དེ་ཡང་བོད་གངས་ཅན་གྱི་རིགས་པའི་དབང་ཕྱུག་ཆེན་པོ་ཆ་བ་ཆོས་ཀྱི་སེང་གེས་ཚད་མའི་རིགས་པ་གཙོ་བོར་བསྡུས་པའི་སྔོན་མེད་པའི་བསྡུས་སྦྱོར་གྱི་སྲོལ་ལེགས་པར་ཕྱེ་བར་གྲགས་ལ། ཁྱད་པར་དུ་བསྡུས་གྲྭའི་རིགས་ལམ་ཐུན་མོང་མ་ཡིན་པ་ཆ་བའི་ལུགས་ཀྱི་རྫས་ལྡོག་ཅིས་ཡོངས་སུ་གྲགས་པ་དེའི་རིགས་པའི་གསང་ཚིག་མུ་བཞི་སྣ་ཚོགས་ཀྱི་སྒོ་ནས་ཤེས་དགོས་པས་དེའི་རྨང་གཞི་ལྟ་བུར་བསྡུས་སྦྱོར་སྙིང་བོ་རིགས་ལམ་ལ་བརྟེན་ནས་མུ་བཞི་ཅུང་ཟད་འགོད་པ་ལ། རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་ལྡོག་བརྒྱད་ཡོད་དེ། གཅིག་ཏུ་གྱུར་པའི་དངོས་པོ་དང་། གཅིག་དང་། མཚན་ཉིད་དང་། བུམ་པའི་སྤྱི་མ་ཡིན་པ་དང་། གཅིག་ཀྱང་ཡིན་རྫས་ཆོས་མ་ཡིན་པ་དང་མཚན་ཉིད་གང་རུང་གི་གཞི་མཐུན་དུ་གྱུར་པའི་དངོས་པོ་དང་། གཅིག་ཀྱང་ཡིན་རང་ཉིད་ལྡོག་ཆོས་མ་ཡིན་པ་དང་མཚན་ཉིད་གང་རུང་གི་གཞི་མཐུན་དང་། གཅིག་ཡིན་རང་མིན་ལྡོག་ཆོས་དང་མཚན་ཉིད་གང་རུང་གི་གཞི་མཐུན་དང་། གཅིག་ཀྱང་ཡིན་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པའི་སྤྱི་མ་ཡིན་པ་གང་རུང་གི་གཞི་མཐུན་དང་བརྒྱད་པོ་དེ་རིམ་བཞིན་འཇོག་པའི་ཕྱིར།
དེ་བརྒྱད་ཆོས་ཅན། རྫས་ཆོས་དང་ཁྱོད་ལ་མུ་བཞི་ཡོད་དེ། ཁྱོད་ཡིན་ལ་རྫས་ཆོས་མ་ཡིན་པ། རྫས་ཆོས་ཡིན་ལ་ཁྱོད་མ་ཡིན་པ། གཉིས་ཀ་ཡིན་པ། གང་ཡང་མ་ཡིན་པ་བཞི་ཡོད་པའི་ཕྱིར་ཏེེ། རྟག་པར་རྟོགས་པའི་ཚད་མ་སྐད་ཅིག་མ་དང་བོ་ཡིན། ཤེས་བྱ་དང་ཡོད་པ་གཉིས་གཉིས་པ་ཡིན། གསལ་ཤིང་རིག་པ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། རང་ཉིད་ལྡོག་ཆོས་དང་ཁྱོད་ལ་ཡང་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དེ་དང་བོ་ཡིན། རྟག་པ་དང་ཐ་དད་དང་ཡོད་པ་དང་ཐ་དད་གཉིས་གཉིས་པ་ཡིན། ཡོད་པར་རྟོགས་པའི་ཚད་མ་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། རང་མིན་ལྡོག་ཆོས་དང་ཁྱོད་ལ་ཡང་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དང་བོ་ཡིན། གཟུགས་དང་ཡོད་པ་གཉིས་གཉིས་པ་ཡིན། བུམ་པ་དང་གཅིག་ཏུ་གྱུར་པའི་ལྟོ་ལྡིར་བ་གསུམ་པ་ཡིན། ཤེས་བྱ་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་ཁྱོད་ལ་ཡང་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དང་བོ་ཡིན། བུམ་པའི་སྤྱི་མ་ཡིན་པར་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་གཉིས་པ་ཡིན། རྟག་པར་རྟོགས་པའི་ཚད་མ་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར།
