ཤིན་ཧྭ་གསར་འགྱུར་ཁང་ཁྲེང་ཏུའུ་ནས་ཟླ་6ཚེས་9ཉིན་གློག་འཕྲིན་འབྱོར་པ་གཞིར་བཟུང་། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་སི་ཁྲོན་དུ་རྟོག་ཞིབ་གནང་སྐབས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐའ་གཅིག་ཏུ་བསྟར་ནས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་བ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། ཡང་དག་པ། ཁྱོན་ཡོངས་བཅས་ཀྱི་སྒོ་ནས་དོན་འཁྱོལ། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་རང་འགུལ་ངང་ཞབས་འདེགས་ཞུ་བ་དང་མཉམ་འདྲེས་བྱེད་པ། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྤྱི་འདོམས་བྱེད་པ། དཔལ་འབྱོར་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུ་རྒྱུན་འཁྱོངས། སྤྱི་ཚོགས་ཁྱོན་ཡོངས་ཀྱི་བརྟན་ལྷིང་རྒྱུན་འཁྱོངས། སི་ཁྲོན་བཅོས་སྐྱོང་དང་དར་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པའི་ཐོག་སི་ཁྲོན་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཧུར་ཐག་བཏོད་དེ་བྱ་སྤྱོད་ངོ་མའི་ཐོག་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་རྒྱུར་བསུ་བ་ཞུ་དགོས།
ཟླ་6ཚེས་8ཉིན། ཞི་ཅིན་ཕིང་གིས་སི་ཁྲོན་ཞིང་ཨུད་ཀྱི་ཧྲུའུ་ཅི་ཝང་ཞའོ་ཧུའེ་དང་ཧྲེང་ཀྲང་ཧོང་ཆང་གི་ཕེབས་རོགས་འོག་སྔ་རྗེས་སུ་མེ་ཧྲན་དང་དབྱི་པིན་སོགས་སུ་ཕེབས་ཏེ་གྲོང་གསེབ་དང་། རིག་དངོས་སྲུང་སྐྱོབ་ཚན་པ། སློབ་གྲྭ ཁེ་ལས་སོགས་སུ་བརྟག་ཞིབ་གནང་བ་རེད།
ཟླ་6ཚེས་1ཉིན། སི་ཁྲོན་གཡག་རྔར་ས་ཡོམ་རིམ་པ་6.1བརྒྱབ་པ་དང་ཞི་ཅིན་ཕིང་གིས་འཕྲལ་དུ་མཛུབ་སྟོན་གལ་ཆེན་གནང་ནས། སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་ལ་ནུས་ཤུགས་ཡོད་རྒུས་མྱུར་སྐྱོབ་གེགས་སེལ་ཡག་པོ་བྱས་ཏེ་རྐྱེན་ལམ་དུ་ཤོར་བའི་མི་སྣའི་ནང་མིར་སེམས་གསོ་གཏོང་བ་དང་། རྨས་སྐྱོན་ཕོག་པའི་མང་ཚོགས་དུས་ཐོག་ཏུ་སྐྱོབ་བཅོས་བྱེད་པ། གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཚོ་བ་བཀོད་སྒྲིག་ཡག་པོ་བྱེད་པ། ཞོར་ཐོན་གནོད་འཚེ་སྔོན་འགོག་བྱ་རྒྱུར་དོ་སྣང་བྱེད་པ། གེགས་རྗེས་བསྐྱར་སྐྲུན་ལ་དམ་འཛིན་བཅས་བྱས་ནས་