ལིའུ་ཕིང་གིས་ཚོ་བདུན་ཡུལ་ཚོའི་མང་ཚོགས་ལ་འཚམས་འདྲི་གནང་།

རྩོམ་སྒྲིག་པ།ཚེ་དཔལ།ཡོང་ཁུངས།རྔ་བའི་བོད་སྐད་བརྙན་འཕྲིན། སྤེལ་དུས། 06-14




 

ལིའུ་ཕིང་གིས་འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོའི་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་

གནང་སྐབས་བསྟན་དོན། 

 

མང་ཚོགས་དཀའ་ངལ་ལ་འཕྲད་དུས་ཏང་ཡོན་ལས་བྱེད་པས་ནུས་ཤུགས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་སྲུང་སྐྱོང་བྱ་དགོས།




       ཟླ་6ཚེས་11ཉིན། ཁུལ་ཨུའི་ཧྲུའུ་ཅི་ལིའུ་ཕིང་འབར་ཁམས་གྲོང་ཁྱེར་ཚོ་བདུན་ཡུལ་ཚོའི་ས་རྫོང་སྡེ་བ་དང་ཅུས་སྡེ་བ་སོགས་སྡེ་བ་དང་རུ་སྐོར་གྱི་དུད་ཚང་གི་ཁྱིམ་དུ་ཕེབས་ནས་གནོད་ཐེབས་མང་ཚོགས་ལ་འཚམས་འདྲི་གནང་སྟེ། གནོད་ཐེབས་མང་ཚོགས་ཀྱི་ཟས་གོས་དང་ཡུལ་དངོས་ནས་དངོས་རྫས་སྐྱེལ་འདྲེན་བྱེད་པ། གློག་བཀོལ་སྤྱོད་དང་གཞུང་ལམ་ཞིག་གསོ་སོགས་ཀྱི་ལས་ཀར་རྒྱུས་ལོན་གནང་།

 

       ལིའུ་ཕིང་གིས་བསྟན་དོན། ཁུལ་ཡོངས་ཀྱི་རིམ་པ་ཁག་གི་ཏང་ཡོན་ལས་བྱེད་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་རྒུད་སྐྱོབ་ཀྱི་ལས་ཀའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ནན་མོ་བྱ་དགོས་ལ། དུས་དང་རྣམ་པ་ཀུན་ཏུ་སེམས་ཁྲལ་བྱེད་པའི་འགན་འཁྲིའི་འདུ་ཤེས་ལ་བརྟེན་ཏེ། ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སེམས་ལ་བཟུང་ནས། དཀའ་ངལ་གདོང་གིས་བསུ་བ་དང་། ལྷག་བསམ་རྣམ་དག རང་འགུལ་གྱིས་ལས་ཀ་བསྒྲུབ་པ་བཅས་བྱས་ཏེ། མང་ཚོགས་ཀྱི་དཀའ་ངལ་དང་གནད་དོན་སེལ་ནས། གནོད་ཐེབས་མང་ཚོགས་ཚང་མར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་ཚོར་དུ་འཇུག་དགོས་ཤིང་། མང་ཚོགས་ཀྱིས་རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་འཐབ་བྱེད་པར་སྣེ་ཁྲིད་བྱས་ཏེ། དཔུང་བ་མཉམ་གཤིབ་ཀྱིས་དཀའ་ངལ་ཁྱད་གསོད་དང་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་བསྐྱར་སྐྲུན་བྱ་དགོས།