དེ་བརྒྱད་ཆོས་ཅན། རྫས་ཆོས་ཀྱི་རྫས་མཐུན་དང་ཁྱོད་ལ་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དང་བོ་ཡིན། གཅིག་དང་རྫས་ཆོས་མ་ཡིན་པ་གང་རུང་དུ་གྱུར་པའི་བྱས་པ་དང་མི་རྟག་པ་གཉིས་གཉིས་པ་ཡིན། ལྡོག་ཆོས་སུ་གྱུར་པའི་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་ཁྱོད་ལ་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དང་བོ་ཡིན། རང་ཉིད་ལྡོག་ཆོས་མ་ཡིན་པར་གྱུར་པའི་ཆོས་དང་ཡོད་པ་གཉིས་གཉིས་པ་ཡིན། རང་ཉིད་ལྡོག་ཆོས་མ་ཡིན་པར་རྟོགས་པའི་ཚད་མ་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། རང་མིན་ལྡོག་ཆོས་ཀྱི་རྫས་མཐུན་དང་ཁྱོད་ལ་ཡང་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དེ་དང་བོ་ཡིན། རང་མ་ཡིན་པའི་ལྡོག་ཆོས་དང་དངོས་པོ་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་གཉིས་པ་ཡིན། རང་མིན་ལྡོག་ཆོས་སུ་གྱུར་པའི་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་བརྒྱད་ཆོས་ཅན། ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་དང་ཁྱོད་ལ་ཡང་མུ་བཞི་ཡོད་དེ། གསལ་ཤིང་རིག་པ་དང་བོ་ཡིན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་གཅིག་གཉིས་པོ་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་གཉིས་པ་ཡིན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་རྟག་པ་གང་རུང་དུ་རྟོགས་པའི་ཚད་མ་སྐད་ཅིག་མ་གསུམ་པ་ཡིན། གཟུགས་དང་ཡོད་པ་གཉིས་བཞི་བ་ཡིན་པའི་ཕྱིར། དེ་ལྟར་མུ་བཞི་ཚན་པ་བརྒྱད་བཞག་པས་མུ་བཞི་རེ་བཞི་བཞག་ཟིན་པའི་ཕྱིར།
རྫས་ལྡོག་བརྒྱད་པོ་རེ་རེ་དང་ཁྱོད་ལ་མུ་བཞི་ཡོད་པའི་རྫས་མཐུན་གྱི་རྫས་མཐུན་བཞི་ཡོད་དེ། རྫས་ཆོས་དང་རྫས་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པར་གྱུར་པའི་དངོས་པོ་དང་གཅིག་གཉིས་པོ་གང་རུང་དུ་གྱུར་པའི་བྱས་པ་དང་མི་རྟག་པ་གཉིས་རྫས་མཐུན་གྱི་རྫས་མཐུན་བཞིའི་དང་བོ་ཡིན། རང་ཉིད་ལྡོག་ཆོས་དང་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་མ་ཡིན་པར་གྱུར་པའི་གཅིག་དང་མཚན་ཉིད་གཉིས་གང་རུང་དུ་གྱུར་པའི་ཡོད་པ་གཉིས་པ་ཡིན། རང་མིན་ལྡོག་ཆོས་དང་རང་མིན་ལྡོག་ཆོས་ཀྱི་རྫས་མཐུན་གང་རུང་དུ་གྱུར་པའི་གཅིག་དང་མཚན་ཉིད་གཉིས་གང་རུང་དུ་གྱུར་པའི་ཡོད་པ་གསུམ་པ་ཡིན། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་གང་རུང་དུ་གྱུར་པའི་གཅིག་དང་མིང་མཐའ་ལ་དགག་ཚིག་སྦྱར་བའི་ཆོས་གང་རུང་དེ་བཞི་བ་ཡིན་པའི་ཕྱིར།