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་འཕྲལ་དུ་རྒྱལ་ཁབ་ཀྱི་ས་ཡོམ་གྱི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་ཞུས་པ་དང་སི་ཁྲོན་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གིས་འཕྲལ་དུ་ཡོམ་འགོག་གེགས་སེལ་ལས་དོན་སྤེལ་ཏེ་ཚེ་སྲོག་གི་བགྲོད་ལམ་མྱུར་བཟོ་བྱས་པ་དང་། ནུས་ཤུགས་ཡོད་རྒུས་རྨས་མ་སྐྱོབ་བཅོས་ལས་དོན་ཡག་པོ་བསྒྲུབས་པ། གནོད་འཚེ་ཕོག་པའི་མང་ཚོགས་དུས་ཐོག་ཏུ་གནས་སྤོ་དང་བཀོད་སྒྲིག་བྱས་པ་རེད། མིག་སྔར་གེགས་ཁུལ་གྱི་མང་ཚོགས་མང་ཆེ་བ་རང་ཁྱིམ་དུ་ལོག་པ་དང་སི་ཁྲོན་གྱིས་ཞིང་ཆེན་རིམ་པའི་ས་ཡོམ་གྱི་རིམ་པ་གསུམ་པའི་འཕྲལ་སྡོམ་དང་ལེན་བྱེད་མཚམས་བཞག་ནས་སླར་གསོ་བསྐྱར་སྐྲུན་གྱི་དུས་མཚམས་སུ་བསྒྱུར་ཡོད་པ་རེད།
ཚེས་8ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་མེ་ཧྲན་གྲོང་ཁྱེར་ཏུང་ཕོ་ཆུས་ཐའེ་ཧོ་གྲོང་རྡལ་ཡུང་ཧྥེང་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། ཡུང་ཧྥེང་གྲོང་ཚོས་ཆུ་འབྲས་ཐོན་ལས་དང་ལག་རྩལ་གྱི་ལེགས་ཆར་བརྟེན་ནས་ཞིང་ཆེན་དེ་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཆུ་འབྲས་ཀྱི་སྣ་ཁ་གསར་པ་དང་ལག་རྩལ་གསར་པའི་ཚོད་ལྟའི་རྟེན་གཞི་བསྐྲུན་པ་རེད།
ཞི་ཅིན་ཕིང་གིས་ཚོད་ལྟའི་ཞིང་ཁར་ཕེབས་ནས་ཆུ་འབྲས་སྐྱེ་ཚུལ་ལ་གཟིགས་པ་རེད། ཞིང་ལས་ལག་རྩལ་མི་སྣས་སྤྱི་ཁྱབ་ཧྲུའུ་ཅིར་ཆུ་འབྲས་ཚོད་འདེབས་དང་འདེབས་འཛུགས་ཁྱབ་གདལ་གཏོང་ཚུལ་ངོ་སྤྲོད་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཆུ་འབྲས་སོན་བཟང་འདེབས་གསོ་བྱེད་ཡུན་རིང་བས་ཚོད་ལྟ་འདེམས་སྒྲུག་ཡང་ཡང་བྱེད་དགོས་ཀྱི་ཡོད། རང་རྒྱལ་གྱི་རྒྱ་ཆེའི་ཞིང་ལས་ཚན་རྩལ་ལས་དོན་པས་དཀའ་སྤྱད་འབད་བརྩོན་བྱས་ནས་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་འགན་ལེན་དང་མི་སེར་ལ་ཟས་གོས་འཛོམས་པའི་འགན་ལེན་བྱ་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་ལ་བྱས་རྗེས་ཆེན་པོ་བཞག་ཡོད། ཞིང་ལས་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཞིང་ལས་ཀྱི་རིགས་གཅིག་མཁས་ཅན་ལ་བརྟེན་དགོས་ལ་རྒྱ་ཆེའི་ཞིང་པར་ཡང་བརྟེན་དགོས། དེང་རབས་ཞིང་ལས་ཚན་རྩལ་ཁྱབ་གདལ་བེད་སྤྱོད་དང་ལག་རྩལ་གསོ་སྦྱོང་ལ་ཤུགས་སྣོན་བརྒྱབ་ནས་འབྲུ་འདེབས་དུད་ཆེན་སྒྲིག་འཛུགས་བྱས་ཏེ་ལྗང་མདོག་ཞིང་ལས་དང་། སྐྱེ་ཁམས་ཞིང་ལས། ནུས་ཆེའི་ཞིང་ལས་བཅས་འཕེལ་རྒྱས་ཧུར་ཐག་གཏོང་དགོས། ང་ཚོར་ཀྲུང་གོ་བའི་ལྟོ་ཕོར་རང་ཉིད་ཀྱི་ལག་ཏུ་དམ་པོར་བཟུང་ཐུབ་པའི་ཡིད་ཆེས་དང་གདེང་ཚོད་ཡོད།
གྲོང་ཚོ་ནས་ཞལ་གྱེས་སྐབས་སྤྱི་ཁྱབ་ཧྲུའུ་ཅིས་གྲོང་མི་ཚོ་དང་བྱམས་བརྩེའི་ངང་ཞལ་གྱེས་ཞུས་པ་རེད། ཞི་ཅིན་ཕིང་གིས་གྲོང་མི་ཚོར། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་སྐྱོང་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་ལ་གོམ་སྟབས་རེ་རེ་བཞིན་སྐུལ་འདེད་བཏང་སྟེ་སེམས་ནུས་ཡོད་རྒུས་མི་སེར་གྱི་བྱ་བ་རེ་རེ་བཞིན་ཡག་པོ་བསྒྲུབས་ནས་མི་སེར་གྱིས་དེ་བས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱ་རྒྱུ་དེ་རེད་ཅེས་གསུངས་པ་རེད།
མེ་ཧྲན་གྲོང་ཁྱེར་གྱི་ལྟེ་བའི་གྲོང་ཁུལ་དུ་སུང་རྒྱལ་རབས་བྱང་མའི་གྲགས་ཅན་རྩོམ་རིག་མཁས་ཅན་སུའུ་ཞུན་དང་། སུའུ་ཧྲེ། སུའུ་ཁྲེ་བཅས་ཕ་བུ་གསུམ་གྱི་བཞུགས་གནས་རྙིང་པ་སན་སུའུ་མཆོད་ཁང་ཡོད། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཕ་བུ་གསུམ་གྱི་སྐུ་ཚེ་ཧྲིལ་པོ་དང་། རྩོམ་རིག་གི་གྲུབ་འབྲས་གཙོ་བོ། ཁྱིམ་གྱི་བསླབ་བྱ་དང་ཁྱིམ་སྲོལ་བཅས་དང་དེ་བཞིན་སན་སུའུ་མཆོད་ཁང་གི་ལོ་རྒྱུས་འཕེལ་རིམ་དང་ཏུང་ཕོའི་རིག་གནས་ཞིབ་འཇུག་དང་རྒྱུན་འཛིན་སོགས་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་གསུངས་དོན། ཀྲུང་ཧྭ་མི་རིགས་ལ་ལོ་ངོ་ལྔ་སྟོང་ལྷག་ཙམ་གྱི་ཤེས་དཔལ་ལོ་རྒྱུས་ལྡན་ཡོད་ཅིང་། ང་ཚོས་ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ལ་དད་གུས་ཞུས་ནས་རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་དགོས། ཀྲུང་ཧྭའི་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་ཁྲོད་ནས་རྒྱལ་སྲིད་སྐྱོང་བའི་འདུ་ཤེས་དང་བསམ་བློ་བསྡུ་ལེན་བྱེད་མཁས་པོ་དང་འཛམ་གླིང་གི་ཕུལ་བྱུང་ཤེས་དཔལ་གྱི་གྲུབ་འབྲས་མཐའ་དག་དཔྱད་གཞིར་རྒྱ་ཁྱབ་འཛིན་དགོས་པ་ལས་སྒོ་སྡོམ་མཁྲེགས་བཟུང་བྱེད་མི་རུང་ལ་ཕྱི་རྒྱལ་གྱི་རིག་གནས་མཐའ་དག་ཚད་གཞིར་དེ་བས་ཀྱང་འཛིན་མི་རུང་བར་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་དགོས། ཁྱིམ་སྲོལ་དང་ཁྱིམ་ཚང་སློབ་གསོ་ནི་ཁྱིམ་ཚང་གི་རྒྱུ་ནོར་རྩ་ཆེ་ཤོས་རེད་ལ་བུ་རབས་ཚ་རྒྱུད་ལ་བཞག་པའི་ཤུལ་བཞག་ཡག་ཤོས་ཤིག་ཀྱང་རེད། སྤྱི་ཚོགས་ཡོངས་ཀྱིས་ཁྱིམ་ཚང་སློབ་གསོ་དང་ཁྱིམ་སྲོལ་འཛུགས་སྐྱོང་ལ་སྣང་ཆེན་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་བུ་རབས་ཚ་རྒྱུད་ལ་ཁྱིམ་ཞེན་རྒྱལ་གཅེས་ཀྱི་སྐུལ་ལྕག་བྱས་ཏེ་འབད་བརྩོན་ཆེན་པོས་རྒྱལ་ཁབ་དང་སྤྱི་ཚོགས་ལ་མཁོ་བའི་ཤེས་ལྡན་པ་ཞིག་ཏུ་འགྱུར་བ་བྱེད་དགོས། ཏང་ཡོན་དང་ལས་བྱེད་པ་དང་ལྷག་པར་དུ་འགོ་ཁྲིད་ལས་བྱེད་པས་མི་ཆོས་གཙང་མ་དང་། བརྩོན་བསྲིས་ཁྱིམ་སྐྱོང་། གཞུང་དྲང་ལས་སྒྲུབ། སྲིད་གཙང་འཛུགས་སྐྱོང་བཅས་བྱས་ཏེ་རང་ཉིད་དང་ནང་མིར་དོ་དམ་ཡག་པོ་བྱས་ནས་དུས་རབས་གསར་པའི་གུང་ཁྲན་ཏང་མིའི་ཁྱིམ་སྲོལ་བཟང་པོ་སྐྱེད་སྲིང་བྱེད་དགོས།
འདི་ལོ་རང་རྒྱལ་གྱི་མཐོ་སློབ་སློབ་ཐོན་སློབ་མ་སྔོན་དཔག་བྱས་ན་ཁྲི་1076ཟིན་པ་དེ་དུས་མཚུངས་ལས་མི་ཁྲི་167མང་དུ་ཕྱིན་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། ཞི་ཅིན་ཕིང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་གནས་ཚུལ་ལ་ཐུགས་ཁུར་ཆེན་པོ་གནང་ཞིང་། དབྱི་པིན་སློབ་གླིང་དུ་རྟོག་ཞིབ་གནང་བར་ཕེབས་ཏེ་སློབ་ཐོན་སློབ་མའི་གསར་གཏོད་ལས་གཏོད་ཀྱི་ཚབ་མཚོན་བརྩམས་ཆོས་འགྲེམས་སྟོན་ལ་གཟིགས་པ་དང་སློབ་གྲྭས་ལས་ཞུགས་ལས་གཏོད་ཀྱི་མཛུབ་ཁྲིད་དང་ཞབས་ཞུའི་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་གནང་བ་རེད། སློབ་གྲྭའི་ལས་མི་བསྡུ་བའི་ཚོམས་ཆེན་ནང་ཁེ་ལས་ཀྱི་ལས་མི་བསྡུ་བའི་སྒྲོག་འགྲེལ་འདུ་ཚོགས་འཚོགས་བཞིན་ཡོད། ཞི་ཅིན་ཕིང་གིས་དགེ་རྒན་དང་། སློབ་མ། ཁེ་ལས་བཅས་ཀྱི་འགན་འཁུར་བའི་ས་ནས་ཁེ་ལས་ཀྱི་ལས་མི་བསྡུ་བའི་དགོས་མཁོ་དང་སློབ་ཐོན་སློབ་མའི་གན་རྒྱ་འཇོག་ཚད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་ཀྲུང་དབྱང་གིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་ལག་ལེན་བསྟར་ཡོད། མིག་སྔ་ནི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་ཞུགས་པའི་འགག་རྩའི་དུས་མཚམས་རེད། དེར་བརྟེན་ལས་གནས་ཐོན་ཁུངས་སྔར་བས་སྔོག་འདོན་བྱས་ནས་ལས་ཞུགས་མཛུབ་ཁྲིད་ཀྱི་ཞབས་ཞུ་ཏན་ཏིག་དང་ཞིབ་ཕྲ་སྒྲུབ་དགོས་ཤིང་། སློབ་གྲྭ་དང་། ཁེ་ལས། འབྲེལ་ཡོད་སྡེ་ཚན་བཅས་ཀྱིས་སློབ་མའི་ལས་ཞུགས་གན་འཇོག་དོན་འཁྱོལ་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་དགོས་པ་དང་ལྷག་དོན་དུ་དབུལ་སྒྲོལ་ཁྱིམ་ཚང་དང་། མ་མཐའི་འཚོ་བའི་འགན་ལེན་དུད་ཚང་། ལས་ཞུགས་མེད་པའི་ཁྱིམ་ཚང་བཅས་དང་དེ་བཞིན་དབང་པོ་སྐྱོན་ཅན་དང་དུས་ཡུན་ཅུང་རིང་ཙམ་ལས་ཞུགས་ཐུབ་མེད་པའི་མཐོ་སློབ་སློབ་ཐོན་སློབ་མ་བཅས་གཙོ་གནད་རོགས་སྐྱོར་བྱ་ཡུལ་ལ་བརྩི་དགོས།
དེ་རྗེས་ཞི་ཅིན་ཕིང་གིས་ཅི་སྨི་འོད་གློག་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་རེད། ཐོན་སྐྱེད་འཁོར་ཁང་ཕྱི་རོལ་གྱི་ཐང་ཆེན་དུ་ཞི་ཅིན་ཕིང་གིས་ཁེ་ལས་ཀྱི་ལས་བཟོ་ཚོ་དང་བྱམས་བརྩེའི་བཀའ་མོལ་གནང་ཞིང་། ཁོང་གིས་ནན་བཤད་གནང་དོན། རང་རྒྱལ་ནི་བཟོ་སྐྲུན་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པས་རང་བརྟེན་གསར་གཏོད་བྱེད་ནུས་ཆེ་རུ་ཧུར་ཐག་བཏང་ནས་བཟོ་སྐྲུན་རྒྱལ་ཁབ་སྟོབས་ཆེན་ཞིག་ཏུ་སྒྱུར་མགྱོགས་སུ་གཏོང་དགོས། ཀྲུང་གོ་སྟོབས་ཆེར་གཏོང་དགོས་ན་ཁྱབ་ཁོངས་ཁག་དང་ཕྱོགས་ཁག་ཚང་མ་སྟོབས་ཆེར་གཏོང་དགོས། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པར་མདུན་ལམ་ནི་འོད་ཟེར་ལྡན་པ་དང་། བགྲོད་ལམ་ནི་ཀྱག་ཀྱོག་ཡིན་པ་མ་ཟད། ད་དུང་དཀའ་གནད་དང་ཉེན་ཁ་མང་པོ་ཐོན་སྲིད་པས། ཉེན་ཁ་དང་འགྲན་སློང་སྣ་ཚོགས་བསུ་ཕོད་པ་བྱེད་དགོས། གནམ་ནས་ཤ་བག་ལེབ་ལྷུང་མི་སྲིད་པས། གྲུབ་འབྲས་མཐའ་དག་ང་ཚོས་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ལེན་དགོས། ཚང་མ་ནི“བརྒྱད་ཅུའི་ནང་སྐྱེས”དང“དགུ་བཅུའི་ནང་སྐྱེས”ཡིན་ལ་དུས་སྐབས་བཟང་པོར་ཁེལ་བ་ཡིན་པས། བྱ་གཞག་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་དགོས་པའི་ཁར་འབད་བརྩོན་ལྷུར་ལེན་བྱས་ནས་དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་བསྐྲུན་ཐུབ་པའི་དུས་སུ་ཚང་མས“སྟོབས་ཆེའི་རྒྱལ་ཁབ་ཀྱི་ཕུགས་འདུན་གྲུབ་པ་དང་བྱས་རྗེས་འཇོག་པར་ང་ཡིས་འབད”པར་སྤོབས་པ་སྐྱེ་ངེས་རེད།
