ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་བ།

རྩོམ་སྒྲིག་པ།ཚེ་དཔལ། ཡོང་ཁུངས།ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། སྤེལ་དུས། 06-13


        འདི་ག་ལས་ཁུངས་ནས་སྤེལ་བའི་གནས་ཚུལ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་སྤྱི་ཚེས་8ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཕར་སྣོན་བརྟན་པོ་དང་ཁྲོམ་རའི་གཙོ་གཟུགས་བརྟན་པོ། ལས་ཞུགས་འགན་ལེན་བཅས་ཀྱི་ཆེད་དོན་ལྟ་ཞིབ་བྱས་ཚུལ་གྱི་སྙན་སེང་གསན་ནས། འགག་གནད་ཤར་བགྲོད་དང་ལེ་ལག་འཐུས་ཚང་དུ་བཏང་ནས་སྲིད་ཇུས་ཀྱི་ཕན་འབྲས་འདོན་སྤེལ་གང་ལེགས་བྱེད་དགོས་པའི་བླང་བྱ་བཏོན་པ་དང་། ཕྱི་ཕྱོགས་ཉོ་ཚོང་སྔར་བས་བརྟན་དུ་གཏོང་བའི་བྱ་ཐབས་བཀོད་སྒྲིག་བྱས་ནས་ཕྱི་ཕྱོགས་སྒོ་དབྱེའི་ཆུ་ཚད་མཐོ་རུ་གཏོང་དགོས་ཞེས་བསྟན་ཡོད།

        གྲོས་ཚོགས་ཐོག་ཉེ་དུས་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་བཏང་སྟེ་ཞིང་ཆེན་12ཀྱི་འཕར་སྣོན་བརྟན་པོ་དང་ཁྲོམ་རའི་གཙོ་གཟུགས་བརྟན་པོ། ལས་ཞུགས་འགན་ལེན་བཅས་ཀྱི་ཐད་ཆེད་དོན་ལྟ་སྐུལ་ཞིབ་བཤེར་བྱས་ཡོད། ལྟ་ཞིབ་བྱས་ཚུལ་ལ་བལྟས་ན། ས་གནས་ཁག་གིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀོད་སྒྲིག་ལག་བསྟར་བྱས་ནས་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་གྲོས་ཚོགས་དང་སྲིད་གཞུང་གི་ལས་དོན་སྙན་ཞུའི་ནང་གཏན་འཁེལ་བྱས་པའི་སྲིད་ཇུས་དང་དཔལ་འབྱོར་བརྟན་དུ་གཏོང་བའི་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་བྱེད་མགྱོགས་སུ་བཏང་བ་དང་། ས་གནས་མང་ཆེ་བས་ལེ་ལག་ཚང་བའི་བྱ་ཐབས་བཏོན་ནས་དཔལ་འབྱོར་འཁོར་སྐྱོད་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་བཏང་བས་རྒྱུ་རྐྱེན་མང་དུ་ཕྱིན་པ་དང་ཁྲོམ་རའི་སེམས་ཤུགས་ཆེ་རུ་ཕྱིན་ཡོད། འོན་ཀྱང་ས་གནས་ཁག་གཅིག་ལ་སྲིད་ཇུས་དོན་ཐོག་ཏུ་མི་འཁྱོལ་བ་དང་། “གཅིག་དཔེ་བརྒྱ་འགེབས།” གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་དངུལ་ཆད་གང་བྱུང་དུ་གཅོད་པ་སོགས་ཀྱི་གནད་དོན་ལྷག་ཡོད་ཅེས་བསྟན་འདུག