ཚིགས་བཅད་དུ་འགོད་པ། རྫས་ལྡོག་བརྒྱད་པོ་རེ་རེ་དང་། །མུ་བཞི་ཡོད་པའི་རྫས་ལྡོག་བརྒྱད། །བཞག་ནས་རྫས་ལྡོག་བརྒྱད་རྩིས་པའི། །མུ་བཞི་རེ་བཞི་རྫོགས་པ་ཡི། །རིགས་འཕྲུལ་ཚུལ་ནི་འདི་ལྟ་སྟེ། །གཅིག་གྱུར་དངོས་དང་གཅིག་མཚན་ཉིད། །བུམ་པའི་སྤྱི་ནི་མ་ཡིན་དང་། །གཅིག་ཡིན་རྫས་ཆོས་མ་ཡིན་དང་། །མཚན་ཉིད་གཞི་མཐུན་དུ་གྱུར་དངོས། །གཅིག་ཡིན་རང་ཉིད་ལྡོག་ཆོས་མིན། །མཚན་ཉིད་གང་གི་གཞི་མཐུན་དང་། །གཅིག་ཡིན་རང་མིན་ལྡོག་ཆོས་དང་། །མཚན་ཉིད་གང་གི་གཞི་མཐུན་དང་། །གཅིག་ཡིན་ལྡོག་ཆོས་ཕུང་སུམ་དང་། །བུམ་སྤྱི་མིན་གང་གཞི་མཐུན་སྟེ། །ཆོས་ཅན་བརྒྱད་པོ་འདི་རྣམས་དང་། །རྫས་ལྡོག་བརྒྱད་ལ་མུ་བཞི་རྩི། །དེ་ལ་མུ་བཞི་དང་བོ་ནི། །རྟག་རྟོགས་ཚད་མ་སྐད་ཅིག་དང་། །ཤེས་བྱ་དང་ནི་ཡོད་པ་གཉིས། །གསལ་རིག་གཟུགས་དང་ཡོད་པའོ། །གཉིས་པ་གསལ་ཤིང་རིག་པ་དང་། །རྟག་པ་དང་ནི་ཐ་དད་དང་། །ཡོད་པ་དང་ནི་ཐ་དད་གཉིས། །ཡོད་རྟོགས་ཚད་མ་སྐད་ཅིག་དང་། །གཟུགས་དང་ཡོད་པ་གཉིས་རྣམས་སོ། །གསུམ་པ་གསལ་ཤིང་རིག་པ་དང་། །གཟུགས་ཡོད་གཉིས་དང་བུམ་པ་དང་། །གཅིག་དུ་གྱུར་པའི་ལྟོ་ལྡིར་དང་། །ཤེས་བྱ་ཡོད་པ་གཉིས་རྣམས་སོ། །བཞི་བ་གསལ་རིག་བུམ་པ་ཡི། །སྤྱི་མིན་གྱུར་པའི་ཤེས་བྱ་དང་། །ཡོད་པ་གཉིས་དང་རྟག་པ་རུ། །རྟོགས་པའི་ཚད་མ་སྐད་ཅིག་དང་། །གཟུགས་དང་ཡོད་པ་གཉིས་རྣམས་སོ། །ལྔ་བ་གསལ་ཤིང་རིག་པ་དང་། །གཅིག་དང་རྫས་ཆོས་མ་ཡིན་པ། །གང་རུང་དུ་གྱུར་བྱས་མི་རྟག །གཉིས་དང་ལྡོག་ཆོས་སུ་གྱུར་པའི། །སྐད་ཅིག་མ་སྟེ་བཞི་བ་སླ། །དྲུག་པ་གསལ་ཤིང་རིག་པ་དང་། །རང་ཉིད་ལྡོག་ཆོས་མ་ཡིན་པར། །གྱུར་པའི་ཆོས་དང་ཡོད་པ་གཉིས། །རང་ཉིད་ལྡོག་ཆོས་མ་ཡིན་པར། །རྟོགས་པའི་ཚད་མ་སྐད་ཅིག་མ། །གཟུགས་དང་ཡོད་པ་གཉིས་རྣམས་སོ། །བདུན་པ་གསལ་ཤིང་རིག་པ་དང་། །རང་མ་ཡིན་པའི་ལྡོག་ཆོས་དང་། །དངོས་པོ་གང་རུང་དུ་གྱུར་པའི། །ཤེས་བྱ་དང་ནི་ཡོད་པ་གཉིས། །རང་མིན་ལྡོག་ཆོས་སུ་གྱུར་པའི། །སྐད་ཅིག་མ་སྟེ་བཞི་བ་སླ། །བརྒྱད་པ་གསལ་ཤིང་རིག་པ་དང་། །ལྡོག་ཆོས་ཕུང་བོ་གསུམ་པ་དང་། །གཅིག་གཉིས་གང་རུང་དུ་གྱུར་པའི། །ཤེས་བྱ་དང་ནི་ཡོད་པ་གཉིས། །ལྡོག་ཆོས་ཕུང་བོ་གསུམ་པ་དང་། །རྟག་པ་གང་རུང་དུ་རྟོགས་པའི། །ཚད་མ་སྐད་ཅིག་མ་དང་ནི། །གཟུགས་དང་ཡོད་པ་གཉིས་རྣམས་སོ། །དེ་ལྟར་མུ་བཞི་བརྒྱད་རྩིས་པས། །མུ་བཞི་དྲུག་ཅུ་རེ་བཞི་དང་། །མུ་རྐྱང་གཉིས་བརྒྱ་ང་དྲུག་རྫོགས། །རྫས་ལྡོག་བརྒྱད་པོ་རེ་རེ་དང་། །མུ་བཞི་ཡོད་པའི་རྫས་མཐུན་གྱི། །རྫས་མཐུན་བཞི་ནི་འདི་ལྟར་སྟེ། །རྫས་ཆོས་དང་ནི་རྫས་ཆོས་ཀྱི། །རྫས་མཐུན་གང་མིན་དུ་གྱུར་པའི། །དངོས་དང་གཅིག་གཉིས་གང་རུང་དུ། །གྱུར་པའི་བྱས་དང་མི་རྟག་གཉིས། །རང་ཉིད་མིན་པའི་ལྡོག་ཆོས་དང་། །དེ་ཡི་རྫས་མཐུན་གང་མིན་དུ། །གྱུར་པའི་གཅིག་དང་མཚན་ཉིད་གཉིས། །གང་རུང་དུ་གྱུར་ཡོད་པ་དང་། །རང་ཉིད་མིན་པའི་ལྡོག་ཆོས་དང་། །དེ་ཡི་རྫས་མཐུན་གང་རུང་དུ། །གྱུར་པའི་གཅིག་དང་མཚན་ཉིད་གཉིས། །གང་རུང་དུ་གྱུར་ཡོད་པ་དང་། །ལྡོག་ཆོས་ཕུང་བོ་གསུམ་པ་དང་། །དེ་ཡི་རྫས་མཐུན་གང་རུང་དུ། །གྱུར་པའི་གཅིག་དང་མིང་མཐའ་ལ། །དགག་ཚིག་སྦྱར་བའི་ཆོས་གང་ཡིན། །ཞེས་སོ།།
བུམ་པ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ལྡོག་བརྒྱད་ཀྱང་ཡོད་དེ། བུམ་པ་དེ་བུམ་པ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་རྫས་ཆོས་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པ་རང་ཉིད་ལྡོག་ཆོས་དང་། བུམ་པར་གྱུར་པའི་ཡོད་པ་རང་མིན་ལྡོག་ཆོས་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་གཅིག་དང་བུམ་པ་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་ལྡོག་ཆོས་ཕུང་གསུམ་ཙམ་པོ་བ་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རྫས་ཆོས་མ་ཡིན་པ་དང་བུམ་པ་གང་རུང་དུ་གྱུར་པའི་དངོས་པོ་རྫས་ཆོས་ཀྱི་རྫས་མཐུན་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རང་ཉིད་ལྡོག་ཆོས་མ་ཡིན་པ་དང་བུམ་པ་གང་རུང་དུ་གྱུར་པའི་ཡོད་པ་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རང་མིན་ལྡོག་ཆོས་དང་བུམ་པ་གང་རུང་དེ་རང་མིན་ལྡོག་ཆོས་ཀྱི་རྫས་མཐུན་དང་། བུམ་པ་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པ་གང་རུང་དེ་བུམ་པ་དང་ཡིན་ཁྱབ་མཉམ་དུ་གྱུར་པའི་ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་ཡིན་པའི་ཕྱིར་རོ།།
བུམ་པ་དང་ཡིན་ཁྱབ་མཉམ་ཡིན་ན་ཀ་བ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་རྫས་ལྡོག་བརྒྱད་ཀྱང་ཡོད་དེ། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་དངོས་པོ་དེ་དེའི་རྫས་ཆོས་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པ་དེ་རང་ཉིད་ལྡོག་ཆོས་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་ཀྭ་བུམ་གང་རུང་དེ་རང་མིན་ལྡོག་ཆོས་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་གཅིག་དང་། གཟུགས་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་པོ་དེ་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