       གློ་བུར་དུ་བྱུང་བའི་རང་བྱུང་གནོད་འཚེའི་མདུན་དུ་གནོད་ཐེབས་མང་ཚོགས་ལ་འདུག་ས་བཀོད་སྒྲིག་ཡག་པོ་བྱེད་མིན་ནི་མི་དམངས་གཙོ་བོར་འཛིན་པའི་འཕེལ་རྒྱས་ཀྱི་འདུ་ཤེས་ལག་བསྟར་བྱེད་པའི་ཚོད་བགམ་ཡིན་ཏེ། ལིའུ་ཕིང་གིས་གནོད་ཐེབས་མང་ཚོགས་ལ་འདུག་ས་བཀོད་སྒྲིག་བྱས་པའི་གནས་ཚུལ་དང་གཞི་རྩའི་འཚོ་བར་འགན་ལེན་ཡོད་མེད་ལ་ཐུགས་ཁུར་ཆེན་པོ་གནང་བཞིན་ཡོད། ལིའུ་ཕིང་གིས་ས་རྫོང་སྡེ་བ་དང་ཅུས་སྡེ་བའི་གནོད་ཐེབས་མང་ཚོགས་ཀྱི་འདུག་ས་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་། ལིའུ་ཕིང་གིས་ལོ་99ཡིན་པའི་ས་རྫོང་སྡེ་བའི་ལྷ་མོ་དང་ལོ་85ཡིན་པའི་ཅུས་སྡེ་བའི་རྒྱ་མ་ལ་གླེང་མོལ་བྱེད་སྐབས་ང་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ན་དཀའ་ངལ་ཁྱད་གསོད་བྱེད་ཐུབ་ཅེས་གསུངས། ཏང་ནང་དུ་ཞུགས་ནས་ལོ་45འགོར་ཞིང་ད་ལོ་ལོ་84ཡིན་པའི་ཏང་ཡོན་རྒན་པ་ཚེ་རིང་ཐར་དང་འཕྲད་སྐབས་ལིའུ་ཕིང་གིས་སེམས་ཁྲལ་ཆེན་པོས་ཁོང་གི་ལུས་པོ་བདེ་ཐང་ཡིན་མིན་དྲིས། གླེང་མོལ་གནང་སྐབས་ལིའུ་ཕིང་གིས་ཚེ་རིང་ཐར་ནི་གུང་ཁྲན་ཏང་ཡོན་ཞིག་ཡིན་པའི་ངོས་ནས་འགན་འཁྲི་ཁུར་བར་གདེང་འཇོག་གནང་བར་མ་ཟད། གཞི་རིམ་གྱི་ལས་ཀའི་ཡུལ་དངོས་ཀྱི་ན་གཞོན་ཏང་ཡོན་ཚོས་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་རྒྱུད་འཛིན་དང་དར་སྤེལ་བཏང་ནས། ལས་ཀ་སྒྲུབ་མཁན་གཙོ་བོའི་ནུས་པ་དང་དཔེ་སྟོན་གྱི་ནུས་པ་འདོན་སྤེལ་བྱས་ཏེ། ཚང་མར་སྣེ་ཁྲིད་ནས་རང་སྟོབས་རང་སྤེལ་དང་། མཐུན་སྒྲིལ་རོགས་རེས། སེམས་ནུས་གཅིག་སྒྲིལ་བཅས་བྱས་ཏེ་དཀའ་ངལ་ཁྱད་གསོད་བྱེད་པར་སྐུལ་མ་བཏང་།  

 

       བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་དང་མི་རིགས་ཀྱི་རེ་བ་ཡིན་ཞིང་། བྱིས་པ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་འོས་འགན་དང་འགན་འཁྲི་རེད། ཚོ་བདུན་ཡུལ་ཚོ་ལྟེ་བའི་སློབ་ཆུང་དུ་ལིའུ་ཕིང་འཁོར་དང་བཅས་པ་གནོད་ཐེབས་པའི་སློབ་ཁང་དང་། ཟ་ཁང་། ཉལ་ཁང་བཅས་སུ་ཕེབས་ཏེ། ཁང་བར་གནོད་པ་ཐེབས་ཚད་གཟིགས་ཞིབ་དང་། ས་གནས་ཀྱི་སློབ་མར་གནས་སྐབས་སུ་འདུག་ས་བཀོད་སྒྲིག་བྱས་པའི་གནས་ཚུལ་ལ་རྒྱུས་ལོན་གནང་བར་མ་ཟད་སློབ་མ་དང་བརྩེ་བའི་གླེང་མོལ་མཛད། ལིའུ་ཕིང་གིས་སློབ་མ་རྣམས་ལ་ཁྱིམ་དུ་གནོད་པ་ཐེབས་ཡོད་མེད་དང་། སྦྲ་གུར་ནང་དུ་བསྡད་ན་ཅི་འདྲ་ཡིན་པ། སློབ་གྲྭའི་ཉེ་ཆར་གྱི་ཟ་མ་ཅི་འདྲ་ཡིན་པ་སོགས་དྲིས། གླེང་མོལ་བྱེད་པའི་གོ་རིམ་ཁྲོད་ལིའུ་ཕིང་གིས་སློབ་མ་རྣམས་ལ་སེམས་ཁྲལ་བྱེད་མི་དགོས་ཏེ། ཏང་ཨུ་དང་སྲིད་གཞུང་གི་ལས་བྱེད་པ་དང་སློབ་གྲྭའི་དགེ་རྒན་གྱིས་ཁྱེད་ཚོར་ལྟ་རྟོག་དང་སྲུང་སྐྱོང་ཡག་པོ་བྱེད་ངེས་ཡིན། ཚང་མས་ས་འགུལ་གྱི་དཀའ་ངལ་ཁྱད་གསོད་བྱས་ནས་སློབ་སྦྱོང་ཡག་པོ་དང་ཡར་རྒྱས་བཏང་སྟེ། རྒྱལ་ཁབ་དང་སྤྱི་ཚོགས། ཕ་ཡུལ་བཅས་ཀྱི་བདག་པོར་འགྱུར་བའི་རེ་བ་ཡོད་ཅེས་སྐུལ་མ་བཏང་། བཅར་འདྲི་བྱེད་པའི་གོ་རིམ་ཁྲོད་ལིའུ་ཕིང་གིས་ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་ལ་བྱིས་པ་ནི་མེས་རྒྱལ་གྱི་མ་འོངས་པའི་བདག་པོ་རེད།  སློབ་མའི་ཚེ་སྲོག་གི་བདེ་འཇགས་གཙོ་བོར་བཟུང་ནས་སློབ་གྲྭའི་བདེ་འཇགས་ཀྱི་གནད་དོན་ལ་མཐོང་ཆེན་བྱས་ཏེ། སློབ་མའི་རྒྱུན་ལྡན་གྱི་འཚོ་བ་དང་སློབ་སྦྱོང་ལ་བཀོད་སྒྲིག་ཡག་པོ་བྱ་དགོས་ཤིང་། སློབ་གྲྭའི་ནང་གི་མཁོ་བསྟུན་གྲ་སྒྲིག་ལས་ཀ་ཡག་པོ་བསྒྲུབས་ནས། སློབ་མ་རྣམས་སློབ་གྲྭའི་ནང་དུ་ཡོད་དུས་བདེ་འཇགས་ཡིན་པར་ཁག་ཐེག་ནན་མོ་བྱ་དགོས་ཞེས་མངགས་བཅོལ་གནང་། 