        གྲོས་ཚོགས་ཐོག་དཔལ་འབྱོར་ཆག་པའི་གནོན་ཤུགས་སྔར་བཞིན་མངོན་གསལ་དོད་པོ་ཡོད་པས་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་ནུས་ལྡན་བྱེད་པ་དང་། ས་གནས་ཁག་གིས་ཕྱོགས་གཅིག་གི་དམངས་འཚོའི་བདེ་སྐྱིད་ཀྱི་འགན་འཁྲི་ཏན་ཏིག་འཁུར་བ་དང་། དུས་ཚོད་ཀྱིས་མི་སྒུག་པའི་ཁ་ཚ་དགོས་གཏུག་གི་འདུ་ཤེས་ཐོག་ནས་དཔལ་འབྱོར་གྱི་སྲིད་ཇུས་སླར་ཡང་ཞིབ་ཕྲ་དང་སླར་ཡང་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་བཏང་སྟེ་དུས་ཚིགས་གཉིས་པར་དཔལ་འབྱོར་ལུགས་མཐུན་ངང་འཕར་རྒྱུ་འགན་ལེན་དང་དཔལ་འབྱོར་འཕར་ཚུལ་བརྟན་དུ་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། དེ་ཡང་གཅིག་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ལྟ་ཞིབ་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་ལན་སློག་པ་དང་དཔེ་མཚོན་གྱི་གནད་དོན་བརྡ་ཁྱབ་གཏོང་དགོས། ཕྱོགས་གང་ཅིའི་ཐད་ནས་གཅིག་ཤེས་ཀུན་གྲོལ་གྱི་བྱ་ཐབས་ཐོག་ནས་ད་ཡོད་ཀྱི་གནད་དོན་རྣམས་གསེད་དཀྲོལ་བྱས་ཏེ་གང་མགྱོགས་དག་ཐེར་ཡོ་བསྲང་བྱ་དགོས། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་དག་ཐེར་བྱས་ཚུལ་ལ་ཞིབ་དཔྱད་བྱེད་པ་མ་ཟད་“དྲ་སྦྲེལ་ཐོག་ལྟ་སྐུལ་ཞིབ་བཤེར་སྣོན་པའི་”བྱ་ཐབས་བརྒྱུད་སྲིད་ཇུས་དོན་འཁྱོལ་ལ་རྒྱུན་མཐུད་རྗེས་འདེད་དང་གནད་དོན་གསར་པ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

        ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཁོངས་སུ་བཅུག་མེད་པའི་ཞིང་ཆེན་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ལོ་འཁོར་གྱི་ལྟ་སྐུལ་ཞིབ་བཤེར་ཆེ་མོ་དང་ཟུང་འབྲེལ་བྱས་ནས་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། གཉིས་ནས་ས་གནས་ཀྱིས་ཁྲོམ་རའི་གཙོ་གཟུགས་འགན་ལེན་དང་ལས་གནས་བརྟན་པོ་དང་ལས་ཞུགས་འགན་ལེན་ལ་དམིགས་ནས་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས། དབྱར་འབྲུའི་འབྲུ་རྡོག་གཅིག་ཀྱང་མ་ལུས་པ་བསྡུ་བའི་འགན་ལེན་དང་། རྡོ་སོལ་དང་གློག་ཤུགས་བརྟན་པོའི་ངང་མཁོ་འདོན་ཐུབ་རྒྱུ་འགན་སྲུང་། ཟོག་གོང་བརྟན་པོ་ཡོང་རྒྱུར་འདེགས་སྐྱོར་བྱེད་དགོས། འགྲིམ་འགྲུལ་ཟོག་འགྲེམས་སྔར་བས་ཤར་བགྲོད་ཐུབ་པ་བྱས་ནས་ལས་འགོ་བསྐྱར་དུ་ཚུགས་ཀྱང་ཐོན་འབོར་གྱི་ཚད་མ་ལོན་པ་དང་མཐུན་སྦྱོར་མིན་པའི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས། གསུམ་ནས་དཔལ་འབྱོར་བརྟན་པོ་ཡོང་བའི་བྱ་ཐབས་རབ་དང་རིམ་པར་ས་གནས་དང་སྡེ་ཚན་གྱིས་ཆ་ལག་ཚང་བའི་སྲིད་ཇུས་དང་ལག་བསྟར་ཞིབ་སྲོལ་ད་དུང་བཏོན་མེད་རིགས་གང་མགྱོགས་འདོན་དགོས། ད་ཐེངས་ཀྱི་ལྟ་སྐུལ་ཞིབ་བཤེར་ཁྲོད་བཏོན་པའི་བསམ་འཆར་དང་གྲོས་འགོར་སྡེ་ཚན་གྱིས་ཞིབ་འཇུག་ནན་ཏན་དང་སྲིད་ཇུས་འཐུས་ཚང་དུ་གཏོང་དགོས་པ་བཅས་ཡིན་པ་རེད།