རྫས་ཆོས་མ་ཡིན་པ་དང་གཟུགས་གང་རུང་དུ་གྱུར་པའི་དངོས་པོ་དེ་རྫས་ཆོས་ཀྱི་རྫས་མཐུན་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རང་ཉིད་ལྡོག་ཆོས་མ་ཡིན་པ་དང་གཟུགས་གང་རུང་དེ་རང་ཉིད་ལྡོག་ཆོས་ཀྱི་རྫས་མཐུན་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་རང་མིན་ལྡོག་ཆོས་དང་གཟུགས་གང་རུང་དེ་རང་མིན་ལྡོག་ཆོས་ཀྱི་རྫས་མཐུན་དང་། ཀྭ་བུམ་གཉིས་ཡིན་པ་གང་ཞིག རྟག་པ་མ་ཡིན་པར་གྱུར་པའི་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་གཟུགས་གང་རུང་དེ་བུམ་པ་དང་ཡིན་ཁྱབ་མཉམ་ཡིན་ན་ཀ་བ་དང་ཡིན་ཁྱབ་མཉམ་མ་ཡིན་པའི་མ་ཁྱབ་ཀྱི་སྐྱོན་དུ་གྱུར་པའི་ལྡོག་ཆོས་ཕུང་སུམ་ཙམ་པོ་བའི་རྫས་མཐུན་ཡིན་པའི་ཕྱིར།
བུམ་པའི་སྤྱིའི་བྱེ་བྲག་དང་ཀ་བའི་སྤྱིའི་བྱེ་བྲག་གཉིས་ལ་མུ་བཞི་ཡོད་པས་མུ་བཞི་བོ་རེ་རེ་ལ་རྫས་ལྡོག་བརྒྱད་ཡོད་དེ། བུམ་པའི་སྤྱིའི་བྱེ་བྲག་ཡིན་ལ་ཀ་བའི་སྤྱིའི་བྱེ་བྲག་མ་ཡིན་པའི་རྫས་ལྡོག་བརྒྱད་ཡོད་པ་གང་ཞིག ཀ་བའི་སྤྱིའི་བྱེ་བྲག་ཡིན་ལ་བུམ་པའི་སྤྱིའི་བྱེ་བྲག་མ་ཡིན་པའི་ཡང་རྫས་ལྡོག་བརྒྱད་ཡོད། གཉིས་ཀ་ཡིན་པའི་རྫས་ལྡོག་བརྒྱད་ཡང་ཡོད། གང་ཡང་མ་ཡིན་པའི་རྫས་ལྡོག་བརྒྱད་ཡང་ཡོད་པའི་ཕྱིར། རྟགས་དང་བོ་གྲུབ་སྟེ། བུམ་པ་དང་ལྡན་པའི་གཞིར་དངོས་པོ་དང་། བུམ་པ་དང་ལྡན་པའི་གཞིར་གཅིག་དང་། བུམ་པ་དང་ལྡན་པའི་གཞིར་གཅིག་ཏུ་གྱུར་པའི་བྱས་མི་རྟག་གཉིས་དང་། བུམ་པ་དང་ལྡན་པའི་གཞིར་གཅིག་ཏུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་དང་། བུམ་པ་དང་ལྡན་པའི་གཞིར་ལྡོག་ཆོས་དང་བུམ་པ་གང་རུང་དུ་གྱུར་པའི་དངོས་པོ་དང་། བུམ་པ་དང་ལྡན་པའི་གཞིར་རང་ཉིད་ལྡོག་ཆོས་མ་ཡིན་པ་དང་། བུམ་པ་དང་ལྡན་པའི་གཞིར་རང་མིན་ལྡོག་ཆོས་དང་བུམ་པ་གང་རུང་དང་། བུམ་པ་དང་ལྡན་པའི་གཞིར་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་བུམ་པ་གང་རུང་རྣམས་དེ་འདྲའི་རྫས་ལྡོག་བརྒྱད་ལ་རིམ་བཞིན་འཇོག་པའི་ཕྱིར། རྟགས་གཉིས་པ་གྲུབ་སྟེ། དང་བོ་དང་རིགས་པ་འདྲ་བས་ཤེས་པའི་ཕྱིར། རྟགས་གསུམ་པ་གྲུབ་སྟེ། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དུ་གྱུར་པའི་དངོས་པོ་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དུ་གྱུར་པའི་ཡོད་པ་དང་མཚོན་བྱ་གཉིས་ཀྱི་གཞི་མཐུན་དུ་གྱུར་པའི་ཤེས་བྱ་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དང་མཚོན་བྱ་གཉིས་ཀའི་གཞི་མཐུན་དུ་གྱུར་པའི་ཚད་མས་དམིགས་པ་