རྟོག་ཞིབ་བྱེད་པའི་ལམ་བར་དུ། ཞི་ཅིན་ཕིང་གིས་གསུངས་དོན། མིག་སྔར་ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ཏེ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་དང་། སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་སྒོ་ཀུན་ནས་ཡག་པོ་སྒྲུབ་པ། བརྟན་ལ་སྐྱོན་བྲལ་གྱི་དཔལ་འབྱོར་ཁོར་ཡུག་དང་། རྒྱལ་བདེ་དམངས་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག སྤྱོད་གཙང་གཞུང་དྲང་གི་ཆབ་སྲིད་ཁོར་ཡུག་བཅས་རྒྱུན་འཁྱོངས་ཧུར་ཐག་བྱས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་འཚོག་པར་ཁོར་ཡུག་བཟང་པོ་ཞིག་གཏོད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལས་དོན་ལ་སྤྱི་འདོམས་ཡག་པོ་བྱས་ཏེ། མིག་སྔའི་དཔལ་འབྱོར་འཕེལ་རྒྱས་ལ་འཕྲད་པའི་དཀའ་ངལ་ཁག་གཅིག་ཁྱད་བསད་མཐའ་གཅིག་ཏུ་བྱས་ནས་ལས་ཞུགས་དང་། སྤྱི་ཚོགས་འགན་སྲུང་། མང་ཚོགས་དབུལ་པོར་རོགས་སྐྱོར་སོགས་ཐད་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་གི་ལས་དོན་ཁག་ཡག་པོ་སྒྲུབ་པ། མི་སེམས་བརྟན་པོ་དང་། སྤྱི་ཚོགས་ཁྱོན་ཡོངས་བརྟན་ལྷིང་རྒྱུན་འཁྱོངས་ཡོང་བ་བཅས་བྱེད་དགོས། མཐའ་འཁྱོངས་བྱེད་པ་ནི་རྒྱལ་ཁ་ཡིན། གཡོ་འགུལ་སྤུ་ཙམ་མེད་པར“སྐབས་བསྟུན་གཙང་སེལ”གྱི་སྤྱིའི་བྱེད་ཕྱོགས་མཐའ་འཁྱོངས་བྱས་ཏེ་ཡིད་ཆེས་བརྟན་པོ་དང་། འགལ་རྐྱེན་སེལ་བ། བག་གཡེང་གི་བསམ་བློ་ཁྱད་བསད། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གཙོ་གནད་ལས་དོན་དམ་འཛིན་ཏན་ཏིག་བཅས་བྱས་ཏེ། ལས་སླ་པོར་ཐོབ་པ་ཞིག་མིན་པའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་དགོས།
ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཉེ་དུས་རང་རྒྱལ་གྱི་ས་ཆ་ཁག་གཅིག་ཏུ་ཆུ་ལོག་གི་ས་གཤིས་གནོད་འཚེ་ཐོན་ཡོད། འབྲེལ་ཡོད་ཀྱི་ས་ཁུལ་དང་སྡེ་ཚན་ཁག་གིས་ཆུ་ལོག་ཆེན་པོ་སྔོན་འགོག་དང་། ཉེན་ཁ་ཆེན་པོ་འགོག་པ། གནོད་འཚེ་ཆེན་པོ་སེལ་བ་བཅས་ལ་གཞི་བཙུགས་ཏེ་འཕྲལ་སྡོམ་གྲ་སྒྲིག་སྣ་ཚོགས་སྔ་སྣུར་དུ་ཡག་པོ་བྱེད་པ་དང་ཕྱོགས་ཡོངས་ནས་གནོད་འཚེ་སྔོན་འགོག་གི་ནུས་པ་ཆེ་རུ་བཏང་སྟེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་ཏན་ཏིག་བྱེད་དགོས། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། གནོད་འཚེའི་མི་མངོན་པའི་རྐྱེན་ངན་ལ་སྐོར་ཞིབ་དང་ཉེན་ཁ་སེལ་རྒྱུར་ཤུགས་སྣོན་རྒྱག་པ། རྨང་གཞིའི་སྒྲིག་བཀོད་གལ་ཆེན་གྱི་བདེ་འཇགས་འགོག་སྲུང་ལ་ཤུགས་སྣོན་རྒྱག་པ། ཆར་པ་འབབ་པ་དང་། རླུང་འཚུབ་དྲག་པོ། ཆུ་ལོག འདམ་རྡོའི་ཆུ་རུད་སོགས་ཀྱི་ཉེན་ཟོན་སྔོན་བརྡ་གཏོང་ཚད་མཐོ་རུ་གཏོང་བ། འགྲུལ་ལམ་གཤོང་ཤུགས་ཆེ་རུ་གཏོང་བ། འབྲུབ་འགོག་གེགས་སེལ་གྱི་བྱ་ཐབས་ཁག་ལ་དམ་འཛིན་ཞིབ་ཚགས་བཅས་བྱེད་དགོས། གནོད་འཚེ་ཐོན་རྗེས་འཕྲལ་དུ་སྟོབས་ཤུགས་སྒྲིག་འཛུགས་ཀྱིས། ཉེན་སེལ་རྒུད་སྐྱོབ་བྱས་ཏེ་ཞོར་ཐོན་གནོད་འཚེ་ནན་འགོག་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་དང་རྒྱུ་ནོར་གྱི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱེད་དགོས། ཉེན་སེལ་རྒུད་སྐྱོབ་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་ཆབས་ཅིག ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་བྱེད་པ་དང་། གནོད་འཚེ་ཕོག་པའི་མང་ཚོགས་ལ་རོགས་སྐྱོབ་དང་འཕྲོད་བསྟེན་རིམས་འགོག་གི་ལས་དོན་ཏན་ཏིག་བསྒྲུབས་ཏེ། གནོད་འཚེའི་རྐྱེན་གྱིས་དབུལ་པོ་བསྐྱར་ལོག་དང“གནོད་འཚེ་ཚབས་ཆེན་ཐོན་རྗེས་རིམས་ནད་ཆེན་པོ་མ་ཐོན”སྔོན་འགོག་བྱེད་དགོས།
ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཁྲེན་ཤིས། ཧོ་ལི་ཧྥེང་བཅས་དང་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་རྟོག་ཞིབ་གནང་སྐབས་ལྷན་དུ་ཕེབས་པ་རེད།
ཚེས་9ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་གིས་ཁྲེང་ཏུའུ་རུ་ཁྲེང་ཏུར་བཅའ་སྡོད་དཔུང་སྡེའི་ཏ་ཞའོ་དམག་དཔོན་ཡན་གྱི་འགོ་ཁྲིད་ལས་བྱེད་པ་དང་སྒྲིག་ཚུད་ཐོན་ཤོག་གི་འགོ་ཁྲིད་གཙོ་བོར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་ཨུད་ཀྱི་ཚབ་ཞུས་ཏེ་ཁྲེང་ཏུར་བཅའ་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུས་གནང་བ་དང་འབྲེལ་ཚང་མ་དང་ལྷན་དུ་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད། ཞུས་ཆི་ལེང་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་པ་རེད།