       ཚོ་བདུན་དགོན་དུ་འབྱོར་སྐབས་ལིའུ་ཕིང་འཁོར་དང་བཅས་པས་ཡུལ་དངོས་སུ་དགོན་པར་གནོད་པ་ཐེབས་པའི་གནས་ཚུལ་དང་གྲྭ་བ་རྣམས་ལ་འདུག་ས་བཀོད་སྒྲིག་བྱས་པའི་གནས་ཚུལ་ཡར་ཞུ་བྱས་པར་གསན། ལིའུ་ཕིང་གིས་ས་གནས་ཀྱི་གྲྭ་བ་དང་གླེང་མོལ་བྱེད་སྐབས་ཏང་ཨུ་དང་སྲིད་གཞུང་གིས་གནོད་ཐེབས་གྲྭ་བ་རྣམས་ལ་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད། དགོན་པ་དང་གྲྭ་བས་རང་སྟོབས་རང་སྤེལ་དང་རང་འགུལ་ངང་ལས་ཀ་བསྒྲུབས་ཏེ། ཏང་ཨུ་དང་སྲིད་གཞུང་གི་འགོ་ཁྲིད་འོག་གནོད་འགོག་རྒུད་སྐྱོབ་དང་གནོད་རྗེས་བསྐྱར་སྐྲུན་གྱི་ལས་ཀ་ཡག་པོ་བསྒྲུབ་པའི་རེ་བ་ཡོད། ས་གནས་ཀྱི་ཏང་ཨུ་དང་སྲིད་གཞུང་དང་འབྲེལ་ཡོད་ལས་ཁུངས་གྱིས་གྲྭ་བཙུན་ལ་གནོད་པ་ཐེབས་རྗེས་ཀྱི་དཀའ་ངལ་སེལ་རོགས་བྱས་ཏེ། དངོས་ཐོག་བདེན་འཚོལ་གྱིས་གནོད་ཐེབས་གནས་ཚུལ་ལ་རྒྱུས་ལོན་དང་གནོད་ཐེབས་གནས་ཚུལ་ཡར་ཞུ་སོགས་བྱས་ཏེ། དུས་ལྟར་གྲྭ་བཙུན་ལ་སེམས་གསོ་དང་འཚམས་འདྲི་བྱས་ནས། གྲྭ་བཙུན་གྱིས་སེམས་ལྷོད་ལ་བབས་ནས་འཚོ་བ་རོལ་བ་དང་སྒོམ་སྒྲུབ་བྱེད་པར་ཁག་ཐེག་བྱ་དགོས་ཞེས་གསུངས། 