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དང་གཅིག་གཉིས་ཀའི་གཞི་མཐུན་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དུ་གྱུར་པའི་རྫས་ཆོས་མ་ཡིན་པ་དང་གཟུགས་གང་རུང་དུ་གྱུར་པའི་དངོས་པོ་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དུ་གྱུར་པའི་རང་ཉིད་ལྡོག་ཆོས་མ་ཡིན་པ་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐལ་འགྱུར་དང་ཐ་དད་དུ་གྱུར་པའི་རང་མིན་ལྡོག་ཆོས་དང་གཟུགས་་གང་རུང་དང་། ཡོད་པར་ཐལ། ཡོད་པའི་ཕྱིར་ཞེས་པའི་ཐ་འགྱུར་དང་ཐ་དད་དུ་གྱུར་པའི་ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་གཅིག་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་དང་བརྒྱད་པོ་དེ་གཉིས་ཀ་ཡིན་པའི་རྫས་ལྡོག་བརྒྱད་ལ་རིམ་བཞིན་འཇོག་པའི་ཕྱིར། རྟགས་བཞི་བ་གྲུབ་སྟེ། དངོས་པོ་དང་། མཚོན་བྱ་དང་། གཟུགས་དང་དངོས་པོ་གཉིས་དང་། གཅིག་ཏུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་དང་། ལྡོག་ཆོས་སུ་གྱུར་པའི་དངོས་པོ་དང་གཟུགས་གང་རུང་དང་། རང་ཉིད་ལྡོག་ཆོས་མ་ཡིན་པ་དང་། རང་མིན་ལྡོག་ཆོས་དང་གཟུགས་གང་རུང་དང་། ལྡོག་ཆོས་ཕུང་སུམ་ཙམ་པོ་བ་དང་གཅིག་གང་རུང་དུ་གྱུར་པའི་ཤེས་བྱ་དང་ཡོད་པ་གཉིས་རྣམས་བུམ་པའི་སྤྱིའི་བྱེ་བྲག་དང་ཀ་བའི་སྤྱིའི་བྱེ་བྲག་གང་ཡང་མ་ཡིན་པའི་རྫས་ལྡོག་བརྒྱད་ལ་རིམ་བཞིན་འཇོག་པ་ཤེས་དགོས་པའི་ཕྱིར། འདིས་མཚོན་ཆ་བའི་ལུགས་ཀྱི་རྫས་ལྡོག་གི་རིགས་པའི་གསང་ཚིག་སྣ་ཚོགས་ལ་སྦྱངས་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་གྲོས་མཆོག་ཏུ་རྒྱས་པར་འགྱུར་རོ།།
གཞན་ཡང་ཁྱབ་པ་སྒོ་བརྒྱད་ཀྱི་མུ་བཞི་ལ་དཔྱད་ཚུལ་གྱི་རིགས་པའི་འགྲོ་ཕྱོགས་ཙམ་ཞིག་བསྟན་པར་བྱ་སྟེ། དེ་ཡང་རྗེས་ཁྱབ་དང་ལྡོག་ཁྱབ་ལ་སྦྱར་ནས་དཔྱད་ན། རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་ནས་བརྒྱད་ཙམ་ངེས་པའི་ཐལ་འགྱུར་བར་བརྒྱད་པོ་རེ་རེ་ལ་མུ་བཞི་ཡོད་མེད་དཔྱད་པ་ལ་འཇུག་པར་བྱ་སྟེ། ཡིན་པ་རྣམས་འཇོག་ཐུབ་ན་གཞན་རྣམས་སླ་བས་རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་ལྡོག་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ཀ་ཡིན་པ་ནི། བུམ་པ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་གཉིས་ཙམ་ངེས་པའི་ཐལ་འགྱུར་ནི། བུམ་པ་ཡིན་པར་ཐལ། གཟུགས་ཡིན་པ་གང་ཞིག གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་ནས་གསུམ་ཙམ་ངེས་པ་ནི། བུམ་པ་མ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་བཞི་ཙམ་ངེས་པ་ནི། བུམ་པ་མ་ཡིན་པར་ཐལ། གཟུགས་ཡིན་པ་གང་ཞིག གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་ལྔ་ཙམ་ངེས་པ་ནི་རྣམ་མཁྱེན་ཆོས་ཅན། ཡོད་པ་གང་ཞིག རྣམ་མཁྱེན་ཆོས་ཅན། རྟག་པ་མ་ཡིན་པར་ཐལ། ཡོད་པ་གང་ཞིག ཡོད་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་དྲུག་ཙམ་ངེས་པ་ནི། བུམ་པ་ཆོས་ཅན། སྒྲ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་བདུན་ཙམ་ངེས་པ་ནི། བུམ་པ་ཆོས་ཅན། སྒྲ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། གཟུགས་ཡིན་པ་གང་ཞིག གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ། བུམ་པ་ཆོས་ཅན། ཀྭ་བུམ་གཉིས་ཡིན་ན་སྒྲ་ཆོས་ཅན། བུམ་པ་མ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ནི་སྔ་མའི་ནང་གི་གཅིག་ཙམ་དང་ཕྱི་མའི་ནང་གི་བརྒྱད་ཙམ་ཡིན་མིན་ལ་རིགས་པའི་འཁྲི་ཚུལ་ཡོད་པས་དཔྱད་ལ། དེ་བཞིན་དུ་ཐུར་ཁྱབ་དང་རྗེས་ཁྱབ་ལྡོག་ཁྱབ་དང་འགལ་ཁྱབ་སོགས་ལ་སྦྱར་ནས་དཔྱད་པར་བྱའོ།།
ཁྱབ་སྒོ་གང་གི་ནང་ནས་ཅི་ཙམ་ངེས་པའི་ཐལ་འགྱུར་ཡོད་ན། དེ་ཙམ་ངེས་པའི་སྦུབས་འཚང་གི་ཐལ་འགྱུར་གཉིས་ཀ་ཡོད་པས་ཁྱབ་པས་དེ་ལ་ཡང་རིགས་པ་སྦྱོར་ཚུལ་འདི་ཤེས་དགོས་ཏེ། དཔེར་ན། བུམ་པ་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་ལ་ཆོས་ཅན་སྦུབས་འཚང་གི་རིགས་པ་སྦྱར་བ་ནི། ཁྱོད་ཆོས་ཅན། བུམ་པ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་དང་། དེ་གསལ་བ་སྦུབས་འཚང་ལ་སྦྱར་བ་ནི། ཤེས་བྱ་ཆོས་ཅན།བུམ་པ་ཡིན་པར་ཐལ། ཁྱོད་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུ་དང་། དེ་སྦུབས་འཚང་གཉིས་ཀ་ལ་སྦྱར་བ་ནི། ཁྱོད་ཆོས་ཅན། བུམ་པ་ཡིན་པར་ཐལ། བུམ་པ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པར་ཐལ། ཁྱོད་ཆོས་ཅན། གཟུགས་ཡིན་པར་ཐལ། གཟུགས་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་གྱི་རྟགས་གྲུབ་པའི་ཕྱིར་ཞེས་པའི་ཐལ་འགྱུར་ལྟ་བུའོ།།འདི་ཐམས་ཅད་ལ་སྦྱར་ཤེས་པར་བྱའོ། ། བུམ་པ་ཆོས་ཅན། སྒྲ་ཆོས་ཅན། རྟག་པ་ཡིན་པར་ཐལ། མཚོན་བྱ་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཁྱབ་པ་སྒོ་བརྒྱད་གང་རུང་ངེས་པའི་ཐལ་འགྱུར་ཡིན་ལ་རྗེས་ཁྱབ་འགལ་ཁྱབ་གཉིས་དང་དེ་ཕྱིན་ཅི་ལོག་གཉིས་དང་བཞིའི་སྒོ་བརྒྱད་རེ་རེའི་ནང་ནས་གང་ཡང་མ་ངེས་པའི་ཐལ་འགྱུར་ཡིན་པ་ཡང་ཤེས་དགོས་སོ། ། ཁྱབ་སྒོ་རེ་བཞིའི་ནང་ནས་གཅིག་ཙམ་ངེས་པ་ནས་རེ་བཞི་ངེས་པའི་བར་ཡོད་པར་གྲགས་ཀྱང་ཡོངས་གྲགས་ཀྱི་ཁྱབ་པ་སྒོ་བརྒྱད་ཀློང་ཚུལ་ལྟར་ན་རྗེས་ཁྱབ་འགལ་ཁྱབ་གཉིས་དང་དེ་གཉིས་ཀྱི་ཕྱིན་ཅི་ལོག་གཉིས་དེ་བཞི་བོའི་ནང་ནས་གང་རུང་གཅིག་ངེས་ན་མ་མཐའ་བཞི་ངེས་པས་ཁྱབ་ལ། གཞན་བཞི་ལ་ཡང་དེ་ལྟར་ཡིན་པས་རེ་བཞི་ལས་གཅིག་ཙམ་ངེས་པ་འཇོག་མི་ཐུབ་པར་མ་ཟད་རེ་བཞི་ལས་ཡ་ཙམ་ངེས་པ་གཅིག་ཀྱང་མ་སྙེད་ལ་ཉུང་མཐའ་ཡང་བཞི་ཙམ་ངེས་པ་ལས་མ་སྙེད་པས་རྣམ་དཔྱོད་དང་ལྡན་པ་རྣམས་ཀྱི་དཔྱད་པར་བྱའོ། ། ཕྱ་ལེ་བ་ཡིན་པར་ཐལ། ངོས་མཉམ་པའི་དབྱིབས་དང་གཟུགས་གང་རུང་གང་ཞིག བུམ་པ་ཆོས་ཅན། གཅིག་ཡིན་པའི་ཕྱིར་ཞེས་པའི་ཐལ་འགྱུར་འདི་ཁྱབ་སྒོ་རེ་བཞིའི་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་ཡིན་པར་སྒྲུབ་པའི་རིགས་པའི་རྣམ་འགྱུར་ཙམ་ཡོད་ཀྱང་བཞི་ཅམ་ངེས་པའི་ཐལ་འགྱུར་ཡིན་པར་ཤེས་དགོས་སོ། ། དེས་ན་ཁྱབ་སྒོ་རེ་བཞི་ལས་བཞི་ཙམ་ངེས་པ། བརྒྱད་ཙམ། བཅུ་གཉིས་ཙམ། བཅུ་དྲུག་ཙམ། ཉི་ཤུ་ཙམ། ཉེར་བཞི། ཉེར་བརྒྱད། སོ་གཉིས། སོ་དྲུག བཞི་བཅུ། ཞེ་བཞི། ཞེ་བརྒྱད། ང་གཉིས། ང་དྲུག དྲུག་ཅུ། རེ་བཞི་ཙམ་ངེས་པའི་བར་བཅུ་དྲུག་ཡོད་ལ་གཞན་འཇོག་དཀའ་སྟེ། རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་དང་འགལ་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་གཅིག་ཙམ་ངེས་པའི་ཐལ་འགྱུར་གཉིས་ལ་མུ་བཞི་འཇོག་དཀའ་བ་ནས་བརྒྱད་ཙམ་གཉིས་ཀྱི་བར་ལ་མུ་བཞི་འཇོག་དཀའ་བའི་ཕྱིར་དང་། ཐུར་ཁྱབ་ཁྱབ་པ་སྒོ་བརྒྱད་དང་རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་གཉིས་པོ་གང་རུང་ནས་གཅིག་ཙམ་ངེས་ན་རེ་བཞི་ནས་བཞི་ངེས་པའི་ཁྱབ་ལ། གཉིས་ཙམ་ངེས་ན་བརྒྱད་དང་། གསུམ་ཙམ་ངེས་ན་བཅུ་གཉིས་དང་། བཞི་ཙམ་ངེས་ན་བཅུ་དྲུག་དང་། ལྔ་ཙམ་ངེས་ན་ཉི་ཤུ་ངེས་པའི་ཁྱབ་པའི་ཕྱིར། རྗེས་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་བདུན་ཙམ་དང་འགལ་ཁྱབ་ཁྱབ་པ་སྒོ་བརྒྱད་ནང་ནས་བརྒྱད་ཙམ་ངེས་པ་གཉིས་ཀྱི་ཡིན་པའང་འཇོག་དཀའ་ལ། ལྡོག་ཐུར་གཉིས་ཀྱི་ནང་ནས་ཀྱང་དེ་ལྟར་དཀའ་བའི་ཕྱིར། རྗེ་བཙུན་བླ་མའི་གསུང་གི་འོད། ། རིགས་སྨྲ་གྲོགས་ཀྱི་རིགས་པའི་འོད། ། བསྡུས་སྦྱོར་ཉི་མའི་འོད་ཟེར་འདི། ། བློ་གྲོས་པདྨོ་རྒྱས་བྱེད་ཡིན། ། ཞེས་ཆ་བའི་ལུགས་ཀྱི་རྫས་ལྡོག་དང་ཁྱབ་པ་སྒོ་བརྒྱད་ཀྱི་མུ་བཞི་རྩི་ཚུལ་རིགས་པའི་གནད་བསྡུས་པ་འདི་ནི་རང་གི་མི་བརྗེད་པའི་ཆེད་དང་བསྡུས་གཞུང་ལ་གསར་དུ་སློབ་པ་འགའ་ལའང་ཅུང་ཟད་ཕན་དུ་རེ་ནས་འབྲས་སྤུངས་སྒོ་མང་བྱ་བྲལ་འཇིགས་མེད་རྒྱ་མཚོས་སྦྱར་བའོ། ། ། །