙོ་ཆེར་ལམ་བདེན་ལ་སྦྱར་ན་རུང་གསུངས། གསུམ་པ་དགེ་འདུན་དཀོན་མཆོག་གི་ཡོན་ཏན་ལ་ཡང་བསྟན་བཤད་སྦྱོར་བ་གསུམ་ལས་མདོར་བསྟན་ནི། སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཐམས་ཅད་ལ། །རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་པ་སྒྲིབ་པ་མེད་པའི་བློ་མངའ་བ། །སེམས་ཅན་རྣམ་དག་མཐའ་ཡས་ཡུལ་ཅན་ཡེ་ཤེས་གཞིགས་མངའ་དེ་ལ་འདུད། །ཅེས་གསུངས་ལ། འདིའི་སེམས་དེ་རང་བཞིན་འོད་གསལ་བས་ན་ཉོན་མོངས་ངོ་བོ་མེད་གཟིགས་པས། །ཞེས་པ་འདིས་ཇི་ལྟ་བ་རྟོགས་པའི་ཡེ་ཤེས་ཀྱི་རྒྱུ་བསྟན་ཏེ། དར་ཊིཀ་ལས་ཇི་ལྟ་བ་གཟིགས་པའི་རྒྱུ་ནི། སེམས་དེ་རང་བཞིན་གྱིས་འོད་གསལ་བས་ན་སེམས་རང་བཞིན་གྱིས་སྟོང་བར་རྟོགས་པའི་ཕྱིར་དང་། ཉོན་མོངས་རང་བཞིན་གྱིས་གྲུབ་པའི་ངོ་བོ་མེད་པར་གཟིགས་པས་སོ་ཞེས་དང་། འགྲེལ་བའི་བཤད་པའི་སྐབས་སུ་ཡང་། དེ་ཉིད་ལས། གཏན་དུ་གཟོད་ནས་ཞི་བའི་ངོ་བོ་ཉིད་ཀྱིས་གང་ཟག་དང་ཆོས་སྔར་རང་བཞིན་གྱིས་གྲུབ་པ་བར་སྐབས་སུ་དེས་དབེན་པའི་འཇིག་པ་མེད་པའི་ཚུལ་དུ་དང་པོ་ནས་རང་བཞིན་གྱིས་སྟོང་བར་ཐེག་ཆེན་འཕགས་པས་མངོན་སུམ་དུ་རྟོགས་པ་དེ་ཡང་། མདོར་བསྡུ་ན་རྒྱུ་གཉིས་ལས་སྐྱེས་ཏེ་རྒྱུ་གཉིས་པོ་གང་ཞེ་ན། སེམས་རང་བཞིན་གྱིས་འོད་གསལ་བར་མཐོང་བའི་ཕྱིར་དང་། དེའི་ཉེ་བའི་ཉོན་མོངས་པ་གདོད་མ་ནས་རང་བཞིན་གྱིས་ཟད་ཅིང་འགག་པར་ཏེ་རང་བཞིན་གྱིས་མ་གྲུབ་པར་མཐོང་བའི་ཕྱིར་རོ། །ཞེས་གསུངས་ལ་འདི་ནི། འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ནས་ཞེས་པས་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་རང་གི་ངོ་བོ་བསྟན་ལ། འདི་འགྲོ་བ་ནི་སྐད་ཅིག་གིས་འཇིག་པས་ན་འགྲོ་བ་སྟེ། ཕུང་བོ་དང་གང་ཟག་སྤྱི་ལ་བཏགས་ཀྱི་རིགས་དྲུག་གི་འགྲོ་བ་ཙམ་ལ་གོ་བ་མིན་ཏེ་འགྲེལ་བར་གང་ཟག་དང་ཆོས་ཞེས་སྤྱིར་སྨོས་ལ། དར་ཊིཀ་ལས་ཡོན་ཏན་ནི། སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་ན་ཕུང་བོ་དང་གང་ཟག་གི་འགྲོ་བ་ཀུན་བདག་མེད་པའི་མཐའ་རང་བཞིན་གྱིས་ཞི་བ་བདེན་སྟོང་དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ་ཞེས་གསུངས་སོ། །འགྲོ་བ་ཞི་བའི་ཆོས་ཉིད་དུ། །རྟོགས་ཕྱིར་ཇི་ལྟ་ཉིད་དེ་ཡང་། །རང་བཞིན་གྱིས་ནི་ཡོངས་དག་ཕྱིར། །ཉོན་མོངས་གདོད་ནས་ཟད་ཕྱིར་རོ། །ཞེས་པའི་དོན་ཀྱང་ཡིན་ནོ། །གང་དག་འགྲོ་ཀུན་བདག་མེད་མཐའ་ཞི་ཡང་དག་རྟོགས་ནས་ཞེས་པས་ཇི་ལྟ་བ་གཟིགས་པའི་ཡེ་ཤེས་རང་གི་ངོ་བོ་བསྟན་ལ། འདིའི་འགྲོ་བ་ནི་སྐད་ཅིག་གིས་འཇིག་པས་ན་འགྲོ་བ་སྟེ། ཕུང་བོ་གང་ཟག་སྤྱི་ལ་བཏགས་ཀྱི་རིགས་དྲུག་གི་འགྲོ་བ་ཙམ་ལ་གོ་བ་མིན་ཏེ་འགྲེལ་བར་གང་ཟག་དང་ཆོས་ཞེས་སྤྱིར་སྨོས་ལ། དར་ཊིཀ་ལས་ཡོན་ཏན་ནི། སྐད་ཅིག་ཀྱང་མི་སྡོད་པར་འགྲོ་བས་ན་ཕུང་བོ་དང་གང་ཟག་གི་འགྲོ་བ་ཀུན་བདག་མེད་པའི་མཐའ་རང་བཞིན་གྱིས་ཞི་བ་བདེན་སྟོང་དོན་དམ་པའི་བདེན་པ་ཡང་དག་པ་ཇི་ལྟ་བ་བཞིན་རྟོགས་པའོ་ཞེས་གསུངས་སོ། །འགྲོ་བ་ཞི་བའི་ཆོས་ཉིད་དུ། ཞེས་པ་ཡང་འདི་ལྟར་གོ་དགོས་སོ། །ཐམས་ཅད་ལ། རྫོགས་པའི་སངས་རྒྱས་རྗེས་ཞུགས་གཟིགས་ཞེས་པས་ཇི་སྙེད་པ་རིག་པའི་ཡེ་ཤེས་བསམ་ལ། དོན་ནི་ཐམས་ཅད་མཁྱེན་པའི་ཆོས་ཉིད་ནི། །ཞེས་པ་ལྟར་རྫོགས་པའི་སངས་རྒྱས་སུ་འགྱུར་རུང་གི་ཆོས་ཉིད་ཐམས་ཅད་ལ་རྗེས་སུ་ཞུགས་པར་གཟིགས་ཞེས་བཤད་དགོས་སོ། །ཤེས་བྱ་མཐར་ཐུག་རྟོགས་པའི་བློ་ཞེས་པ་ལྟར་ན། ཇི་ལྟ་བ་རྟོགས་པའི་བློས་ཇི་བསྙེད་པ་གཟིགས་པ་ལྟ་བུར་མངོན་ལ་སངས་རྒྱས་ཀྱིས་གཟིགས་ཚུལ་ལ་རུང་ཡང་། སློབ་ལམ་དུ་མི་རུང་བས་ན། དར་ཊིཀ་ལས་མཉམ་བཞག་ཏུ་ཇི་ལྟ་བ་རྟོགས་པ་ལ་བརྟེན་ནས་ཞེས་བཤད་དོ་ཞེས་གསུངས་པ་ལྟར་རོ། །སྒྲིབ་པ་མེད་པའི་བློ་མངའ་བ། །ཞེས་པས་གཟིགས་པ་དག་པའི་ཡོན་ཏན་ནམ་གྲོལ་བའི་ཡོན་ཏན་བསྟན་ལ། རྒྱས་བཤད་དུ། ཇི་ལྟ་ཇི་སྙེད་ནང་གི་ནི། །ཡེ་ཤེས་གཟིགས་པ་དག་པའི་ཕྱིར། །ཞེས་གསུངས་པའི་ནང་གི་ཡེ་ཤེས་ལ་གསེར་ཕྲེང་ལས་ནང་གི་ཡེ་ཤེས་གཟིགས་པ་དང་ཞེས་གསུངས་ལ་དོན་བཤད་པའི་ཚེ་ཡང་། གསུམ་པ་ནི་ཡེ་ཤེས་དེ་གཉིས་རང་རིག་པའི་ཚུལ་གྱིས་རྟོགས་པའོ་ཞེས་གསུངས། དར་ཊིཀ་ལས་གསུམ་པ་སོ་སོ་རང་གིས་རིག་པ་ནི། དེ་གཉིས་ཀྱིས་བསྟན་པར་རིག་པར་བྱའོ་ཞེས་ཡོན་ཏན་གསུམ་པ་ལ་སོ་སོར་རང་གིས་རིག་པའི་ཡེ་ཤེས་དང་། བསྟན་ཚུལ་ཀྱང་མདོར་བསྟན་གྱིས་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་བསྟན་པས་བསྟན་པར་གསུངས་ལ་གཞན་ཡང་དར་ཊིཀ་ལས། དེ་ལྟར་ཤེས་བྱ་ཇི་ལྟ་བ་དང་ཇི་སྙེད་པ་འཕགས་པ་རྣམས་ཀྱིས་མངོན་སུམ་དུ་རྟོགས་པ་གང་ཡིན་པ་དེ་ནི། སོ་སོ་རང་གིས་རིག་པའི་ཡེ་ཤེས་ཀྱིས་མཐོང་བ་ཉིད་དོ་ཞེས་དང་། འགྲེལ་བའི་བཤད་པ་འགོད་པའི་སྐབས་སུ་ཡང་། དེ་ནི་འཕགས་པ་རྣམས་ཀྱིས་གཞན་དང་ཐུན་མོང་མ་ཡིན་པ་སོ་སོ་རང་གིས་འཇིག་རྟེན་ལས་འདས་པའི་ཡེ་ཤེས་ཀྱིས་མཐོང་བར་འདོད་དོ་ཞེས། སོ་སོ་རང་ཤེས་མཐོང་བ་ཉིད། །ཅེས་པའི་བཤད་པའི་སྐབས་སུ་གསུངས་ལ། དེས་ན་ནང་གི་ཡེ་ཤེས་ནི། སོ་སོ་རང་རིག་དང་དེ་ལ་འཇོག་རྒྱུ་ནི་ཇི་ལྟ་ཇི་སྙེད་ཀྱི་ཡེ་ཤེས་གཉིས་ལས་ལོགས་སུ་མེད