       ཉིན་དེའི་ཕྱི་དྲོའི་ཆུ་ཚོད་བཞིའི་ཐོག གནོད་ཐེབས་ས་ཁུལ་ལ་ཆར་བ་བབས་པས། ལིའུ་ཕིང་ཡུལ་དངོས་ཀྱི་བཀོད་འདོམས་པུའུ་ཡི་ཉེ་འཁོར་དུ་ཕེབས་ནས་ཆུ་རགས་ཀྱི་བདེ་འཇགས་དང་གནོད་འགོག་གི་གྲ་སྒྲིག་ལས་ཀར་རྒྱུས་ལོན་མཛད། ལིའུ་ཕིང་གིས་བསྟན་དོན། མིག་སྔར་ཁུལ་ཡོངས་སུ་མུ་མཐུད་དུ་ཆར་བ་དབབ་རྒྱུ་ཡིན་ལ། ཆུ་ལོག་དང་འདམ་རྡོའི་ཆུ་རུད། རི་ཉིལ་བ་སོགས་ས་གཤིས་ཀྱི་གནོད་འཚེ་འབྱུང་སླ་བས་གནོད་འགོག་རྒུད་སྐྱོབ་ཀྱི་འོས་འགན་ཆེན་པོ་རེད། རིམ་པ་ཁག་གི་སྡེ་ཁག་སོ་སོས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དང་ཁུལ་ཨུའི་ལས་ཀའི་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། སྔོན་འགོག་ནི་རྒུད་སྐྱོབ་དང་བསྡུར་ན་གལ་ཆེན་ཡིན་པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས། ཞོད་འགོག་དང་ཉེན་སྐྱོབ། རྒུད་སྐྱོབ་བཅས་ལ་གྲ་སྒྲིག་བྱ་དགོས། ཉེན་ཁའི་འདུ་ཤེས་དང་། མ་མཐའི་ཚད་ཐིག་གི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། དུས་རྒྱུན་སྐོར་ཞིབ་དང་ཉེན་ཁ་ཆེ་སར་ཞིབ་བཤེར། ལྟ་སྐུལ་དོ་དམ་ནན་མོ། ཉེན་ཁར་བཅོས་སྐྱོང་བཅས་བྱེད་ཤུགས་ཆེ་རུ་བཏང་ནས། མཁོ་བསྟུན་ཉེན་གཡོལ་གྱི་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་། དངོས་པོའི་ཐད་ནས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་བ། མཁོ་བསྟུན་རོགས་སྐྱོར་ལ་གྲ་སྒྲིག་ཡག་པོ་བཅས་བྱས་ཏེ། ཡང་བསྐྱར་གནོད་འཚེ་འབྱུང་བར་བརྟེན་ནས་མི་སྣ་རྐྱེན་ལམ་དུ་ཤོར་བ་དང་རྨས་སྐྱོན་འབྱུང་བར་སྔོན་འགོག་ནན་མོ་བྱ་དགོས། འགན་འཁྲིའི་འདུ་ཤེས་ཇེ་ཟབ་ཏུ་བཏང་ནས་ཁོངས་གཏོགས་འགན་འཁྲི་ནན་མོ་འཁུར་དགོས་ལ། རང་འགུལ་གྱིས་གཞི་རིམ་གྱི་ལས་ཀའི་ཡུལ་དངོས་སུ་བསྐྱོད་དེ་ཉེན་ཁར་ཞིབ་བཤེར་དང་དཀའ་ངལ་སེལ་ནས། བཅོས་སྐྱོང་གི་འགན་འཁྲི་དང་། ལྟ་ཞིབ་ཀྱི་འགན་འཁྲི། ཉེན་བརྡའི་འགན་འཁྲི། གནས་སྤོར་གྱི་འགན་འཁྲི། འདུག་ས་བཀོད་སྒྲིག་གི་འགན་འཁྲི་བཅས་དོན་འཁྱོལ་གང་ལེགས་བྱ་དགོས།  

       ཁུལ་གྱི་འབྲེལ་ཡོད་འགོ་ཁྲིད་དང་ཁུལ་རིམ་པའི་འབྲེལ་ཡོད་ལས་ཁུངས་གྱི་འགན་འཁུར་བ་འཚམས་འདྲིར་ཞུགས་ཡོད་དོ།།


དྲ་ཚིགས་འདིའི་པར་དབང་གངས་ལྗོངས་ཉི་གཞོན་དྲ་བར་དབང་བས་ཕན་ཚུན་ལ་དབང་བཅོལ་མ་བྱས་གོང་རང་དགར་མི་སྤྱོད་པར་མཁྱེན།
དྲ་ཚིགས་དཔང་རྟགས། 蜀ICP备14009601号-1