        གྲོས་ཚོགས་ཐོག་ཕྱི་ཕྱོགས་སྒོ་དབྱེ་ནི་རང་རྒྱལ་གྱི་གཞི་རྩའི་རྒྱལ་ཇུས་ཤིག་ཡིན་པས་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བ་བྱ་རྒྱུ་དེ་དཔལ་འབྱོར་གྱི་ཁྱོན་ཡོངས་དང་ལས་ཞུགས་ཀྱི་ཁྱོན་ཡོངས་གནས་བབ་དང་འབྲེལ་བ་ཡོད་པས་ཕྱི་ཕྱོགས་སྒོ་དབྱེ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་དགོས། ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བའི་སྲིད་ཇུས་བཏོན་པ་དོན་འཁྱོལ་བྱེད་པ་དང་ཆབས་ཅིག་རྒྱབ་སྐྱོར་བྱེད་ཤུགས་ཀྱང་ཆེ་རུ་གཏོང་དགོས་ཞེས་བསྟན་ཡོད། དེ་ཡང་གཅིག་ནས་རིམ་ཁག་ཕྱི་ཕྱོགས་ཉོ་ཚོང་བརྟན་པོ་དང་ཕྱི་དངུལ་བརྟན་པོ་ཡོང་བ་སོགས་ཀྱི་ལམ་སྲོལ་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་ཕྱི་ཕྱོགས་ཉོ་ཚོང་དང་ཕྱི་དངུལ་བརྟན་པོ། ཁེ་ལས་ལས་འགོ་བསྐྱར་ཚུགས་དང་ཐོན་འབོར་བརྟན་པོ། རྣམ་གྲངས་འཛུགས་སྐྲུན་སོགས་ཀྱི་དཀའ་ངལ་མཐུན་སྦྱོར་སྒོ་ནས་ཐག་གཅོད་བྱེད་དགོས། གཉིས་ནས་ཕྱིར་གཏོང་ཁྲལ་སློག་གི་ཡིད་རྟོན་ཡག་པོ་ཡོད་པའི་ཁེ་ལས་ལ་དུས་མཚམས་རང་བཞིན་གྱི་ལས་ཀའི་ཉིན་གྲངས་3གྱི་ནང་དཔྱ་ཁྲལ་ཕྱིར་སློག་གནས་ལ་འཁེལ་བ་དང་། སྤུས་ལེགས་ཐོན་རྫས་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ། གྲུ་ཁའི་དངོས་ཟོག་འདོན་འཇུག་དབོར་འདྲེན་དང་འགག་སྒོ་སྒྲོལ་བའི་ལས་ཕྱོད་མགྱོགས་སུ་གཏོང་བ། རྒྱལ་སྤྱིའི་ཐོན་ལས་འབྲེལ་ཐག་དང་མཁོ་སྤྲོད་འབྲེལ་ཐག་བརྟན་པོ་ཡོང་རྒྱུ་རྒྱུན་འཁྱོངས་བྱེད་པ། དུས་མཚམས་རང་བཞིན་གྱི་སྒོ་ནས་གྲུ་ཁའི་འབྲེལ་ཡོད་གྲོན་དངུལ་བསྡུ་ལེན་ཆག་ཡང་དང་རྩ་ཆག་གཏོང་བར་ཞིབ་འཇུག་བྱ་དགོས། གསུམ་ནས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཡིད་འགུགས་གང་ཐུབ་བྱས་ནས་ཁྲོམ་ར་ཅན་དང་། ཁྲིམས་སྐྱོང་ཅན། རྒྱལ་སྤྱི་ཅན་བཅས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་དེ་དབུས་ནུབ་རྒྱུད་ཀྱི་ཕྱི་རྒྱལ་ཚོང་པའི་མ་འཇོག་བཟོ་སྐྲུན་ལས་རིགས་ཀྱི་སྐུལ་ལྕག་རིགས་ཀྱི་དཀར་ཆག་མང་དུ་གཏོང་དགོས་པ་བཅས་ཡིན་པ་རེད།

        གྲོས་ཚོགས་ཐོག་བྱ་དོན་གཞན་དག་ལ་ཞིབ་འཇུག་བྱས་ཡོད་པ་རེད།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1