་ཀྱང་རང་རང་གི་ཡུལ་མྱོང་སྟོབས་ཀྱིས་གཟིགས་པའི་སྟེང་ནས་སོ་སོ་རང་རིག་པར་བཞག་སྟེ། སོ་སོ་རང་གིས་རྟོགས་བྱའི་ཕྱིར། །གཞན་གྱི་རྐྱེན་གྱིས་རྟོགས་མིན་པ། །ཞེས་པ་དང་གནད་གཅིག་ཏུ་འབབ་སྙམ་མོ། །དེས་ན་གསེར་ཕྲེང་གི་དགོངས་པ་ཡང་ཡེ་ཤེས་གཉིས་གཞན་ཞིག་གིས་གཟིགས་ཚུལ་ལ་མི་སྦྱོར་བར་ཡེ་ཤེས་གཉིས་ཀྱིས་རང་རང་གི་ཡུལ་གཟིགས་ཚུལ་ལ་སྦྱར་ན་འགྲིགས་སྙམ་མོ། །དེ་ལྟར་མདོར་བསྟན་རྒྱས་བཤད་ཀྱི་ཚིག་ལ་ཡོན་ཏན་བརྒྱད་དུ་བྱེད་པ་མི་གསལ་བས་གསེར་ཕྲེང་དུ་ཡོན་ཏན་བཞི་ལྡན་དུ་གསུངས་པ་ལྟར། དར་ཊིཀ་ལས་ཀྱང་བསྡུས་ཏེ་བཤད་ན་ཇི་ལྟ་བ་དང་ཇི་སྙེད་པ་རིག་པ་གཉིས་ཡིན་ལ། སོ་སོ་རང་གིས་རིགས་པ་དང་། ཆགས་ཐོགས་ཀྱི་སྒྲིབ་པ་ལས་གྲོལ་བ་དེའི་ཁྱད་པར་དུ་བཤད་པ་དེ་ཙམ་དུའང་འདུས་སོ་ཞེས་གསུངས། རིག་པའི་ཡོན་ཏན་ལ་གསུམ་བྱེད་པ་གཉིས་ཀའི་དགོངས་པ་ཡིན་ཞིང་གྲོལ་བའི་ཡོན་ཏན་ལ་ཡང་། རྩ་བར། དྲི་མེད་དབྱིངས་ལ་ཆགས་མེད་དང་། །ཐོགས་མེད་ཕྱིར་དེ་དག་པ་ཡིན། །ཞེས་གསུངས་པ་ལྟར་གསེར་ཕྲེང་ལས་ཀྱང་གསུངས་ལ། དམན་སྒྲིབ་ལས་གྲོལ་བ་ནི། དར་ཊིཀ་ལས་སྤངས་པའི་ཁྱད་པར་གྱི་ཆོས་ཡེ་ཤེས་གཉིས་དང་ལྡན་པ་ལ་ཕྱག་འཚལ་བས་ཡོན་ཏན་དམ་པ་དང་ལྡན་པར་བསྟན་ལ། དེས་དམན་པའི་སྒྲིབ་པ་ལས་གྲོལ་བར་བསྟན་ཏོ། །ཞེས་གསུངས་པ་གསེར་ཕྲེང་གི་དགོངས་པར་ཡང་མི་འགལ་སྙམ་མོ། །འོ་ན་བརྒྱད་དུ་བྱེད་པ་ལ་མ་རངས་པའི་ཚིག་གསུངས་པ་ཅི་ཞེ་ན། བསྟན་བཅོས་འདི་ཐལ་འགྱུར་བའི་རང་གཞུང་ཡིན་པས་དེའི་ལུགས་ལ་ཐོགས་སྒྲིབ་ཅི་རིགས་ལས་གྲོལ་བ་ས་བདུན་པ་མན་ལ་མི་རུང་ཞིང་དམན་སྒྲིབ་ལས་གྲོལ་བ་རྩ་འགྲེལ་གྱི་ཚིག་ལ་མི་གསལ་བས་བཏང་སྙོམས་སུ་བཞག་པ་ལས་བཀག་པ་མིན་བྱས་ན་ཡབ་སྲས་དགོངས་པ་གཅིག་ཏུ་འབབ་སྙམ་མོ། །ཡེ་ཤེས་གཟིགས་པ་དག་པས་ན། །སངས་རྒྱས་ཡེ་ཤེས་བླ་མེད་ཕྱིར། །འཕགས་པ་ཕྱིར་མི་ལྡོག་པ་ནི་ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ། །ཞེས་པའི་དངོས་བསྟན་གཙོ་བོ་ས་བརྒྱད་པ་ཡན་ཆད་ལ་སྦྱོར་རིགས་ཏེ། དར་ཊིཀ་ལས། ཡང་ན་འདིར་དངོས་སུ་བསྟན་པ་ས་བརྒྱད་པ་ཡན་ཆད་ལ་སྦྱར་ནས་ས་བདུན་པ་མན་ཆད་ལས་ཕུལ་དུ་བྱུང་བའི་ཡོན་ཏན་ཐོབ་པས་དམན་པའི་སྒྲིབ་པ་ལས་གྲོལ་བའོ། །ཞེས་དང་། འགྲེལ་བའི་འགྱུར་ལྟར་ན། དག་པ་ས་ལ་གནས་པའི་བྱང་ཆུབ་སེམས་དཔའི་ཇི་ལྟ་བ་དང་ཇི་སྙེད་པ་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་པ་དག་པས་ན། སངས་རྒྱས་ཀྱི་ཡེ་ཤེས་བླ་ན་མེད་པ་དང་། ཉེ་བར་གྱུར་བའི་ཕྱིར་འཕགས་པ་ཕྱིར་མི་ལྡོག་པ་དག་པ་ས་ལ་གནས་པ་ནི་ལུས་ཅན་ཀུན་གྱི་སྐྱབས་ཡིན་ནོ་ཞེས་བཤད་དོ། །ཞེས་གསུངས་ལ། དངོས་བསྟན་ཙམ་ནི་ས་དང་པོ་ནས་འཇོག་སྟེ། དར་ཊིཀ་ལས། ས་དང་པོ་ཐོབ་ནས་ལས་ཉོན་གྱི་དབང་གིས་འཁོར་བར་ཕྱིར་ལྡོག་པ་མི་སྲིད་པ་དང་། རང་ཉིད་འབའ་ཞིག་གི་ཆེད་དུ་ཐར་བ་དོན་དུ་གཉེར་བའི་བློ་མི་སྐྱེ་བས། སྦྱོར་བའི་སྒོ་ནས་ལྟ་ཞོག་བསམ་པའི་སྒོ་ནས་ཀྱང་རྫོགས་པའི་བྱང་ཆུབ་ལས་ཕྱིར་མི་ལྡོག་པས་ཕྱིར་མི་ལྡོག་པའི་ཚོགས་ཞེས་བྱའོ། །ཞེས་དང་། སྐྱབས་གནས་ཡང་དག་ཡིན་མིན་གྱི་ཐེ་ཚོམ་མཐོང་ལམ་ཐོབ་མ་ཐག་ཟད་པར་སྤངས་པས་རང་གི་སྐྱབས་གནས་དང་མི་ཕྱེད་ཅིང་། སྟོན་པའི་བསྟན་པ་ལས་གཞན་གྱིས་བཀྲི་བར་མི་ནུས་པས་དགེ་འདུན་དཀོན་མཆོག་མཐོང་ལམ་ཐོབ་པ་ནས་འཇོག་པར་ཤེས་བར་བྱའོ་ཞེས་གསུངས་སོ། །དེས་ན་གསེར་ཕྲེང་གི་ཟུར་ཟ་ཡང་ཐེག་པ་ཆེན་པོའི་དགེ་འདུན་དཀོན་མཆོག་ཙམ་གྱི་མཚན་ཉིད་ཡོན་ཏན་བརྒྱད་ལྡན་ཟེར་མི་རུང་བས་ཡིན་ནོ། །གཉིས་པ་དཀོན་མཆོག་གི་སྒྲ་བཤད་པའི་སྒོ་ནས་ཐུན་མོང་གི་ཡོན་ཏན་བསྟན་པ་ནི། འབྱུང་བ་དཀོན་ཕྱིར་དྲི་མེད་ཕྱིར། །ཞེས་སོགས་ཀྱིས་བསྟན་ལ། འབྱུང་བ་དཀོན་པ་ནི། དགེ་རྩ་མ་བསྐྲུན་པ་རྣམས་དང་མི་ཕྲད་པའི་དོན་ཏེ། འདིས་ནི་ཤིན་ཏུ་རྙེད་པར་དཀའ་བས་རྙེད་པའི་དུས་སུ་འབད་པ་ཆེན་པོས་སྐྱབས་སུ་འགྲོ་དགོས་པར་བསྟན། དྲི་མ་མེད་པ་ནི་སྐྱོབ་མི་ནུས་པ་དང་ནུས་ཀྱང་བསླུ་བའི་ཉེས་པ་མེད་པ་སྟེ་འདི་དག་ཁོ་ན་སྐྱབས་སུ་རིགས་ཀྱི་འཇིག་རྟེན་པའི་ལྷ་ལ་སོགས་པ་སྐྱབས་སུ་མི་འོས་པར་བསྟན། མཐུ་ལྡན་ནི་ཡོན་ཏན་གྱི་མཐུ་བསམ་གྱིས་མི་ཁྱབ་པ་དང་ལྡན་པས་ནམ་དུའང་སྐྱབས་མཛད་པར་བསྟན་ཅིང་། འགྲོ་བ་ཐམས་ཅད་ལ་གནས་སྐབས་དང་མཐར་ཐུག་གི་འདོད་དོན་ཐམས་ཅད་སྟེར་བའི་ཕྱིར་འཇིག་རྟེན་གྱི་རྒྱན་དུ་གྱུར་ལ་མཆོག་ཉིད་ཀྱིས་ལྟར་སྣང་གི་སྐྱབས་གཞན་དང་ཐུན་མོང་མ་ཡིན་པ་དང་ཟླ་མེད་པ་དང་མཆོག་ཏུ་གྱུར་བའི་སྐྱབས་ཡིན་པར་བསྟན། འགྱུར་བ་མེད་པ་ནི་བསྟོད་སྨད་སོགས་ཀྱིས་འགྱུར་བ་མེད་པ་སྟེ་ཕན་བཏགས་མ་བཏགས་ཐམས་ཅད་ཀྱི་སྐྱབས་མཛད་པར་བསྟན་དེ་འདི་དག་གིས་ནི་སྐྱབས་སུ་འོས་པའི་རྒྱུ་མཚན་ཀྱང་བསྟན་པ་ཡིན་ནོ། །གཉིས་པ་སྐྱབས་སུ་འགྲོ་བའི་ཚུལ་ལ་རྒྱུ་སྐྱབས་དང་འབྲས་སྐྱབས་ཀྱི་ཚུལ་གཉིས་ཡོད་པ། སྟོན་པ་བསྟན་པ་བསླབ་དོན་དང་། །ཞེས་སོགས་ཀྱིས་བསྟན་ལ། དེ་ཡང་དཀོན་མཆོག་དེ་དང་དེ་རང་རྒྱུད་ལ་ཐོབ་བྱའི་དཔུང་གཉེན་དུ་འཛིན་པ་འབྲས་བུའི་སྐྱབས་འགྲོ་དང་། གཞན་རྒྱུད་ལ་གྲུབ་ཟིན་འཇིགས་པ་ལས་སྒྲོལ་བའི་དཔུང་གཉེན་དུ་འཛིན་པ་རྒྱུའི་སྐྱབས་འགྲོའོ་ཞེས་དར་ཊིཀ་གསུངས། དེ་གཉིས་ཀྱི་ཤེས་བྱེད་དུ་དྲག་ཤུལ་ཅན་གྱིས་ཞུས་པ་དྲངས་པ་ལས། ཁྱིམ་བདག་ཇི་ལྟར་ན། བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ། སངས་རྒྱས་ཀྱི་སྐུ་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཀྱིས་བརྒྱན་པ། ཡོངས་སུ་བསྒྲུབ་པར་བྱའོ་སྙམ་དུ་སེམས་མངོན་པར་འདུ་བྱེད་དེ། དགེ་བའི་རྩ་བ་གང་གིས་སྐྱེས་བུ་ཆེན་པོའི་མཚན་སུམ་ཅུ་རྩ་གཉིས་ཡང་དག་པར་བསྒྲུབ་པར་འགྱུར་བའི་དགེ་བའི་རྩ་བ་དེ་དག་ཡང་དག་པར་སྒྲུབ་པའི་ཕྱིར་བརྩོན་འགྲུས་རྩོམ་པ་དེ་ལྟ་བུ་ནི། ཁྱིམ་བདག་བྱང་ཆུབ་སེམས་དཔའ་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ། །ཞེས་གསུངས་ལ་འདི་ནི་འབྲས་སྐྱབས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་བའི་ཚུལ་ཡིན་ཞིང་། མཚན་སུམ་ཅུ་རྩ་གཉིས་ཀྱིས་སྟོབས་སོགས་ཀྱི་ཡོན་ཏན་གཞན་རྣམས་ཀྱང་མཚོན་པ་ཡིན་ནམ་སྙམ་མོ། །ཆོས་ལ་སྐྱབས་སུ་འགྲོ་ཚུལ་ཡང་ཁྱིམ་བདག་འདིས་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་གུས་པ་དང་བཅས་ཤིང་རི་མོར་བྱེད་པ་དང་བཅས་པ། ཆོས་དོན་དུ་གཉེར་བ། ཆོས་འདོད་པ། ཆོས་ཀྱི་ཀུན་དགའ་ལ་དགའ་ཞིང་མོས་པ། ཆོས་ལ་གཞོལ་བ། ཆོས་ལ་འབབ་པ། ཆོས་ལ་དབབ་པ། ཆོས་སྲུང་བ། ཆོས་སྦེད་ཅིང་གནས་པ། ཆོས་ཀྱི་གྲགས་པ་དང་ཆོས་ཀྱི་སྤྱོད་པ་ལ་གནས་པ། ཆོས་ཀྱི་དབང་དུ་གྱུར་པ། ཆོས་ཀྱི་ཡོངས་སུ་ཚིམ་པ། ཆོས་ཀྱི་སྟོབས་དང་ལྡན་པ། ཆོས་ཀྱི་སྦྱིན་པའི་མཚོན་ཆ་དང་ལྡན་པ། ཆོས་ཀྱི་བྱ་བ་བྱེད་པ་སྟེ། འདི་ལྟ་བུའི་ཆོས་དང་ལྡན་པས་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་མངོན་པར་རྫོགས་པར་སངས་རྒྱས་ནས། ལྷ་དང་མི་དང་ལྷ་མ་ཡིན་དང་བཅས་པའི་འཇིག་རྟེན་ལ་ཆོས་ཀྱི་བགོ་བཤའ་བྱའོ་སྙམ་དུ་དྲན་པ་རབ་ཏུ་ཐོབ་སྟེ། ཁྱིམ་བདག་དེ་ལྟ་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་ཆོས་ལ་སྐྱབས་སུ་སོང་བ་ཡིན་ནོ་ཞེས་གསུངས་ལ། འདི་དག་གི་ལྟར་ན་ཐེག་ཆེན་གྱི་སྐྱབས་འགྲོ་མ་ཡིན་པའི་བྱང་སེམས་ཀྱི་ལམ་མེད་དམ་སྙམ། དགེ་འདུན་ལ་སྐྱབས་སུ་འགྲོ་ཚུལ་ནི། ཁྱིམ་བདག་ཇི་ལྟར་ན་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ཞེ་ན། ཁྱིམ་བདག་འདི་ལ་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ནི་གལ་ཏེ་དགེ་སློང་རྒྱུན་དུ་ཞུགས་པའམ། ལན་ཅིག་ཕྱིར་འོང་བའམ། ཕྱིར་མི་འོང་བའམ། དགྲ་བཅོམ་པའམ། སོ་སོའི་སྐྱེ་བོའམ། ཉན་ཐོས་ཀྱི་ཐེག་པའམ། རང་སངས་རྒྱས་ཀྱི་ཐེག་པའམ། ཐེག་པ་ཆེན་པོ་བདག་མཐོང་དེ་ལ་གུས་པ་དང་བཅས་ཤིང་ཞེས་དང་བཅས་ལ་ལྡང་བར་བརྩོན་པའམ། བཀའ་བློ་བདེ་ཞིང་མཐུན་པར་འཛིན་པ་ཡིན་ཏེ། དེ་ཡང་དག་པར་སོང་བ་དང་། ཡང་དག་པར་ཞུགས་པ་དེ་དག་ལ་བསྙེན་བཀུར་བྱས་པས། འདི་ལྟར་བདག་བླ་ན་མེད་པ་ཡང་དག་པར་རྫོགས་པར་སངས་རྒྱས་ནས། ཉན་ཐོས་ཀྱི་ཡོན་ཏན་དང་རང་སངས་རྒྱས་ཀྱི་ཡོན་ཏན་ཡོངས་སུ་སྒྲུབ་པའི་ཕྱིར་ཆོས་བསྟན་ཏོ་སྙམ་དུ་དྲན་པ་རབ་ཏུ་འཐོབ་སྟེ། ད་དེ་དག་ལ་གུས་པ་དང་བཅས་ཤིང་ཞེས་དང་བཅས་པ་ཡིན་གྱི། དེ་དག་ལ་མི་དགའ་བར་ནི་མི་བྱེད་དོ། །དེ་ལྟ་ན་ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཁྱིམ་པ་དགེ་འདུན་ལ་སྐྱབས་སུ་སོང་བ་ཡིན་ནོ་ཞེས་གསུངས། དེ་ཡང་བྱང་སེམས་ཀྱིས་དམན་པའི་ཞུགས་འབྲས་དེ་དག་རང་རྒྱུད་ལ་ཐོབ་བྱར་མི་འཛིན་ཅིང་ཐེག་པ་ཆེན་པོ་བ་དག་མཐོང་ན། དེ་ལ་གུས་པ་དང་བཅས་ཤིང་ཞེས་གསུངས་པས། རང་དུས་ན་གྲུབ་ཟིན་གྱི་དགེ་འདུན་ལ་འབྲས་སྐྱབས་ཀྱི་ཚུལ་དུ་སྐྱབས་སུ་འགྲོ་ཚུལ་མེད་དོ། །དེ་ན་ངེས་སངས་རྒྱས་པའི་ཚེ་དེ་ལྟ་བུའི་འཁོར་འདུས་པར་སྨོན་པ་འབྲས་བུའི་སྐྱབས་འགྲོ་ཡིན་པའམ། ཡང་ན་འབྲས་སྐྱབས་དངོས་མིན་ཀྱང་དེའི་ཡན་ལག་ཡིན་པའི་དབང་དུ་བྱས་ཟེར་རམ་དཔྱད་དེ། དར་ཊིཀ་ལས། དེ་ལྟར་ཉན་ཐོས་སོགས་ལ་གུས་པ་དང་བཅས་པ་ནི་རང་ཉིད་མངོན་པར་སངས་རྒྱས་ནས་གུས་པ་དང་བཅས་པར་བསྡུ་བའི་དབང་དུ་བྱས་ནས་འབྲས་བུའི་སྐྱབས་ཡན་ལག་དང་བཅས་པའི་དབང་དུ་བྱས་པའོ་ཞེས་གསུངས། རྒྱུའི་སྐྱབས་འགྲོའི་དབང་དུ་བྱས་ནས་གསུངས་པ་ནི་མདོ་དེ་ཉིད་ལས། འདི་ལྟ་སྟེ་བྱང་ཆུབ་ཀྱི་སེམས་མི་འདོར་བ་དང་། ཐེག་པ་གཞན་ལ་མི་བརྟེན་པ་སྟེ་ཁྱིམ་བདག་བྱང་ཆུབ་སེམས་དཔའ་ཆོས་བཞི་དང་ལྡན་ནས་སངས་རྒྱས་ལ་སྐྱབས་སུ་སོང་བ་ཡིན་ནོ་ཞེས་གསུངས་ལ། སངས་རྒྱས་ལ་གུས་པ་རྒྱུ་མཚན་དུ་བྱས་ནས་དེ་ལྟར་བྱེད་ན་ཟེར་བ་མ་གཏོགས་རྒྱུའི་སྐྱབས་འགྲོ་ཡིན་ཚུལ་མི་གསལ་ལ། དེ་བཞིན་དུ་ཆོས་དང་དགེ་འདུན་ལ་ཡང་། ཆོས་སྨྲ་བའི་གང་ཟག་ལ་བསྙེན་བཀུར་བྱས་ཏེ་ཆོས་ཉན་པ་དང་། དེའི་དོན་ལ་ཚུལ་བཞིན་དུ་སོ་སོར་རྟོག་པ་དང་ཇི་ལྟར་ཐོས་ཤིང་ཁོང་དུ་ཆུད་པ་གཞན་ལ་སྟོན་པ་དང་། ཆོས་ཀྱི་སྦྱིན་པ་ལས་བྱུང་བའི་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་བ་སྟེ་བཞི་དང་། ཉན་ཐོས་ཀྱི་སྐྱོན་མེད་ལ་ཞུགས་པ་བྱང་ཆུབ་ཀྱི་སེམས་ངལ་འགོད་པ་དང་། ཟང་ཟིང་གིས་སྡུད་པ་ཆོས་ཀྱིས་སྡུད་པ་ལ་སྦྱོར་བ་དང་། བྱང་ཆུབ་སེམས་དཔའ་ཕྱིར་མི་ལྡོག་པའི་དགེ་འདུན་ལ་བསྟེན་གྱི་ཉན་ཐོས་ཀྱི་དགེ་འདུན་ལ་མ་ཡིན་པ་དང་། ཉན་ཐོས་ཀྱི་ཡོན་ཏན་ཚོལ་གྱི་རྣམ་པར་གྲོལ་བ་མ་ཡིན་པ་སྟེ་བཞི་བཞི་གསུངས་ལ་འགའ་རེ་མ་གཏོགས་མི་གསལ་སྙམ། གཞན་ཡང་དེ་བཞིན་གཤེགས་པའི་གཟུགས་མཐོང་ནས་སངས་རྒྱས་རྗེས་སུ་དྲན་པ་དང་། ཆོས་ཐོས་ནས་ཆོས་རྗེས་སུ་དྲན་པ་ཐོབ་པ་དང་། ཉན་ཐོས་ཀྱི་དགེ་འདུན་མཐོང་ནས་བྱང་ཆུབ་ཀྱི་སེམས་དྲན་པ་གསུམ་དང་། ཡང་སངས་རྒྱས་དང་འགྲོགས་པར་སྨོན་པས་སངས་རྒྱས་ལ་སྦྱིན་པ་སྦྱིན་པ་དང་། ཆོས་བསྲུང་བའི་ཕྱིར་ཆོས་ལ་སྦྱིན་པ་སྦྱིན་པ་དང་། སྦྱིན་པ་དེ་བླ་ན་མེད་པ་ཡང་དག་པར་རྫོགས་པའི་བྱང་ཆུབ་ཏུ་བསྔོ་བ་རྣམས་ཀྱང་རིམ་པ་བཞིན་དཀོན་མཆོག་གསུམ་ལ་སྐྱབས་སུ་འགྲོ་ཚུལ་ཡིན་གསུངས། ཐ་མ་དགེ་འདུན་ལ་སྦྱོར་ཚུལ་ཡང་ཅུང་ཟད་དཀའ་འམ་སྙམ་སྟེ་འདི་དག་ཀྱང་བློ་གསར་བ་རྣམས་ལ་དཔྱད་པའི་རྟེན་དུ་བཀོད་པ་ཡིན་ནོ། །གཉིས་པ་དགེ་འདུན་དཀོན་མཆོག་གི་རྣམ་བཞག་བྱེ་བྲག་ཏུ་བཤད་པ།  གཉིས་པ་དགེ་འདུན་དཀོན་མཆོག་གི་རྣམ་བཞག་བྱེ་བྲག་ཏུ་བཤད་པ་ལ། དཔེའི་དགེ་འདུན་ནི་གསེར་ཕྲེང་ལས། དགེ་འདུན་འདི་དག་ནི་ཆེ་ལོང་ཙམ་སྟེ་རྒྱས་པར་ནི་ཡི་གེ་ལོགས་ཤིག་ཏུ་བྲིས་ཡོད་པས་དེར་ལྟའོ། །ཞེས་གསུངས་པ་ལྟར་རྗེའི་དགེ་འདུན་ཉི་ཤུ་རྒྱས་པའམ་ཆེན་མོ་བློ་གསལ་བགྲོད་པའི་ཐེམ་སྐས་དང་གསེར་ཕྲེང་གི་དགོངས་པ་ལྟར་ཐུགས་སྲས་ངག་དབང་བཀྲ་ཤིས་པའི་དགེ་འདུན་ཉི་ཤུ་རིང་ཐུང་སོགས་སུ་རྒྱས་པར་བཞུགས་པས་ལོགས་སུ་བྲི་དགོས་པའང་མེད་ལ། བསྐུལ་མ་འདེབས་པ་ཡང་དོན་གྱི་དགེ་འདུན་ལ་དཔྱད་པ་ཞིག་བཞེད་པའི་གཙོ་བོར་འདུག་པས་ཅུང་ཟད་བརྗོད་པར་བྱའོ། །འདི་ལ་གསེར་ཕྲེང་ལས། གང་ལས་དབྱེ་བའི་གཞི། ཇི་ལྟར་ཕྱེ་བའི་གྲངས། ཕྱེ་བ་སོ་སོའི་རང་བཞིན། དེ་གང་གིས་མཚོན་བསམ་པ། ཁྱད་པར་གྱི་ཆོས་གཞན་བསྟན་པའོ། །ཞེས་ས་བཅད་ལྔ་མཛད་པའི་དང་བོ་དབྱེ་གཞི་ནི་འཕགས་སེང་སོགས་འགྲེལ་མཛད་ཕལ་ཆེར་གྱིས་འཕགས་པའི་དགེ་འདུན་ཁོ་ན་ལ་འབྱེད་པར་མཛད་ལ། ཤན་ཏི་བ་དང་། བྷཾ་ག་ལའི་མཁས་པ་དག་གིས་ནི་འདིའི་དགེ་འདུན་ལ་སོ་སྐྱེ་ཡང་ཡོད་པར་བཞེད་དེ། དང་པོ་ནི་ངེས་འབྱེད་ཡན་ལག་ནས་བཟུང་སྟེ། །མཐོང་དང་སྒོམ་པའི་ལམ་དག་ལ། །བྱང་ཆུབ་སེམས་དཔའ་གང་དག་གནས། །དེ་འདིར་ཕྱིར་མི་ལྡོག་པའི་ཚོགས། །ཞེས་པའི་དོན་དུ་དགོངས་མོད་འདི་ལ་ནི་ཕྱིར་མི་ལྡོག་པའི་དགེ་འདུན་ཙམ་ལས་དགེ་འདུན་དཀོན་མཆོག་ཡིན་མི་དགོས་ཤིང་། གསེར་ཕྲེང་ལས། དག་ལྡན་ལས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་ལ་གནས་པ་ཞེས་བྱ་བ་ནི་ངེས་པར་འབྱེད་པའི་ཆ་དང་མཐུན་པ་ལ་སོགས་པས་སོ། །ཞེས་གསུངས་པ་ཙམ་མ་གཏོགས་པ་སྦྱོར་མཐོང་སྒོམ་གསུམ་སོ་སོ་ལ་གནས་པ་ངོས་བཟུང་བ་མི་སྣང་ངོ་ཞེས་གསུངས་པས། སྔ་མ་འགས་དང་པོ་གཉིས་སྦྱོར་ལམ། དེ་ནས་བཞི་མཐོང་ལམ། དེ་ནས་བཅུ་བཞི་སྒོམ་ལམ་པའོ། །ཞེས་འདིའི་ལུགས་སུ་འཆང་བ་ཡང་དོན་མེད་དེ། འདི་སྒྲ་ཇི་བཞིན་པར་འདོད་པའི་ལུགས་ཡིན་པས་རིགས་སྐྱེས་གཉིས་མཐོང་ལམ་པར་མི་འཐད་པའི་ཕྱིར་རོ། །བྷཾ་ག་ལ་བ་དག་གིས་དད་མོས་ཀྱི་མདོར་ལྷ་ཚེ་རིང་བོར་སྐྱེ་བར་གསུངས་པའི་དོན་དུ་བསམ་ནས་བཟོད་པ་ཡན་ཆད་ནས་མི་ཁོམ་པར་སྐྱེ་བ་མི་རིགས་པས་དད་མོས་ཀྱི་མདོའི་དངོས་བསྟན་གྱི་དགེ་འདུན་དེ་དྲོད་རྩེ་བ་ཞིག་ལ་འདོད་མོད། འདི་རང་ཉིད་སློབ་དཔོན་གྱི་ལུགས་ལ་ཚད་མར་བྱེད་ལ་སློབ་དཔོན་གྱིས་འཕགས་པ་ཁོ་ནར་བཤད་པའི་ཕྱིར་དང་། ཐེག་ཆེན་གྱི་དྲོད་རྩེ་བ་ཐར་ལམ་ཡིན་མིན་ལ་འཁྲུལ་བ་མི་སྲིད་ལ། འདུ་ཤེས་མེད་པ་བར་སྐྱེ་བ་ལ་དེའི་སྙོམས་འཇུག་ལ་ཐར་ལམ་དུ་འཁྲུལ་བར་ཤིང་རྟ་ཆེན་པོ་རྣམས་ཀྱིས་བཤད་པས་སོ་ཞེས་གསེར་ཕྲེང་ལས་གསུངས། དག་ལྡན་གྱི་བཞེད་པ་ཡང་གསེར་ཕྲེང་ལས། དེས་ན་ངེས་འབྱེད་ལ་གནས་པ་ཕྱིར་མི་ལྡོག་པའི་དགེ་འདུན་ཙམ་དུ་རུང་ཡང་དགེ་འདུན་དཀོན་མཆོག་ཏུ་མི་རུང་ངོ་ཞེས་བཀག་ལ། དེས་ན་ཞེས་པས་འདོན་རྒྱུའི་རྒྱུ་མཚན་ཡང་སྐྱབས་གསུམ་ཡ་གྱལ་གྱི་དགེ་འདུན་ནི་སར་ཞུགས་ཡིན་པར་འཕགས་པ་ཐོགས་མེད་ཀྱིས་བཤད་པས་སོ་ཞེས་གསུངས་པ་འདི་ཡིན་ལ། འདི་ནི་རྒྱུད་བླ་མའི་དངོས་བསྟན་གཙོ་བོ་ཐེག་ཆེན་གྱི་དགེ་འདུན་དཀོན་མཆོག་ཡིན་པ་ལ་དགོངས་སོ། ཇི་ལྟར་ཕྱེ་བའི་གྲངས་ལ་མདོ་རྒྱན་མ་སྦྱར་བའི་འདྲེན་ལུགས་ནི་གནོད་འཇོམས་གཉིས་ཀྱིས་འདྲེན་ཚུལ་ཏེ། འདི་གཉིས་ལྟར་ན་སྐབས་འདིའི་དགེ་འདུན་ལ་རྒྱལ་སྲས་ཞེ་བརྒྱད་དུ་གྲགས་ཆེ་ལ་ཞེ་བརྒྱད་དུ་མ་འདུས་པ་ཡང་མདོ་ལ་ཡོད་གསུངས། ཞེ་བརྒྱད་གསུངས་པ་ཡང་ཉི་ཤུར་མ་འདུས་པ་མེད་དེ། སངས་རྒྱས་ཀྱི་ཞིང་གཞན་དང་དགའ་ལྡན་དང་མིའི་ནང་ནས་ཚེ་འཕོས་ཏེ་འདིར་སྐྱེས་པར་རིག་པར་བྱའོ་ཞེས་གསུམ་གསུངས་ལ་ཞེས་པའི་དང་པོ་གཉིས་ཆོས་ཀྱི་རྗེས་འབྲངས་དང་། ཐ་མ་དད་པའི་རྗེས་འབྲངས་ཡིན་པ་བཞིན་ལྷག་མ་ཞེ་ལྔ་ལས་ཀྱང་དང་པོ་གཉིས་དད་མོས་དང་དེ་ནས་གཅིག་མཐོང་ཐོབ་ལ་སྦྱོར་བ་སོགས་རྒྱལ་སྲས་ཞེ་བརྒྱད་ཀྱི་བརྗེད་བྱང་དང་། བཤེས་གཉེན་ཆེན་པོ་མ་ཏི་བའི་འགྲེལ་ཆེན་སོགས་ན་བཞུགས་པས་དེ་དག་ཏུ་བལྟ་བར་བྱའོ། །འབུམ་གྱི་གནོད་འཇོམས་ལས་དང་པོ་གསུམ་མདོར་བསྟན་དང་ལྷག་མ་ཞེ་ལྔ་རྒྱས་བཤད་དུ་བྱས་སོ་ཞེས་གསུངས་ཚུལ་བཀོད་པ་ལས་འཐད་མི་འཐད་ཀྱི་གསལ་ཁ་མ་བྱས་མོད། དང་པོ་གསུམ་