ཤྭ་བ་སྐེ་རིང་ཅིའི་ཕྱིར་སྐེ་རིང་པོར་འཕེལ་འགྱུར་བྱུང་བ་རེད། འདི་ནི་འཕེལ་འགྱུར་སྐྱེ་དངོས་རིག་པའི་མཚོན་བྱེད་རང་བཞིན་གྱི་བརྗོད་གཞི་རེད། ཉེ་ཆར། ལོ་ངོ་ཁྲི་1700སྔོན་གྱི་ཤྭ་བ་སྐེ་རིང་ཞིག་སྟེ། ཤྭ་བ་ནག་ཁྲར་ཞིབ་འཇུག་བྱས་པ་བརྒྱུད། ཚན་རིག་པས་ཤྭ་བ་སྐེ་རིང་གི་སྐེ་རིང་པོར་འཕེལ་འགྱུར་བྱུང་བའི་གསང་གནད་ཀྱི་འགག་རྩའི་སྒུལ་ཤུགས་གསལ་སྟོན་བྱས་ཡོད། ཚེས་3ཉིན་འབྲེལ་ཡོད་གྲུབ་འབྲས་རྒྱལ་སྤྱིའི་དབང་གྲགས་དུས་དེབ《ཚན་རིག》ཐོག་སྤེལ་ཡོད།
རྩོམ་ཡིག་དེའི་རྩོམ་པ་པོ་དང་པོ་ཀྲུང་གོའི་ཚན་རིག་ཁང་གནའ་བོའི་སྒལ་ཚིགས་སྲོག་ཆགས་དང་གནའ་བོའི་མིའི་རིགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝང་ཧྲི་ཆི་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ད་ཐེངས་ཞིབ་འཇུག་བྱས་པའི་ཤྭ་བ་ནག་ཁྲའི་འགྱུར་རྡོ་དེ་ཞིན་ཅང་ཇུན་གར་གཤོང་སའི་བྱང་མཐའ་ནས་རྙེད་ཅིང་། དེའི་ནང་མཇིང་ཚིགས་4ཡོད་པའི་ཀླད་པ་ཆ་ཚང་ཞིག་ཡོད་པ་རེད། ཞིབ་འཇུག་བྱས་པ་ལྟར་ན། དེའི་མཇིང་ཚིགས་རེ་རེར་སྦོམ་ཞིང་རྒྱས་པར་མ་ཟད། འོ་འཐུང་སྲོག་ཆགས་ཁྲོད་ཀྱི་ཆེས་རྙོག་འཛིང་ཆེ་བའི་སྐེ་ཚིགས་ཡོད་པ་རེད། གྲུབ་ཚུལ་འདིའི་རིགས་ནི་རྭ་འཛིང་རྒྱག་པར་འཚམ་པས། ཤྭ་བ་ནག་ཁྲ་ལ་རྭ་འཛིང་དྲག་པོ་རྒྱག་པའི་བྱ་སྤྱོད་ཡོད་པ་མཚོན་ཐུབ།
“སྐབས་དེ་དུས་ཤྭ་བ་ནག་ཁྲ་འཚོ་སྡོད་ཀྱི་ཡངས་ཤིང་རྒྱ་ཆེ་བའི་རྩྭ་ཐང་བལྟོས་བཅས་ཀྱིས་ས་གཤིས་ཞན་པས་ནགས་ཚལ་གྱི་ཁོར་ཡུག་དང་བསྡུར་ན་སྐྱིད་པོ་མེད། དེ་ལས་བྱུང་བའི་འཚོ་གནས་གནོན་ཤུགས་ཀྱིས་བཟའ་ཟླ་འཚོལ་བའི་འགྲན་རྩོད་ལ་སྐུལ་མ་ཐེབས་སྲིད།” ཝང་ཧྲི་ཆི་ཡིས། རྡུང་རྡེག་ལ་འཚམ་པའི་སྐེ་ནི་ཤྭ་བ་ནག་ཁྲས་འཛིང་རེས་བྱེད་པའི“མཚོན་ཆ”ཡིན། ཤྭ་བ་སྐེ་རིང་གིས་བཟའ་ཟླ་འཚོལ་སྐབས་སྐེ་རིང་པོ་གཡུག་པ་དང་། མཐུག་ཅིང་རུས་སྐྲན་ལྡན་པའི་མགོ་རུས་ཀྱིས་འགྲན་ཟླ་ལ་རྡུང་རྡེག་གཏོང་གི་ཡོད་ཅེས་བཤད། དེ་གཉིས་ཀའི་རྒྱུད་ཆ་འདྲ་ལ། འཕེལ་འགྱུར་བྱུང་བའི་ཁོར་ཡུག་གི་རྒྱབ་ལྗོངས་འདྲ་བ་དང་། འཕེལ་འགྱུར་བྱུང་ཐབས་ཀྱང་གཅིག་མཚུངས་ཡིན། ཤྭ་བ་ནག་ཁྲ་ལ་ཞིབ་འཇུག་བྱས་པ་དེས་དེ་སྔོན་མཁས་པ་ཞིག་གིས་ཤྭ་བ་སྐེ་རིང་གི་སྐེ་རིང་པོ་སྐྱེས་པ་དེ་ཕོ་རིགས་བར་བཟའ་ཟླ་འཚོལ་བའི་འགྲན་རྩོད་ཀྱིས་སྐུལ་འདེད་བྱས་པ་ལས་བྱུང་བའི་ལྟ་བར་རྒྱབ་སྐྱོར་བྱས་ཡོད།
རྨང་གཞི་དེའི་ཐོག་ད་ཐེངས་ཀྱི་ཞིབ་འཇུག་ལས་རིག་པའི་ལས་རིགས་སུ་ཤྭ་བ་སྐེ་རིང་གི་འཕེལ་འགྱུར་ཁྲོད་ཀྱི་ལྟ་ཚུལ་གཉིས་ཏེ། འཕེལ་འགྱུར་སྒུལ་ཤུགས་ནི་ཟས་འཚོལ་བའི་གནོན་ཤུགས་དང་བཟའ་ཟླ་འཚོལ་བའི་འགྲན་རྩོད་ནས་ཐོན་པ་གཉིས་གཅིག་གྱུར་བྱས་པ་ཞིག་རེད། “ཤྭ་བ་སྐེ་རིང་རིགས་ཀྱི་སྐྱེ་ཁམས་གནས་ནི་བ་གླང་གི་ཚན་ཁག་དང་ཤྭ་རིགས་སོགས་ལས་ལྷག་པར་མཐའ་འགྱུར་ཅན་རེད། མཐའ་འགྱུར་ཅན་གྱི་སྐྱེ་ཁམས་གནས་འདིས་རིགས་རྒྱུད་ནང་གི་ཐལ་དྲགས་པའི་བཟའ་ཟླ་འཚོལ་བའི་འགྲན་རྩོད་ལ་སྐུལ་འདེད་བཏང་བ་དང་། ཐལ་དྲགས་པའི་བཟའ་ཟླ་འཚོལ་བའི་འགྲན་རྩོད་ཀྱིས་ཐལ་དྲགས་པའི་རྣམ་པ་རིག་པའི་འཕེལ་འགྱུར་ལ་སྐུལ་འདེད་བཏང་ཡོད”ཅེས་ཝང་ཧྲི་ཆི་ཡིས་བཤད།
འདི་ལྟ་བུའི་གནས་ཚུལ་ལ་ཚོད་དཔག་བྱེད་ཆོག་སྟེ། ལོ་ངོ་ཁྲི་700ཡི་སྔོན་དུ། ཧྥེ་གླིང་ཤར་མའི་མཐོ་སྒང་དེ་ནགས་ཚལ་ཁོར་ཡུག་ནས་རྒྱ་ཆེ་བའི་རྩྭ་ཐང་དུ་གྱུར་བ་དང་། གནའ་སྔ་མོའི་ཤྭ་བ་སྐེ་རིང་འཚོ་གནས་བྱེད་སའི་ཁོར་ཡུག་རིམ་བཞིན་མེད་པར་གྱུར་ཏེ་དེ་དག་ལ་ངེས་པར་དུ་འགྱུར་ལྡོག་གསར་པར་འཚམ་པོ་ཡོང་བར་སྐུལ་འདེད་བྱས་པ་རེད། མ་གཞི་གཟུགས་པོ་ཅུང་ཆེ་བའི་ཤྭ་བ་སྐེ་རིང་གིས་དུས་སྐབས་འདིར་སྐེ་གཡུག་པ་དང་མགོ་སྤྱད་དེ་འགྲན་ཟླར་ཕར་རྒོལ་བྱེད་པའི་བྱེད་སྟངས་འཕེལ་རྒྱས་གཏོང་ཡོད་སྲིད། འཛིང་རེས་བྱེད་སྟངས་དྲག་པོ་དེ་དག་ལ་བརྟེན་ནས། ལོ་ངོ་ཁྲི་200ཡི་དུས་ཚོད་ནང་ཤྭ་བ་སྐེ་རིང་གི་སྐེ་མགྱོགས་མྱུར་ངང་རིང་དུ་ཕྱིན་ནས་ད་ཆ་སྐྱེས་པའི་ཤྭ་བ་སྐེ་རིང་གི་ཁོངས་སུ་གྱུར། དེར་བརྟེན་མཐོ་སའི་སྡོང་ལོ་ལེན་པའི་བལྟོས་བཅས་ཀྱི་མཐའ་མཚམས་ཅན་བཟུང་ཡོད་མོད། འོན་ཀྱང་ཕུན་སུམ་ཚོགས་པའི་སྐྱེ་ཁམས་གནས་བསྩལ་ཡོད།