དབང་བོ་རྣོ་རྟུལ་ཡིན་ལ་ལྷག་མ་ཞེ་ལྔ་ཡང་རྣོ་རྟུལ་དུ་འདུས་པས་སོ། །སྙམ་དུ་དགོངས་པ་ཡིན་ན་ཐ་སྙད་སྦྱར་རུང་ཙམ་སྣང་ཡང་། འཕགས་པའི་ལུགས་ལ་དཔྱད་གཞི་ཅུང་ཟད་ཡོད་མོད་སློབ་དཔོན་ལྟར་ན་དང་པོ་གསུམ་མཐོང་ལམ་པ་དང་། ལྷག་མ་ཞེ་ལྔ་སྒོམ་ལམ་པར་བྱེད་དགོས་པས་མདོར་བསྟན་རྒྱས་བཤད་ཀྱི་ཚུལ་དཀའ་འམ་སྙམ་སྟེ་དཔྱད་དོ། །ལྷག་མ་ཞེ་ལྔའི་དང་པོ་གཉིས་ཐབས་མི་མཁས་པ་དང་། ཞེ་གསུམ་ཐབས་མཁས་སུ་གསུངས་པ་ཡང་ཕལ་ཆེ་བ་ལ་དགོངས་སམ་སྙམ་སྟེ། འཕར་བ་གསུམ་གྱི་སྐབས་བསམ་གཏན་ལས་ཉམས་པར་བཤད་པ་བྱང་འཕགས་དབང་རྟུལ་ཐབས་མི་མཁས་པ་འགའ་ཞིག་ལ་བསམ་པའམ་ཞེས་གསེར་ཕྲེང་ལས་གསུངས་པས་སོ། །མདོ་རྒྱན་སྦྱར་བའི་འདྲེན་ཚུལ་ལ་ཡང་བུངྷ་ཤྲཱི་དང་ཤནྟི་པ་གཉིས་ཀྱིས་རྩ་བའི་སྒྲས་ཟིན་ལྟར་གྱི་ཉི་ཤུ་འདྲེན་པས་སྒྲ་ཇི་བཞིན་པར་འདྲེན་པས་སྒྲ་ཇི་བཞིན་པར་འདྲེན་པ་ཡིན་ལ་ཤནྟི་བས་རྗེས་འབྲང་གཉིས་སྦྱོར་ལམ་ནས་འཇོག་པ་ཡིན་ནམ་སྙམ། སྒྲ་ཇི་བཞིན་པ་མ་ཡིན་པར་འདྲེན་པ་ནི་འཕགས་སེང་གི་ལུགས་ཡིན་ལ། འཕགས་པའི་ལུགས་ཀྱི་འདྲེན་ཚུལ་ལ་བཞེད་པ་མི་འདྲ་བ་དུ་མ་སྣང་སྟེ། གསེར་ཕྲེང་ལས། སྔ་མ་རྣམས་བཅུ་དྲུག་དངོས་སུ་བསྟན་ནས་བཞི་ཁ་འགེངས་པ་འཕགས་པའི་ལུགས་སུ་འདོད་དེ། བཞི་ནི་བརྒྱད་པ་ཕྱིར་འོང་ཕྱིར་མི་འོང་དགྲ་བཅོམ་ཞུགས་པའོ། །དེའི་རྒྱུ་མཚན་ཡང་ཉི་སྣང་ལས། གོང་དུ་འཕོ་བ་ནི་ལྔ་བ་ཡིན་ཏེ་ཞེས་འོག་མིན་འགྲོ་འཕར་གསུམ་སྲིད་རྩེའི་མཐར་ཐུག་འགྲོ་སྟེ་ལྔ་ལ་གོང་འཕོ་ཞེས་གཅིག་ཏུ་བགྲངས་པས་སོ། སྙམ་དུ་བསམས་སོ་ཞེས་གསུངས་པ་འདི་རྗེ་བཙུན་རེ་འདའ་བའི་བཞེད་པར་གསུངས་ལ། རྣམ་བཤད་དང་རྟོགས་དཀའི་སྣང་བར་ཡང་འདི་ཉིད་འཕགས་པའི་བཞེད་པས་བྱས། གསེར་ཕྲེང་ལས། དེ་ལ་ཁ་ཅིག་དེ་ནི་མི་རིགས་ཏེ། གོང་འཕོ་ལྔ་བར་བྱས་པ་དགེ་འདུན་ཉི་ཤུའི་ལྔ་བ་མིན་གྱི། ཕྱིར་མི་འོང་ལ་བདུན་དུ་སྨོས་པའི་ལྔ་བ་ཡིན་པས་སོ། །དེ་ལྟ་མིན་ན་བར་དོར་འདའ་བ་ནས་དགེ་འདུན་གྱི་དང་པོར་བགྲངས་པ་དང་། རྒྱན་སྣང་དང་རྟོགས་དཀར་ཡང་གོང་འཕོ་ལ་ལྔ་བར་གསུངས་པས་དེ་དག་གི་ལུགས་ལ་ཡང་དེར་ཐལ་ལོ་ཞེས་ཟེར་རོ་ཞེས་གཞན་གྱིས་དགག་པ་བྱས་ཚུལ་བཀོད་པ་ཡིན་ཀྱང་དགེ་འདུན་ཉི་ཤུ་ཆེན་མོར་འདི་རང་ལུགས་སུ་བྱས། རྣམ་བཤད་ལྟར་ན་དགག་པ་བྱེད་ཚུལ་འདིས་སྔ་མ་ལ་མི་གནོད་དེ། ཉི་སྣང་གི་ལུང་དེས་གོང་འཕོ་རྣམས་གཅིག་ཏུ་བསྡུས་ནས་འདྲེན་པར་བསྟན་གྱི་གོང་འཕོ་ཉི་ཤུའི་ལྔ་བར་བསྟན་པར་མི་འདོད་པས་སོ། །ཁ་ཅིག་ཐུབ་དགོངས་སུ་བཅུ་དགུ་དངོས་དང་འོག་མིན་འགྲོའི་ཚབ་ལ་དགྲ་བཅོམ་འབྲས་ཞུགས་བསྣན་ནས་ཉི་ཤུར་བྱས་ཏེ་འཕགས་པའི་དགོངས་པ་བླངས་པ་ཉིད་འཐད་དོ་ཟེར་བའི་ལུགས་དགག་ཚུལ་གསེར་ཕྲེང་རང་ན་གསལ། འདི་ལྟར་འཕགས་པའི་བཞེད་པ་འཆད་པ་ལ་ལུགས་མི་འདྲ་བ་དུ་མ་འོང་བའི་རྒྱུ་མཚན་ཀྱང་ཉི་སྣང་ལས་ལེ་བརྒྱད་མ་ལྟར་ཉེར་ལྔ་ལས་རྒྱུན་ཞུགས་མ་གཏོགས་པའི་ཉེར་བཞི་མདོ་དང་སྦྱར་ནས་གསུངས་ཀྱང་ཉི་ཤུའི་གྲངས་འདི་ལྟར་བགྲངས་ཞེས་གསལ་བར་མ་གསུངས་པས་ཡིན་ནོ། །དེ་ལ་འཕགས་པའི་བཞེད་པ་འཐད་ལྡན་ནི། གསེར་ཕྲེང་ལས། དེ་ལྟར་བྱས་ན་ཞུགས་པ་དང་པོ་གཉིས་ལ་བརྒྱད་པ་ཞེས་གཅིག་ཏུ་དང་། ཆགས་བྲལ་སྔོན་སོང་གི་ཞུགས་པ་དབང་བོ་རྣོ་རྟུལ་གཉིས་གཉིས་སུ་དང་། དེའི་འབྲས་གནས་གཉིས་གཉིས་སུ་བགྲངས་ནས་འོག་མིན་འགྲོ་འཕར་གསུམ་གྱི་དབྱེ་གཞི་ཡིན་པས་དོར་ལ་གཞན་རྣམས་སྒྲ་ཇི་བཞིན་དུ་བགྲང་ངོ་། །ཞེས་གསུངས་པ་ལྟར་ཁྲི་ཆེན་ངག་དབང་བཀྲ་ཤིས་པའི་དགེ་འདུན་ཉི་ཤུ་ཆེན་མོ་སོགས་རྗེས་འབྲང་ཕལ་ཆེར་གྱིས་བཤད་པས་ད་ལྟ་ཤིན་ཏུ་གྲགས་ཆེ་ལ། འོན་ཀྱང་ཐོད་རྒལ་བའི་ཞུགས་པ་ནི། དཔེའི་སྐབས་སུ་མཐོང་ལམ་པར་ངེས་པ་ལྟར་དོན་གྱི་དགེ་འདུན་ལ་ཡང་འདོད་དགོས་ཏེ། གསེར་ཕྲེང་ལས། དད་ཐོབ་གཉིས་དཔེའི་དགེ་འདུན་གྱི་སྐབས་སུ་འབྲས་གནས་ཁོ་ནར་བསྟན་པ་དང་། ཉི་སྣང་ལས་ཀྱང་རྗེས་འབྲངས་གཉིས་འབྲས་གནས་གཉིས་སུ་སོང་བ་ན་དད་ཐོབ་ཏུ་འགྱུར་བར་བཤད་པས། དེ་གཉིས་ལ་ཞུགས་པར་བྱས་ཀྱང་སྔར་བཤད་པ་ལྟར་དང་པོ་འདྲ་བ་ལ་དགོངས་བ་བླངས་ནས་ཞུགས་པ་གཉིས་རྗེས་འབྲང་གཉིས་དང་འབྲས་གནས་གཉིས་དད་ཐོབ་ཏུ་བཤད་པར་བྱའོ་ཞེས་དང་། ཆགས་བྲལ་སྔོན་སོང་གི་ཞུགས་པ་ཡིན་ཀྱང་དད་ཐོབ་ཀྱི་བརྡ་སྦྱར་བ་ནི། དེ་གཉིས་ཀྱི་དོན་དབང་བོ་རྟུལ་རྣོ་ཡིན་ལ་རྗེས་འབྲང་གཉིས་ཀྱང་དེ་ཡིན་པས་དབང་བོའི་རིགས་གཅིག་པ་ལ་དགོངས་པས་སོ་ཞེས་གསུངས་སོ། །དེ་ལྟར་འདོད་ན་མཐོང་ཐོབ་ཀྱི་མདོ་ལས། དེ་དག་ནི་ཡུམ་གྱི་རྣལ་འབྱོར་དང་མ་བྲལ་བས་བསྐལ་བ་བཟང་བོ་འདི་ཉིད་ལ་བླ་མེད་རྫོགས་བྱང་དུ་མངོན་པར་འཚང་རྒྱའོ། །ཞེས་གསུངས་པ་དང་འགལ་དོགས་ལ་ཕྱིར་འོང་གི་མདོ་ལས། བྱང་ཆེན་ཚེ་གཅིག་གིས་ཐོགས་པ་ཡུལ་ལ་སྤྱོད་པ་གང་དག་ཐབས་མཁས་པས་ཞེས་སོགས་གསུངས་པ་འདི་ཕྱིར་འོང་འབྲས་གནས་དད་མོས་གྱི་མདོར་སྦྱོར་བའང་དཀའ་སྟེ། ཉི་སྣང་ལས། ཕྱིར་མི་ལྡོག་པ་བཀོལ་བ་ནི། དབང་བོ་རྣོན་པོའི་ལམ་ཁོ་ནས་ས་དེ་ཐོབ་པའི་ཕྱིར་རོ་ཞེས་ས་བརྒྱད་པ་ཡན་ཆད་དབང་རྣོན་ཁོ་ནར་གསུངས་པའི་ཕྱིར་རོ། །གཞན་ཡང་དད་མོས་མཐོང་ཐོབ་ཀྱི་མདོ་དང་རྒྱན་གྱི་དད་དང་མཐོང་ཐོབ་ཅེས་པ་གཉིས་རྩ་འགྲེལ་དུ་མི་སྦྱོར་ན་ཡང་ཅུང་ཟད་སྐྱོགས་པའི་བཤད་པར་འགྲོའམ་སྙམ་སྟེ་རྣམ་བཤད་དང་རྟོགས་དཀའི་སྣང་བར་གསེར་ཕྲེང་གི་གསུང་ཟིན་གཞིར་མ་བཞག་པ་ཡང་དགོངས་གཞི་འདི་འདྲའི་ཡིན་ནམ་དཔྱད་པར་བྱའོ། །འོ་ན་ཉི་སྣང་ལས། འབྲས་བུ་གཉིས་པ་དད་གསུམ་པ་ལ་ཞུགས་པ་དད་པས་ལྷག་པར་མོས་པ་ཞེས་སོགས་སྒྲ་སོར་བཞག་བྱས་ན་ཆགས་བྲལ་སྔོན་སོང་དུ་མི་རིགས་པས། གསེར་ཕྲེང་ལས། གལ་ཏེ་དད་ཐོབ་གཉིས་འབྲས་བུ་བར་བ་གཉིས་ལ་ཞུགས་པ་དེ་ཆགས་བྲལ་སྔོན་སོང་དུ་འགལ་ཡང་མཐར་གྱིས་པའི་ཞུགས་པའོ་ཞེ་ན་མི་རིགས་ཏེ། ཕྱིར་འོང་དད་ཐོབ་ཁྱད་པར་ཅན་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་། དེའི་ཕྱིར་མི་འོང་ཞུགས་པར་འགལ་བས་སོ་ཞེས་མ་བཀག་གམ་ཞེ་ན། གསེར་ཕྲེང་གི་དགོངས་པས་དད་མོས་དང་མཐོང་ཐོབ་ནི་འབྲས་གནས་ཁོ་ནར་སྦྱོར་གྱི་ཞུགས་པ་དད་མོས་དང་ཞུགས་པ་མཐོང་ཐོབ་ཅེས་པ་མངོན་པའི་སྤྱི་སྐད་ལ་མ་གྲགས་པའི་ཕྱིར། ཕྱིར་འོང་དད་ཐོབ་ཁྱད་པར་ཅན་སྤྱིར་ཕྱིར་མི་འོང་ཞུགས་པ་ཡིན་ཀྱང་དད་ཐོབ་ཀྱི་ཕྱིར་མི་འོང་ཞུགས་པར་འགལ་སྙམ་དུ་དགོངས་པ་ཡིན་ལ། གཞན་དུ་ན་ཕྱིར་འོང་དད་ཐོབ་ཁྱད་པར་ཅན་ཕྱིར་འོང་ཞུགས་པར་འགལ་ཡང་རྒྱུན་ཞུགས་དད་ཐོབ་ཁྱད་པར་ཅན་ཕྱིར་འོང་ཞུགས་པར་ཁས་བླངས་ཆོག་པས་གསེར་ཕྲེང་གིས་དགག་པ་འབྲེལ་མེད་དུའང་འགྱུར་ལ། ཕྱིར་འོང་ཕྱིར་འོང་ཞུགས་པར་དགག་འོས་ཀྱང་སུ་ཡོད། གསེར་ཕྲེང་གི་གསུང་ཟིན་དེ་ལྟར་ཡིན་ཀྱང་སྤྱིར་ནི། གང་ཞིག་གང་ལ་ཞུགས་པ་ནི། བཅུ་དྲུག་པ་ལ་དེ་འབྲས་གནས། །དེ་ཚེ་དབང་བོ་རྣོ་རྟུལ་དག ། དད་པས་མོས་དང་མཐོང་བས་ཐོབ། །ཅེས་གསུངས་པ་ལྟར་བཅུ་དྲུག་པ་ཐོབ་ཕྱིན་ཆད་ཞུགས་འབྲས་གང་ལ་ཡང་དད་ཐོབ་ཀྱི་བརྡ་སྦྱར་ཆོག་པར་མངོན་ཏེ། དེ་ལྟར་མི་འདོད་ན་སློབ་དཔོན་ལུགས་ལའང་གསེར་ཕྲེང་གི་དགག་པ་འདི་འཇུག་པར་འདོད་དགོས་སོ། །གཞན་ཡང་གསེར་ཕྲེང་ལས། འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། དགེ་འདུན་འདི་དག་མངོན་པ་ནས་བཤད་པ་དང་མིང་མཚུངས་པར་བསྟན་ཀྱང་དེ་ཡང་དེ་དག་དང་ཆོས་མཚུངས་པས་ཡིན་ལ། མངོན་པ་ནས་རྐང་བ་དང་པོ་དང་དེ་ནས་ཕྱེད་ཀྱི་རིམ་པ་ལྟར་སྔར་གྱི་ཞུགས་པ་གསུམ་དང་དེའི་འབྲས་གནས་གསུམ་བསྟན་ལ་རྒྱུན་ཞུགས་འབྲས་གནས་ནི་འོག་ཏུ་བཤད་པས་སོ། །ཞེས་གསུངས་པ་འདི་ལ་རང་རེས་མཁས་པ་གོང་མ་དག་གིས་འཐེན་འཁྱེར་གྱི་དཔྱད་པ་དུ་མ་ཞིག་བྱས་སྣང་ཡང་གསུང་འདིའི་དངོས་ཟིན་ནི། མངོན་པ་ནས་ཞེས་པའི་མངོན་པ་མངོན་པ་མཛོད་དང་། རྐང་པ་དང་པོ་དང་ཞེས་པ་རྒྱན་གྱི་དབང་བོ་རྟུལ་དང་རྣོན་པོ་དག ། ཅེས་པ་འདི་དང་། དེ་ནས་ཕྱེད་ཅེས་པ་དད་དང་མཐོང་ཐོབ་ཅེས་པའི་རྐང་བ་ཕྱེད་པོ་དེ་ཡིན་ནོ། །སྔར་གྱི་ཞུགས་པ་གསུམ་དང་ཞེས་པ་ཞུགས་པ་དང་པོ་དང་ཆགས་བྲལ་སྔོན་སོང་གི་ཞུགས་པ་གཉིས་དང་གསུམ་ཡིན་ནོ། །དེའི་འབྲས་གནས་གསུམ་བསྟན་ཞེས་པའི་འབྲས་གནས་ནི་རྒྱུན་ཞུགས་དང་ཆགས་བྲལ་སྔོན་སོང་གི་འབྲས་གནས་གཉིས་དང་གསུམ་མོ། །འདིའི་རྒྱུན་ཞུགས་འབྲས་གནས་ནི་ཙམ་པོ་བ་དང་འོག་ཏུ་བཤད་པ་ཁྱད་པར་ཅན་ནོ། །དོན་བསྡུ་ན། ཉི་སྣང་གིས་བཤད་ཚུལ་འདི་ཁོ་ན་རྗེ་བཙུན་གྱི་བཞེད་པ་ཡིན་ཏེ། ཉི་སྣང་གིས་ནི་མཛོད་ཀྱི་རྣམ་བཞག་ཇི་ལྟ་བ་བཞིན་བཤད་ལ་མངོན་པ་མཛོད་ནས་རྒྱན་གྱི་རྐང་བ་དང་པོ་དང་དེ་ནས་ཕྱེད་ཀྱི་རིམ་པ་ལྟར་བཤད་པས་སོ་ཞེས་པ་ཡིན་ནོ། །འདི་ལ་སྤྱི་དོན་མཆན་ལས་རྡོ་རྗེའི་ཚིག་ཏུ་སྣང་ངོ་གསུངས་ཀྱང་རིགས་པ་གསལ་དུ་བཏབ་པ་མེད་ལ། སློབ་དཔོན་སོགས་ཀྱིས་འདིའི་རྐང་བ་དང་པོ་དང་ཕྱེད་ཀྱིས་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་བསྟན་པར་མི་འདོད་པ་ལྟར་ན་མངོན་པ་མཛོད་དང་མཐུན་ཙམ་གྱིས་རྒྱན་གྱིས་དགོངས་པར་སྒྲུབ་དཀའ་བ་ལ་དགོངས་ནས་མཁས་པ་དུ་མས་བཤད་ཚུལ་སྣ་ཚོགས་བྱས་སྣང་ཡང་མངས་ཀྱིས་དོགས་ནས་འགོད་པར་མ་བྱས་སོ། །ལེ་བརྒྱད་མར་རྗེས་འབྲང་གཉིས་ལ་མདོ་དྲངས་པའི་རྗེས་སུ་རྒྱུན་ཞུགས་འབྲས་གནས་ཀྱི་མདོ་དྲངས་ཀྱང་ཉི་སྣང་དུ་མདོ་འདི་མ་དྲངས་པར་མཚམས་འདིར་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་ཀྱི་རྣམ་བཞག་གསུངས་ནས་དད་ཐོབ་གཉིས་དང་ཕྱིར་འོང་འབྲས་གནས་དང་ཕྱིར་མི་འོང་འབྲས་གནས་གཉིས་ཀྱི་མདོ་དྲངས་པ་ཆགས་བྲལ་སྔོན་སོང་གི་ཞུགས་འབྲས་བཞི་དང་སྦྱོར་བའི་ཆེད་ཡིན་ཞེས་གསེར་ཕྲེང་གསུངས། འཕགས་པས་ཆགས་བྲལ་སྔོན་སོང་ལ་སྦྱོར་བའི་རྒྱུ་མཚན་འདི་ལས་མེད་འདྲ། དཔེའི་དགེ་འདུན་ཐོད་རྒལ་བ་དང་མཐར་གྱིས་པ་གང་ལ་སྦྱར་ཀྱང་དོན་གྱི་དགེ་འདུན་ལ་ཐོད་རྒལ་བ་དང་མཐར་གྱིས་པ་ཞེས་པའི་བརྡ་ནི་སུས་ཀྱང་མི་སྦྱོར་སྙམ། གསེར་ཕྲེང་ལས། དེ་ལ་ཡུམ་གྱི་མདོར་བྱང་སེམས་ལ་རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་་གི་ཞུགས་གནས་དང་རང་རྒྱལ་གྱི་སྒྲས་ཟིན་པར་གསུངས་པ་མེད་དོ། །འོན་ཀྱང་མདོའི་དོན་རྗེ་བཙུན་གྱིས་བཀྲལ་བས་རྗེས་འབྲང་གཉིས་དང་རིགས་སྐྱེ་ལ་སོགས་ཉན་ཐོས་ཀྱི་ཞུགས་གནས་ལ་གྲགས་པའི་བརྡ་མཛད་ཅིང་། དེ་དག་འགྲེལ་བ་མཁན་རྣམས་ཀྱིས་ཉན་ཐོས་ཀྱི་ཐེག་པ་ནས་འབྱུང་བ་དང་བསྒྲིགས་ནས་ཞུགས་གནས་སུ་ཡང་བཤད་དོ། །ཅེས་གསུངས་པ་ལྟར་ན། མདོ་ལས་ཞུགས་གནས་སོགས་ཀྱི་མིང་གིས་བསྟན་པ་མེད་ཟེར་དགོས་སམ། འོན་ཀྱང་རྗེ་བཙུན་གྱིས་འདི་ལྟར་བཀྲལ་བ་མདོའི་དགོངས་པ་ནི་ཡིན་དགོས་ལ་བྱང་སེམས་ལ་ཐེག་པ་དམན་པའི་དགེ་འདུན་གྱི་སྒྲས་བསྟན་པའི་དགོས་པ་ཡང་ཉན་རང་རིགས་ཅན་བྱང་སེམས་ལ་མི་མོས་པ་ཁ་ཅིག་ཐེག་ཆེན་ལ་དྲངས་པའི་ཆེད་ཡིན་གསུངས་པའི་དགོས་པ་དེ་གྲུབ་ན་འཕགས་སེང་གིས་གསུང་ཟིན་འདྲ་མིན་ཅུང་ཟད་རེས་གཅིག་རྗེ་བཙུན་གྱི་དགོངས་པར་སོང་ལ་གཅིག་ཤོས་དེ་ལས་ལྡོག་ཞེར་མི་དགོས་སམ་སྙམ་སྟེ་བློ་ལྡན་དག་གིས་དཔྱད་པར་འཚལ་ལོ། །ས་མཚམས་སྐབས་གསེར་ཕྲེང་ལས། འཕགས་པའི་བཞེད་པས་ནི་རྗེས་འབྲང་གཉིས་མཐོང་ལམ་པ་དང་། ལྷག་མ་རྣམས་སྒོམ་ལམ་པ་ཡིན་ལ་ཁྱད་པར་དུ་ཞུགས་པ་བཞི་བ་ས་བཅུ་བ་ལ་གསུངས་སོ་ཞེས་པ་ལྟར་ན། གང་ཞིག་གང་ལ་ཞུགས་པ་ནི། །བཅུ་དྲུག་པ་ལ་དེ་འབྲས་གནས། །ཞེས་གསུངས་པ་ལྟར་དཔེའི་དགེ་འདུན་གྱི་སྐབས་སུ་ཆགས་བྲལ་སྔོན་སོང་གི་འབྲས་གནས་གཉིས་བཅུ་དྲུག་པའི་རྟོགས་པ་ལ་གནས་པ་ལྟར་དོན་གྱི་དགེ་འདུན་ལ་དེ་ལྟར་མི་བྱེད་ན་རྟོགས་པ་མཚུངས་པའི་ཆོས་མཐུན་གང་གིས་སྦྱོར།གཞན་ཡང་འདི་དག་རིམ་པ་ལྟར་ས་རིམ་ཅན་ལ་སྦྱོར་བ་མི་འཐད་པར་གོ་སྟེ། ཆོས་འབྲང་དང་བར་ཆད་གཅིག་པའི་སྐབས་སུ་ཡང་མདོ་ལས། དེ་དག་སྐྱེ་བ་གཅིག་གིས་ཐོགས་པའི་སེམས་དཔར་བཤད་པས་སོ་ཞེས་གསུངས་པ་ཡང་དཔྱད་དགོས་ཏེ་རྗེས་འབྲང་གཉིས་དཔེ་དོན་གཉིས་ཀའི་སྐབས་སུ་སྐད་ཅིག་བཅོ་ལྔ་གང་རུང་ལ་གནས་པར་བཤད་པའི་ཕྱིར་རོ། །གསེར་ཕྲེང་ལས། ལེ་བརྒྱད་མར་འབྲས་བུ་བར་བ་གཉིས་ཀྱི་ཞུགས་པ་འདྲེན་ཚུལ་མི་གཅིག་སྟེ། དེར་ནི་ཉི་སྣང་ལྟར་དད་མོས་གཉིས་དང་མཐོང་ཐོབ་གཉིས་བསྒྲིགས་ནས་རེ་རེར་བགྲངས་སོ་གསུངས་པ་ཡང་འདྲེན་ཚུལ་ཙམ་ལས་འདྲེན་རྒྱུ་མི་གཅིག་སྟེ། འདིར་ནི་འབྲས་བུ་རིམ་གྱིས་པའི་ཞུགས་པ་ཡིན་ཏེ། སློབ་དཔོན་ནི་རྒྱུན་ཞུགས་ཙམ་པོ་མཐོང་ལམ་པ་དང་། ལྷག་མ་རྣམས་སྒོམ་ལམ་པར་བཞེད་དོ་ཞེས་གསུངས་བས་སོ། །སློབ་དཔོན་གྱིས་རྗེས་འབྲང་གཉིས་སོ་སོར་བགྲང་ནས་བརྒྱད་པ་མ་བགྲང་བ་མདོ་ལོགས་སུ་མེད་པས་ཡིན་ནམ་སྙམ་སྟེ། ཉི་སྣང་དང་ལེ་བརྒྱད་མར་དེ་ལ་མདོ་དྲངས་པ་སྔ་མ་གཉིས་ཀྱི་མདོ་སྡོམ་པ་མ་གཏོགས་ལོགས་སུ་མ་ཡིན་པའི་ཕྱིར་རོ། །འོ་ན་ཉི་སྣང་གིས་བགྲང་བ་ཅི་ཞེ་ན་ཕྱིར་མི་ལྡོག་པའི་འཁོར་ལོའི་མདོ་ལ་བསྟེན་པ་ཡིན་པས་གཉིས་ཀ་ལྟར་ཡང་འགལ་བ་མེད་དོ། །སློབ་དཔོན་གྱིས་རྒྱུན་ཞུགས་ཙམ་པོ་བ་དང་ཕྱིར་འོང་ཙམ་པོ་བ་བགྲང་བ་ཡང་མདོ་སོ་སོ་བ་ཡོད་པས་ཡིན་ལ་དེ་ལྟར་ན་ཕྱིར་མི་འོང་ཙམ་པོ་བ་མི་འདྲེན་པ་འགལ་སྙམ་ན་མི་འགལ་ཏེ། བར་འདའ་བ་སོགས་ལ་ཁྱད་པར་ཅན་གྱིས་མ་ཁྱབ་པའི་ཕྱིར་སྙམ་དུ་དགོངས་པ་ཡིན་ནོ། །དགྲ་བཅོམ་ཞུགས་པ་འདྲེན་པ་ཡང་མདོ་ལོགས་སུ་ཡོད་པ་དང་སྲིད་ཉོན་བརྒྱད་པ་སྤངས་ནས་དགུ་བ་སྤོང་ཕྱིར་བརྩོན་པ་སོགས་ཕྱིར་མི་འོང་ཙམ་ལས་ཁྱད་པར་དུ་འཕགས་པས་ཡིན་ལ་གཞན་ཕལ་ཆེར་འཕགས་སེང་གཉིས་མཐུན་ནོ། །སྲིད་རྩེར་འགྲོ་དང་གཟུགས་མེད་འགྲོ་གཉིས་དཔེའི་སྐབས་སུ་དངོས་བཏགས་གང་བྱས་ཀྱང་དོན་གྱི་སྐབས་བཏགས་པ་བ་ལས་མེད་པས་གནད་འདྲའོ། །གསེར་ཕྲེང་ལས། དོན་རགས་པ་དེ་ལྟ་བུ་ལ་ཡོངས་སུ་རྫོགས་པའི་པཎ་ཆེན་འདི་འཁྲུལ་བ་ག་ལ་སྲིད། ཅེས་གསུངས་པ་ལྟར་སློབ་དཔོན་འཁྲུལ་སྙམ་པ་སྐྱེས་མི་རིགས་ཏེ། འཕགས་སེང་སུའི་ལུགས་ཡིན་ཀྱང་རྒྱལ་སྲས་ཆེན་པོ་རྣམས་སྲིད་རྩེ་དང་གཟུགས་མེད་ཀྱི་སྙོམས་འཇུག་སོགས་ལ་ཅི་དགར་འཇུག་ནུས་པ་སྙོམས་འཇུག་ཚར་ལྔ་ལྟར་ཡིན་པས། གཞན་དོན་སོགས་དགོས་པ་ཡོད་ན་དེ་དག་ཏུ་འགྲོ་ནུས་པ་མིང་གིས་བཏགས་པའི་དགོས་པ་ཡིན་པ་གནད་ཀྱི་དོན་ནོ། །ཀུན་བཏུས་ལས། ཅིའི་ཕྱིར་བྱང་ཆུབ་སེམས་དཔའི་སྐྱོན་མེད་པ་ལ་ཞུགས་ན་རྒྱུན་དུ་ཞུགས་པར་མི་འགྱུར་ཞེ་ན། རྒྱུན་ལ་འཇུག་པ་ཡོངས་སུ་མ་གྲུབ་པའི་ཕྱིར་རོ། །ཞེས་གསུངས་པ་ལྟར་ན། ཉོན་མོངས་སྤངས་ཙམ་གྱི་མྱང་འདས་ཐོབ་པའི་ལམ་གྱི་རྒྱུན་ལ་བརྩོན་པ་ཆེར་བསྐྱེད་པ་ནི་རྒྱུན་དུ་ཞུགས་པ་ཞེས་བའི་གོ་དོན་ཡིན་ཞིང་། བྱང་སེམས་རྣམས་གཞན་དོན་འབད་པས་སྒྲུབ་པ་ལྷུར་བྱེད་ཀྱི་ཞི་བདེ་དོན་གཉེར་གྱི་བསམ་པ་ཤུགས་མི་དྲག་པས་རྒྱུན་ཞུགས་ཞེས་པའི་སྒྲ་བཤད་དུ་མེད་པར་མངོན་ནོ། །ཅིའི་ཕྱིར་ལན་གཅིག་ཕྱིར་འོང་བར་མི་འགྱུར་ཞེ་ན་བསམ་བཞིན་དུ་སྲིད་པར་སྐྱེ་བ་ཚད་མེད་པ་ཡོངས་སུ་འཛིན་པའི་ཕྱིར་རོ་ཞེས་གསུངས་པ་ལྟར་ན། གོང་དུ་གསེར་ཕྲེང་ལས། འདི་ནི་འཇིག་རྟེན་འདིར་ལན་གཅིག་འོང་ནས་གཞན་དུ་མྱ་ངན་ལས་འདའ་བས་ཕྱིར་འོང་ངོ་། །ཞེས་གསུངས་པ་ཡང་འདིའི་མདོ་ལས། ལྷ་བྱེ་བ་ཁྲག་ཁྲིག་བརྒྱ་སྟོང་དུ་མས་བསྐོར་ཏེ་མདུན་དུ་བྱས་ནས་འདིར་སྐྱེ་བ་བསྟན་ཏེ། ཞེས་མདོའི་ཚིག་ཟིན་ལ་འདིར་སྐྱེ་བ་ལན་གཅིག་ལས་མེད་པས་ཡིན་ལ། དེ་བཞིན་དུ་འདི་ནི་གང་དུ་སྐྱེས་པ་དེར་མི་འོང་བས་ཕྱིར་མི་འོང་ངོ་གསུངས་པ་ཡང་། མདོ་ལས། གང་དག་འདོད་པ་དང་གཟུགས་དང་གཟུགས་མེད་པའི་ཁམས་སུ་མི་སྐྱེའོ། །འོན་ཀྱང་སངས་རྒྱས་ཀྱི་ཞིང་ནས་སངས་རྒྱས་ཀྱི་ཞིང་དུ་འདའ་བ་དག་ཀྱང་ཡོད་དོ་ཞེས་པའི་ཚིག་ཙམ་དང་བསྟུན་པའི་སྒྲ་བཤད་ཡིན་ནམ་སྙམ་སྟེ། དཔེར་ན་ཐེག་དམན་གྱི་མཐོང་ཆོས་ཞི་མཐོང་ལམ་ཐོབ་པའི་ཚེ་ལ་ཞི་བས་འཇོག་ལ། ཐེག་ཆེན་ནི་བྱང་སེམས་དེ་ཉིད་སུས་མཐོང་བ་དེ་ཚེ་དེ་ལ་འདའ་བས་འཇོག་པས་དོན་མི་གཅིག་ཀྱང་མཐོང་བའི་ཚེ་ལ་ཞི་ཞེས་བའི་སྒྲ་ཙམ་ཡོད་པ་ཆོས་མཐུན་ཡིན་པ་བཞིན་ཕལ་ཆེར་ལ་འདྲ་སྙམ་མོ། །ཕྱིར་མི་ལྡོག་པའི་མདོར་བྱང་སེམས་ལ་ཕྱིར་འོང་སོགས་ཀྱི་སྒྲས་གསུངས་པའི་དགོངས་གཞི་བསྟན་པ་དེ་ནས་དེ་ལྟར་གསུངས་པའི་དགོངས་གཞི་ཡིན་གྱི་ཤེར་མདོའི་མིན་ཏེ། ཤེར་ཕྱིན་གྱི་མདོའི་ཚིག་ཟིན་ལ་དེ་ལྟར་གསུངས་པ་མེད་པའི་ཕྱིར་སྙམ། སྤྱིར་བྱང་སེམས་ལ་ཡང་རྗེས་འབྲང་གཉིས་དང་དད་ཐོབ་ཀྱི་སྒྲ་དངོས་གནས་ལ་འཇུག་པ་ཡོད་ཀྱང་། དེ་ལྟར་གསུངས་པའི་དགོངས་གཞི་བསྟན་པ་ཐེག་དམན་གྱི་ཞུགས་འབྲས་ལ་གྲགས་པའི་དེ་མེད་པའི་དབང་གིས་ཡིན་ཏེ་དགྲ་བཅོམ་པར་བསྟན་པའི་དགོངས་གཞི་ཡང་གསུངས་པའི་ཕྱིར་རོ། །འཇུག་པར། སེམས་འགག་པས་དེ་སྐུ་ཡིས་མངོན་སུམ་མཛད། །གསུངས་པ་ལྟར་ན་ལུས་མངོན་བྱེད་ཀྱང་ཆོག་སྙམ་མོད་གྲགས་ཆེ་བ་ཐེག་དམན་ལ་ཡིན་ནོ། །མདོའི་དཀའ་གནས་དང་ས་མཚམས་སོགས་ལ་དཔྱད་པར་བྱ་བ་འགའ་རེ་འདུག་ནའང་རྨོངས་བའི་གོང་བུ་བདག་ལྟ་བུ་ལ་ལོག་བཤད་ལས་ལེགས་བཤད་འོང་རེ་མི་འདུག་པས་དེ་ཙམ་ལས་སྤྲོ་བ་མ་བྱས་སོ། །


སྨྲས་པ། རྒྱལ་བའི་གསུང་མཆོག་ཀུན་ལས་རབ་དང་ཕུལ། །རྒྱལ་ཡུམ་ཤེར་ཕྱིན་གཞུང་གི་སྦས་པའི་དོན། །རྒྱལ་ཚབ་དམ་པས་ལེགས་པར་བསྡུས་པ་ཡི། །རྒྱལ་སྲས་དགེ་འདུན་རྣམས་ཀྱི་སྤངས་རྟོགས་ཆ། །ཇི་བཞིན་འབྱེད་ལ་འཕགས་ཡུལ་མཁས་མང་གིས། །བཞེད་པའི་སྲོལ་ནི་ཟ་འོག་རི་མོ་བཞིན། །གཅིག་ཏུ་མ་ངེས་སྣ་མང་རྣམ་བཀྲ་ཡང་། །ཀུན་ལས་ཕུལ་བྱུང་སྣང་པ་རྣམ་གཉིས་གསུངས། །འཕགས་སེང་གཞུང་གི་དགོངས་པའི་གནད་ལ་ཡང་། །འདྲ་མིན་འཕགས་བོད་མཁས་པའི་གསུང་མང་ཡང་། །ཀུན་ལ་འཁྲུལ་མེད་རྒྱལ་བ་གཉིས་པ་ཡི། །ལེགས་བཤད་ཟླ་དང་བྲལ་བར་མཁས་པས་གསུངས། །དེ་ལྟ་མོད་ཀྱི་རྡོ་རྗེའི་ཚིག་དག་གི ། ཤིན་ཏུ་གྲོལ་དཀའི་གནས་ནི་འགའ་ཞིག་ལ། །མུན་པར་འཕྱན་པའི་བློ་ཅན་མང་མཐོང་ནས། །དོགས་སེལ་སྒྲོན་མེའི་སྣང་བ་འདི་སྤྲོས་སོ། །ལྔ་རིག་མཁས་པའི་མདུན་སར་གཡས་འཁྱིལ་མཚོར། །ལྔ་བརྒྱའི་གཙུག་རྒྱན་བཤེས་གཉེན་མང་བསྟེན་ཏེ། །ལྔ་རིག་གནས་ལ་སྦྱངས་བའི་མཐུས་བསྐྲུན་པས། །ལྔ་ཕྲག་དུག་གིས་བསླད་པ་མེད་སྙམ་མོད། །རྒྱལ་གསུང་དགོངས་པའི་གནད་ནི་ཤིན་ཏུ་ཟབ། །བྱིས་པའི་བློ་ལམ་འཁྲུལ་མེད་གསུངས་པའི་ཕྱིར། །མ་བརྟགས་རྨོངས་པས་ལོག་པར་བཤད་པ་སོགས། །ནོངས་པའི་ཚོགས་ཀུན་སྙིང་ནས་མཁས་ལ་བཤགས། །ཡང་དག་གནས་ལ་ཀུན་ནས་དཔྱད་པ་དང་། །བློ་དམན་དག་ལ་ཕན་འདོད་བཟང་བོའི་བློས། །དམ་པའི་བཀའ་བསྒྲུབ་མཆོད་པའི་ཕྱིར་བགྱིས་པས། །ལེགས་ཆའི་ཟེགས་མས་ཐུབ་བསྟན་དར་བར་སྨོན། །ད་ལྟ་དང་རྗེས་འབྲང་བའི་རིགས་གྱུར་ཀྱང་། །ཕྱི་མའི་ཚེ་རབས་ཆོས་རྗེས་འབྲང་བ་ཡིས། །རྒྱལ་བའི་དམ་ཆོས་མ་ལུས་འཛིན་པ་ལ། །འཇམ་དཔལ་དཔའ་བོ་ལྟ་བུར་བདག་གྱུར་ཅིག །


ཅེས་ཐེག་པ་ཆེན་པོ་རྒྱུད་བླ་མའི་བསྟན་བཅོས་ཀྱི་སྐྱབས་གསུམ་དང་། མངོན་པར་རྟོགས་པའི་རྒྱན་གྱི་མཚོན་བྱ་དོན་གྱི་དགེ་འདུན་ལ་ཅུང་ཟད་དཔྱད་པ་མི་ཕམ་ཞལ་ལུང་བློ་བཟང་དགོངས་རྒྱན་ཞེས་བྱ་བ་འདི་ནི། གོང་ས་༧ཞབས་དྲུང་རིན་པོ་ཆེའི་མཆོག་སྤྲུལ་མཐོང་བ་དོན་ལྡན་རྗེ་བཙུན་བློ་བཟང་ལུང་རིགས་བསྟན་པ་རྒྱ་མཚོ་དཔལ་བཟང་བོའི་ཞལ་སྔ་ནས་དང་། དེ་ཉིད་ཀྱི་ཡོངས་འཛིན་མཁས་གྲུབ་དམ་པ་རྗེ་བློ་བཟང་མཁས་གྲུབ་རྒྱ་མཚོ་བ་ནས་ཡང་ཡང་བསྐུལ་མ་གནང་བའི་བཀའ་མ་བཟློགས་ཙམ་དུ། གྱི་ན་བ་བློ་བཟང་བསྟན་པས་སྟོན་མཆོག་དམ་པ་མཉམ་མེད་ཟས་གཙང་གི་སྲས་པོ་དེ་ཉིད་ལྷ་ཡུལ་ནས་འཛམ་གླིང་དུ་བབས་པའི་དུས་ཆེན་ཉིན་མཇུག་གྲུབ་པར་བགྱིས་པའི་ཡི་གེ་བ་ནི། མོག་སྤྲུལ་བའི་སྐུ་མཁྱེན་རབ་ཀྱི་དབང་ཕྱུག་དམ་པ་དགེ་འདུན་བསྟན་འཛིན་རྒྱ་མཚོས་བགྱིས་པ་ཛནྟུ། །སརྦ་མངྒཾལ།


སྨྲས་པ། རྒྱལ་བའི་དམ་ཆོས་སྐྱོང་ལ་རྒྱལ་བ་ཡིས། །རང་གི་རྒྱལ་ཚབ་དམ་པར་དབང་བསྐུར་བ། །མི་ཕམ་མགོན་དེས་གཞུང་བཟང་རྣམ་ལྔ་ནི། །མ་འོངས་རྟེན་འབྱུང་སླད་དུ་གནང་གསུངས་ཕྱིར། །རྒྱལ་བ་གཉིས་པས་ཡུམ་མཆོག་རྒྱན་དང་ནི། །རྒྱལ་ཚབ་དམ་པས་བླ་མའི་རྒྱུད་ཀྱི་དོན། །འཁྲུལ་མེད་འགྲེལ་བའི་ལེགས་བཤད་ཟུང་གང་དག ﹀སྣང་བྱེད་ཁྲོད་ན་ཟླ་ཉི་ལྟ་བུར་ངེས། །འོན་ཀྱང་དུས་ཀྱི་མུན་པའི་དབང་གིས་ནི། །ཚིག་དོན་གོ་དཀར་གྱུར་པའི་ཆ་འགའ་ལ། །གསལ་བྱེད་སྒྲོན་མེའི་སྣང་བ་མཆོག་གང་ཞིག ། རྣམ་དཔྱོད་ཟླ་མེད་སུདྡྷའི་མཚན་གྱིས་བསྐྲུན། །སྙིགས་མ་ལས་ཀྱང་ཆེར་སྙིགས་དུས་ཀྱི་མཐར། །འདི་ལྟའི་ནོར་ལྟའང་རིན་ཐང་བྲལ་སྙམ་ནས། །མི་ཟད་པར་གྱི་མཆོད་སྦྱིན་བདག་གིས་སྤེལ། །དགེ་བས་ཐུབ་བསྟན་མཐའ་དག་དར་བར་སྨོན། །


ཞེས་ཐེག་པ་མཆོག་གི་དགེ་བའི་བཤེས་གཉེན་མཚུངས་མེད་ཆོས་ཀྱི་རྗེ་རིན་པོ་ཆེ་བློ་བཟང་བསྟན་པའི་ཞལ་སྔ་ནས་ཀྱིས་མཛད་པའི་ལེགས་བཤད་འདི་ཉིད། མདོ་སྔགས་ཆོས་སྒྲ་སྒྲོགས་པའི་སྐྱེད་ཚལ་མང་ཡུལ་གྱི་ཆོས་གྲྭ་རྣམ་དག་ཁྲིམས་ལྡན་གླིང་ནས་པར་དུ་བསྐྲུན་སྐབས། ལཱ་མོའི་ཡོངས་འཛིན་སྤྲུལ་མིང་བ་བློ་བཟང་མཁས་གྲུབ་རྒྱ་མཚོས་སུག་བྲིས་སུ་བགྱིས་པ་འདི་ཡང་ཚེ་རབས་པདྨོའི་ཕྲེང་བ་ཀུན་ཏུ་༧བཤེས་གཉེན་ཉིན་བྱེད་དབང་བོས་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1